བློ་རིག ཡུལ་རྟོགས་པའི་ཚུལ།

ང་ཚོས་ཆོས་གང་རུང་ཞིག་ཅི་ལྟར་ཤེས་སམ་ཞེ་ན། དབང་པོའམ་ཡང་ན་བསམ་བློ་བརྒྱུད་ནས་ཆོས་རྣམས་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོས་གང་མཐོང་བ་དང་། ཐོས་པ། ཡང་ན་བསམ་པ་ཚང་མ་ཏག་ཏག་མ་ནོར་བ་ཡང་དག་པ་ཞིག་མིན་པ་མ་ཟད། ང་ཚོ་ཡང་སེ་གང་མཐོང་བ་ལ་དེ་ཙམ་ངེས་བརྟན་ཞིག་མེད་པ་དང་སྐབས་འགར་ང་ཚོས་གང་བསམ་པ་དེའང་འདི་དང་དེ་ཞེས་ངེས་བརྟན་ཞིག་མེད། ཡུལ་རྟོགས་ཚུལ་གྱི་བློ་རིག་ནི་ང་ཚོས་ཡུལ་རྣམས་ཚུལ་བཞིན་(ཏག་ཏག་མ་ནོར་བ་)དང་ངེས་པའི་(ཐག་ཆོད་པོ)སྒོ་ནས་རྟོགས་པའི་ཚུལ་སྣ་ཚོགས་པ་དང་འབྲེལ་བའི་བརྗོད་གཞི་ཞིག་རེད། དེ་ནི་ནང་པའི་སེམས་ཀྱི་ས་ཁྲའི་ཆ་ལག་ཆེ་བ་ཞིག་ཡིན་པ་རེད།

སེམས་ཀྱི་བྱེད་ལས། 

རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་མདོ་སྡེ་པའི་ལུགས་ལྟར་བྱས་ན། བློ་རིག་ལ་བདུན་ཡོད་པར་གསུངས་ཏེ། དེ་བདུན་པོ་ཞིབ་ཕྲར་རྟོགས་པར། ཐོག་མར་ང་ཚོས་ཡུལ་རྟོགས་ཚུལ་གྱི་བློ་རིག་ཟེར་བ་དེ་གང་ཡིན་ཤེས་དགོས། བློ་རིག་ནི་སེམས་ཀྱི་བྱེད་ལས་ཀྱི་རྣམ་པ་ཞིག་ཡིན་པ་དང་སེམས་ཀྱི་བྱེད་ལས་ནི་ནང་ཆོས་ནང་ “སེམས་” ཞེས་པའི་ཐ་སྙད་དེ་ལ་གོ་བ་ཡིན། ང་ཚོའི་སེམས་ཀྱི་བྱེད་ལས་ནི་ཁེར་རྐྱང་དང་། ཐོག་མ་མེད་པ། མཐའ་མ་མེད་པ། བར་མ་ཆད་པར་མུ་མཐུད་ནས་འགྲོ་བ། རྟག་ཏུ་ཤེས་པས་ཡུལ་ཞིག་འཛིན་པ་སྟེ། དེ་ནི་དམིགས་གཏད་ཀྱི་ཡུལ་དེ་རེད། སྤྱིར་བཏང་དེས་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ནམ་སེམས་ཀྱི་རྣམ་པ་ཞིག་བསྐྲུན་པའི་སྒོ་ནས་ཤེས་པས་ཡུལ་ཞིག་འཛིན་གྱི་ཡོད། དེ་ནི་ཤེས་པའི་སྒོ་ནས་འཇུག་པ་དང་དུས་གཅིག་པ་ཡིན་པ་དང་འདྲ་མཚུངས་ཡིན། སེམས་ཀྱི་བྱེད་ལས་ཀྱིས་འདི་བྱེད་མཁན་གྱི་ “བདག་” ཅེས་བྱ་བ་གཞན་ལ་ལྟོས་མེད་ཀྱི་རང་དབང་བ་ཞིག་མེད་པའི་སྒོ་ནས་འཛིན་གྱི་ཡོད་པའམ། ཡང་ན་ “བདག་” དེས་བྱེད་པར་བཀོལ་སྤྱོད་བྱེད་པའི་གཞན་ལ་ལྟོས་མེད་རང་དབང་བའི་སེམས་མེད་པའི་སྒོ་ནས་བྱེད་ཀྱི་ཡོད། བློ་རིག་བདུན་ནི་ཡུལ་དང་འབྲེལ་བའི་སེམས་ཀྱི་རིགས་ཡིན། དེ་དག་བདུན་ནི།

༡༽ མངོན་སུམ།

༢༽ རྗེས་དཔག

༣༽ བཅད་ཤེས།

༤༽ སྣང་ལ་མ་ངེས་པ།

༥༽ ཡིད་དཔྱོད།

༦༽ ཐེ་ཚོམ།

༧༽ ལོག་ཤེས་བཅས་ཏེ་བདུན་ནོ།།

Top