སེམས་དང་སེམས་བྱུང་ལྔ་བཙུ་རྩ་གཅིག

བརྙན་པར། རོ་བྷི་ན་ ཁར་ཊཱིན། “སོ་སོ་རང་ཉིད་ཀྱི་གསོ་དཔྱད་པ་ཞིག་བྱེད་དགོས།” 

སེམས་ཀྱི་བྱེད་ལས་ལྟ་བུའི་སེམས།

ནང་པའི་མཚན་ཉིད་འཇོག་ཚུལ་ལྟར་བྱས་ན། སེམས་ཞེས་བྱ་བ་ནི་གསལ་ཞིང་རིག་པ་ཙམ་དེ་ཡིན་པ་དང་། དེ་ནི་མྱོང་བའི་སོ་སོ་བ་དང་ཡུལ་ཅན་སེམས་ཀྱི་བྱེད་ལས་ལ་གོ་བ་ཡིན། གསལ་བའི་དོན་ནི་ཆོས་རྣམས་ཤེས་པའི་སྣང་ངོར་འཆར་བ་དེ་རེད། དེ་ནི་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་དང་འདྲ་བ་རེད། རིག་པ་ནི་རང་ཡུལ་ལ་འཇུག་པའི་དོན་རེད། ཙམ་སྒྲའི་དོན་ནི་བྱ་བ་འདི་ལ་སྟངས་འཛིན་དང་བརྟག་ཞིབ་གང་རུང་བྱེད་མཁན་གྱི་ “ང་” གཅིག་པུ་བ་འདི་ལོགས་སུ་ཤུགས་རྐྱེན་མེད་པའི་སྒོ་ནས་འབྱུང་གི་ཡོད་པ་སྟོན་གྱི་ཡོད། “ང་” ནི་ཡོད་པ་རེད། འོན་ཀྱང་དེ་ནི་ཆོས་རྣམས་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བའི་སྐད་ཅིག་སྐད་ཅིག་གི་མྱོང་བའི་རྒྱུན་ལ་གཞི་བྱས་ནས་མིང་དུ་བཏགས་པ་ཙམ་གྱིས་ “ང་” དེ་ཡོད་པ་རེད། 

ཆོས་གང་ཞིག་ཤེས་པའི་ཚུལ།

ཆོས་གང་ཞིག་ཤེས་པའི་ཚུལ་གྱི་ནང་སེམས་ཀྱི་བྱེད་ལས་ཀྱི་རིགས་ཆ་ཚང་འཚུད་ཀྱི་ཡོད། དེ་དག་གི་ནང་།

  • རྣམ་ཤེས།
  • སེམས་བྱུང་། 

མདོ་སྡེ་པ་དང་སེམས་ཙམ་པའི་གྲུབ་མཐའི་ལུགས་ལྟར་བྱས་ན། དེ་དག་གི་སྟེང་ལ་རིགས་གསུམ་པ་ཞིག་ཁ་སྣོན་བྱེད་ཀྱི་ཡོད་པ་ནི།

  • རང་རིག

རང་རིག་ཁོང་རང་ནི་རྟག་ཏུ་རྟོག་མེད་ཀྱི་ངོ་བོར་གནས་ཀྱི་ཡོད་ནའང་། དེ་ལ་ཡུལ་གྱི་རྟོག་བཅས་དང་རྟོག་མེད་ཀྱི་ཤེས་པའི་སྐད་ཅིག་ཚང་མ་དང་མཉམ་དུ་འགྲོགས་ཀྱི་ཡོད། དེས་ཤེས་པའི་གཞན་རིག་སྟེ། རྣམ་ཤེས་དང་སེམས་བྱུང་རྣམས་དང་དེ་དག་གི་ཚད་མའི་རང་བཞིན་ལའང་དམིགས་པ་དང་རྟོགས་ཀྱི་ཡོད། དེས་གང་དུ་དམིགས་སའི་རྣམ་ཤེས་དང་སེམས་བྱུང་གི་ཡུལ་རྣམས་རྟོགས་ཀྱི་མེད། དེས་གང་རྟོགས་པའི་རྣམ་ཤེས་ལ་ཡོད་པའི་བག་ཆགས་ཀྱི་ལྡན་མིན་འདུ་བྱེད་ཀྱི་ས་བོན་འདེབས་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་རྗེས་ཐོགས་ཀྱི་དྲན་པ་འབྱུང་བར་བྱེད་ཀྱི་ཡོད། དྲན་པ་དེ་ནི་སྔོན་རྟོགས་ཟིན་པའི་ཡུལ་ཞིག་དང་འདྲ་བའི་སེམས་ཀྱི་རྣམ་པ་ཞིག་གི་རྟོག་བཅས་ཀྱི་ཤེས་པ་བརྒྱུད་དེ་ཡུལ་ནས་འབྱུང་བའི་སྤྱི་དེ་དང་དེའི་ནང་རན་འཚམས་ཡོད་པའི་ཡུལ་དང་འདྲ་བའི་སེམས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་འབྱུང་གི་ཡོད། 

དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ལུགས་ལྟར་བྱས་ན། དབུ་མའི་ལུགས་རང་གི་ནང་དུ་རྣལ་འབྱོང་སྤྱོད་པའི་དབུ་མ་རང་རྒྱུད་པ་ཁོ་ནས་རང་རིག་ཁས་ལེན་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་དབུ་མ་ཐལ་འགྱུར་བ་གཉིས་ཀྱིས་རང་རིག་དེ་ཐ་སྙད་དུ་ཡོད་པའང་ཁས་ལེན་མི་བྱེད་པ་ཡིན། དགེ་ལུགས་མིན་པའི་ཆོས་བརྒྱུད་གཞན་རྣམས་ཀྱི་ལུགས་ལྟར་བྱས་ན། དབུ་མའི་གྲུབ་མཐའ་མི་འདྲ་བ་ཚང་མས་རང་རིག་དེ་ཐ་སྙད་དུ་ཡོད་པར་ཁས་ལེན་གྱི་ཡོད། 

རྣམ་ཤེས།

ནང་པའི་ལུགས་ཀྱི་གྲུབ་མཐའ་ཚང་མས་ཉུང་མཐར་ཡང་རྣམ་ཤེས་ཚོགས་དྲུག་ཡོད་པར་ཁས་ལེན་གྱི་ཡོད་དེ།

༡༽ མིག་གི་རྣམ་ཤེས།

༢༽ རྣའི་རྣམ་ཤེས།

༣༽ སྣའི་རྣམ་ཤེས། 

༤༽ ལྕེའི་རྣམ་ཤེས།

༥༽ ལུས་ཀྱི་རྣམ་ཤེས།

༦༽ ཡིད་ཀྱི་རྣམ་ཤེས་བཅས་དྲུག་རེད།

རྣམ་ཤེས་ནི་དབང་པོ་དང་ཡིད་ཀྱི་ཡུལ་དུ་གྱུར་བ་ཚང་མ་རྟོགས་ཐུབ་པའི་དབང་ཤེས་སྤྱིར་བཏང་ཞིག་ལ་ནུབ་ཕྱོགས་ཀྱི་ལྟ་ཚུལ་ཡོད་པ་དེ་དང་མི་འདྲ་བར། ནང་པས་རྣམ་ཤེས་ཚོགས་དྲུག་ཏུ་དབྱེ་བ་ཕྱེ་གི་ཡོད། དེ་དག་རེ་རེ་ནི་དབང་ཡུལ་གཅིག་གམ་ཡིད་ཡུལ་གཅིག་ལ་ངེས་པ་རེད། 

རྣམ་ཤེས་ཀྱིས་ཡུལ་གྱི་ངོ་བོ་ཙམ་དེ་རྣམ་པར་རིག་པའམ་ཤེས་པར་བྱེད་ཀྱི་ཡོད། དེའི་དོན་ནི་རང་གི་དམིགས་པའི་ངོ་བོ་སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་སེམས་ཏེ། དཔེར་ན། མིག་གི་རྣམ་པར་ཤེས་པས་གཟུགས་ཁོ་ནར་མཐོང་བར་ངེས་པ་ལྟ་བུ་རེད། 

སེམས་ཙམ་པའི་གྲུབ་མཐས་དེ་དག་གི་སྟེང་ལ་རྣམ་ཤེས་གཉིས་ཁ་སྣོན་དང་བཅས་རྣམ་ཤེས་ཚོགས་བརྒྱད་དུ་དབྱེ་བ་ཕྱེ་གི་ཡོད། དེ་གཉིས་ནི།

༧༽ ཉོན་ཡིད།

༨༽ ཀུན་གཞི་བཅས་ཁྱོན་བསྡོམས་བརྒྱད་ཆགས་ཀྱི་ཡོད།

ཀུན་གཞི་རྣམ་ཤེས་ནི་ཤེས་པའི་སྐད་ཅིག་ཡོངས་སུ་རྫོགས་པའི་རྨང་གཞིར་འགྱུར་བའི་རང་སོ་སོའི་མི་མཐུན་པའི་ཤེས་པ་ཞིག་ཡིན་པ་ལས་སེམས་ཅན་ཐམས་ཅད་ཀྱི་མཐུན་པའི་ཤེས་པ་ཞིག་མིན། དེས་རྨང་གཞིར་འགྱུར་བའི་ཤེས་པ་ནང་བཞིན་ཡུལ་གཅིག་པ་རྟོགས་ཀྱི་ཡོད་ནའང་། དེ་ནི་སྣང་ལ་མ་ངེས་པའི་ཤེས་པ་ཞིག་ཡིན་པ་དང་དེ་ལ་ཡུལ་གྱི་གསལ་ཆ་མེད་པ་རེད། དེས་ལས་ཀྱི་ས་བོན་དང་བག་ཆགས་ཁྱེར་གྱི་ཡོད། དེ་གཉིས་ཀ་ཀུན་གཞི་རྣམ་ཤེས་ཀྱི་སྟེང་ལ་བཏགས་པའི་ལྡན་མིན་འདུ་བྱེད་ཡིན། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་ཀུན་གཞི་རྣམ་ཤེས་རང་མཚན་པའི་རྒྱུན་དེ་ཆད་འགྲོ་གི་ཡོད། 

ཉོན་ཡིད་ཀྱིས་ཀུན་གཞི་རྣམ་ཤེས་ལ་དམིགས་ནས་དེའི་རྣམ་སྨིན་གྱི་ཆ་དེ་ “ང་” རྫུན་མ་ལྟ་བུ་རྟོགས་ཀྱི་ཡོད། དེའི་རགས་པའི་དབང་དུ་བྱས་ན། དེས་ “ང་” ཟེར་བ་དེ་ཕུང་པོ་ལས་ལོགས་སུ་རྟག་གཅིག་རང་དབང་ཅན་དུ་རྟོགས་ཀྱི་ཡོད། ཕུང་པོ་ནི་ཕུང་པོ་ལྔ་ལ་གོ་ཞིང་། དེ་དག་གི་ནང་ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་ཚང་ཡོད། ཕུང་པོ་ལྔ་ནི། གཟུགས་ (ལུས་) དང་། ཚོར་བ་སྟེ། བདེ་བའི་རིམ་པ་ཞིག །འདུ་ཤེས། འདུ་བྱེད་ (སེམས་ཚོར་ལ་སོགས་པ།) རྣམ་ཤེས་བཅས་རེད། 

ཤིན་ཏུ་ཕྲ་བའི་རིམ་པ་ལྟར་བྱས་ན། ཉོན་ཡིད་ཀྱིས་ཀུན་གཞི་རྣམ་ཤེས་ཀྱི་རྣམ་སྨིན་གྱི་ཆ་དེ་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་ཀྱི་ “ང་” ལྟ་བུར་རྟོགས་ཀྱི་ཡོད། 

དགེ་ལུགས་མིན་པའི་ཆོས་བརྒྱུད་གཞན་གྱི་ལུགས་ལྟར་ན། དབུ་མའི་ལུགས་ཚང་མས་ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་གཉིས་ཀུན་རྫོབ་ཏུ་ཡོད་པར་ཁས་ལེན་གྱི་ཡོད། དགེ་ལུགས་པ་ལྟར་ན། དབུ་མའི་ལུགས་གང་གིས་ཀྱང་དེ་གཉིས་ཐ་ན་ཀུན་རྫོབ་ཏུའང་ཡོད་པར་ཁས་ལེན་གྱི་མེད། 

སེམས་བྱུང་གི་སྐོར་ལ་སྤྱིར་བཏང་གོ་བསྡུར།

རྣམ་ཤེས་ནང་བཞིན་སེམས་བྱུང་རྣམས་ཀྱང་ཆོས་གང་ཞིག་ཤེས་པ་ཙམ་དེ་རེད། དེ་དག་གིས་ཡུལ་རྣམས་སྒྲོ་འདོགས་ (གང་མེད་པ་ཞིག་ཁ་སྣོན་བྱེད་པ་) དང་སྐུར་འདེབས་ (གང་ཡོད་པར་ཁས་ལེན་མི་བྱེད་པ་) མེད་པའི་སྒོ་ནས་དམིགས་བསལ་ཤེས་ཀྱི་ཡོད། འགའ་ཞིག་གིས་རྣམ་ཤེས་ཀྱིས་ཡུལ་ཞིག་འཛིན་པར་རོགས་བྱེད་པའི་བྱ་བ་བྱེད་ཀྱི་ཡོད། གཞན་དག་གིས་ཡུལ་འཛིན་པ་ལ་སེམས་ཚོར་གྱི་དོན་ཞིག་ཁ་སྣོན་བྱེད་ཀྱི་ཡོད། 

སེམས་བྱུང་སྣ་ཚོགས་པ་རྣམ་ཤེས་ཀྱི་སྐད་ཅིག་རེ་རེ་དང་མཉམ་དུ་འགྲོགས་ཀྱི་ཡོད་པ་དང་། དེ་དང་འགྲོགས་པའི་རྣམ་ཤེས་ལ་བརྟེན་ནས་དེ་དག་རེ་རེས་མཚུངས་ལྡན་ལྔ་མཉམ་སྤྱོད་བྱེད་ཀྱི་ཡོད། དཔེར་ན། ཚང་མས་ཡུལ་གཅིག་པ་ལ་དམིགས་པ་ལྟ་བུ་རེད། 

གཙོ་སེམས། 

ཡུལ་ཤེས་པའི་ཚུལ་འགའ་ཞིག་ནི་རྣམ་ཤེས་དང་སེམས་བྱུང་གང་གི་སྡེ་ཚན་ནང་རན་འཚམས་ཆགས་ཀྱི་མེད། དེ་ལ་ཡོངས་གྲགས་ཀྱི་དཔེ་མཚོན་ཁག་ནི་གཙོ་སེམས་རྣམས་རེད། ཤེས་པ་ཞིག་གི་ནང་། གཙོ་སེམས་ནི་རྣམ་ཤེས་དང་དེའི་གྲོགས་སུ་གྱུར་བའི་སེམས་བྱུང་རྣམས་ལས་གྲུབ་པ་དང་། དེ་ནི་ཤེས་པའི་ཡུལ་རྟོགས་ཚུལ་མངོན་གསལ་དོད་པོ་དེ་རེད། དེས་འབྱུང་བཞིན་པའི་ཤེས་པའི་རིགས་དེ་མཚོན་གྱི་ཡོད། 

གཙོ་སེམས་ཀྱི་དཔེ་མཚོན་ཞིག་ནི་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ནི་རང་སོ་སོ་སྒེར་གྱི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་ཡིད་ཀྱི་རྣམ་ཤེས་ལས་གྲུབ་པ་ཞིག་ཡིན་པ་དང་། དེ་ལྟ་བུའི་སེམས་བྱུང་རྣམས་ནི་སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་པ་དང་གོ་འཕང་དེ་ཐོབ་པའི་ཐབས་ལ་བརྟེན་ནས་སེམས་ཅན་ལ་ཕན་འདོགས་པའི་འདུན་སེམས་དང་ལྡན་པ་ཞིག་ཡིན། དགེ་ལུགས་པའི་འགྲེལ་ཚུལ་ལྟར་བྱས་ན། ཡེ་ཤེས་ལྔ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་ཉིད་ཀྱི་ཡེ་ཤེས། སོར་རྟོག་གི་ཡེ་ཤེས། བྱ་གྲུབ་ཀྱི་ཡེ་ཤེས། ཆོས་དབྱིངས་ཀྱི་ཡེ་ཤེས་བཅས་ནི་དཔེ་མཚོན་གཞན་རྣམས་རེད། 

སེམས་བྱུང་གི་གྲངས་འདྲེན།

ཆོས་མངོན་པའི་ལུགས་མི་འདྲ་བ་མང་པོ་ཡོད་པ་དང་། དེ་དག་རེ་རེར་སེམས་བྱུང་གི་གྲངས་འདྲེན་མི་འདྲ་བ་རེར་ཡོད། ཁོང་ཚོ་ཐུན་མོང་གིས་བཞེད་པའི་ཤེས་པའམ་རིག་པའི་མཚན་ཉིད་ཀྱང་ཡང་སེ་མི་འདྲ་བ་ཡོད། 

དཔེ་ཆ་བཞག་ན། ཉན་ཐོས་ཐེག་པའི་ལུགས་སུ་སློབ་དཔོན་མ་འགགས་པས་མཛད་པའི་མངོན་པའི་གཞུང་ནང་སེམས་བྱུང་ལྔ་བཅུ་རྩ་གཉིས་གསལ་ཡོད། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པའི་མཛོད་ཕུག་གཤེན་ཆེན་ཀླུ་དགས་གཏེར་ནས་སྤྱན་དྲངས་པ་དེའི་ནང་སེམས་བྱུང་ལྔ་བཅུ་རྩ་གཅིག་གསལ་ཡོད། 

སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ཀྱི་ནང་། སེམས་བྱུང་བཞི་བཅུ་རྩ་དྲུག་གསུངས་ཡོད་པ་དང་། ཡང་ཁོང་གིས་མཛད་པའི་ཕུང་པོ་ལྔ་རབ་ཏུ་བྱེད་པའི་ནང་། སེམས་བྱུང་ལྔ་བཅུ་རྩ་གཅིག་གསུངས་ཡོད། སློབ་དཔོན་དབྱིག་གཉེན་གྱིས་གསུངས་པའི་སེམས་བྱུང་ལྔ་བཅུ་རྩ་གཅིག་དེ་བོན་གྱི་སེམས་བྱུང་གྲངས་འདྲེན་ལྔ་བཅུ་རྩ་གཅིག་དེ་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ཀྱི་ནང་དུའང་སེམས་བྱུང་ལྔ་བཅུ་རྩ་གཅིག་གསུངས་ཡོད། གྲངས་འདྲེན་འདི་ནི་སློབ་དཔོན་དབྱིག་གཉེན་གྱི་སེམས་བྱུང་ལྔ་བཅུ་རྩ་གཅིག་དེ་བསྐྱར་ཟློས་བྱེད་ཀྱི་ཡོད་ཀྱང་། དེ་དག་ལས་མང་པོ་ཞིག་གི་མཚན་ཉིད་མི་འདྲ་བ་གསུངས་ཡོད་པ་དང་། དེ་དག་གི་གོ་རིམ་ལའང་ཏོག་ཙམ་འགྱུར་བ་བཏང་ཡོད། 

དབུ་མའི་གྲུབ་མཐའ་རྣམས་ཀྱིས་འཕགས་པ་ཐོགས་མེད་ཀྱི་འགྲེལ་ཚུལ་རྗེས་སུ་འབྲང་གི་ཡོད། འདིར་ང་ཚོས་ཁོང་གི་ལུགས་ལྟར་ཤོད་ཀྱི་ཡིན། དེ་ཡང་དུས་རབས་བཅུ་བདུན་པའི་ནང་བྱོན་པའི་རི་བོ་དགེ་ལྡན་པའི་མཁས་པ་ཆེན་པོ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་སེམས་དང་སེམས་བྱུང་གི་ཚུལ་གསལ་བར་བསྟན་པ་ཞེས་པའི་འགྲེལ་བར་གཞི་བྱས་ནས་ཤོད་རྒྱུ་ཡིན། བོད་པ་ཚོས་ནམ་རྒྱུན་ཡོངས་གྲགས་སུ་ཐུན་མོང་གི་གཞུང་སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་ལ་སློབ་གཉེར་བྱེད་ཀྱི་ཡོད་སྟབས། ང་ཚོས་དེ་ཁོ་ན་ལས་བྱུང་བའི་གཞི་རྩའི་མི་འདྲ་བའི་ཁྱད་པར་འགའ་ཞིག་སྟོན་གྱི་ཡིན། 

འཕགས་པ་ཐོགས་མེད་ཀྱིས་གྲངས་འདྲེན་གསུངས་པ་ནི། 

  • ཀུན་འགྲོ་ལྔ།
  • ཡུལ་ངེས་ལྔ།
  • དགེ་བ་བཅུ་གཅིག
  • རྩ་ཉོན་དྲུག
  • ཉེ་ཉོན་ཉི་ཤུ།
  • གཞན་འགྱུར་བཞི་བཅས་རེད།

སེམས་བྱུང་གི་གྲངས་འདྲེན་དེ་དག་ཡོངས་སུ་རྫོགས་པ་ཞིག་དང་དེ་ལས་མང་བ་མེད་པ་མིན། སེམས་བྱུང་ལྔ་བཅུ་རྩ་གཅིག་ལས་ལྷག་པ་ད་དུང་མང་པོ་ཡོད། ནང་པའི་ལམ་ལ་ཡོན་ཏན་མང་པོ་ཡོད་པ་རྣམས་ལོགས་སུ་གྲངས་འདྲེན་བྱས་མེད། དཔེར་ན། སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བྱམས་པ། སྙིང་རྗེ་ལྟ་བུ་རེད། གྲངས་འདྲེན་མི་འདྲ་བ་དེ་དག་ནི་སེམས་བྱུང་གི་སྡེ་ཚན་གལ་གནད་འགའ་ཞིག་རེད། 

ཀུན་འགྲོ་ལྔ། 

ཀུན་འགྲོ་ལྔ་ནི་ཤེས་པའི་སྐད་ཅིག་རེ་རེ་དང་མཉམ་དུ་འགྲོགས་ཀྱི་ཡོད།

༡༽ ཚོར་བ་སྟེ། བདེ་བའི་རིམ་པ་ཞིག་ཚོར་བ། དེ་ནི་ང་ཚོས་ལས་ཀྱི་རྣམ་སྨིན་ཇི་ལྟར་མྱོང་གི་ཡོད་པ་དེ་རེད། རྣམ་སྨིན་གྱི་ནང་།

  • ཕུང་པོ་དང་མཉམ་དུ་ང་ཚོ་སྐྱེས་པ།
  • ཁུར་ཡུག་གི་ནང་ང་ཚོ་གནས་པ།
  • ང་ཚོས་འདས་པའི་དུས་སུ་གང་བྱས་པ་དེ་དང་མཚུངས་པའི་བྱུང་རྐྱེན་ཞིག་ང་ཚོར་འབྱུང་གི་ཡོད་པ།
  • ང་ཚོའི་ཚོར་བ་ནི་འདས་པའི་སྤྱོད་ལམ་གྱི་འགྲོས་བསྐྱར་ཟློས་བྱེད་ཆེད་ཡིན་པ།

བདེ་བའི་རིམ་པ་དེ་ནི་ང་ཚོས་དགེ་བའི་ལས་ཀྱི་རྣམ་སྨིན་གང་ཉམས་སུ་མྱོང་བ་དེ་ཡིན་པ་དང་། སྡུག་བསྔལ་གྱི་རིམ་པ་ནི་ང་ཚོས་མི་དགེ་བའི་ལས་ཀྱི་རྣམ་སྨིན་གང་མྱོང་བ་དེ་ཡིན་པ་རེད། བདེ་བ་དང་། བཏང་སྙོམ། སྡུག་བསྔལ་བཅས་ཀྱིས་རྒྱུན་ཆད་མེད་པའི་འཆར་སྣང་ཞིག་སྐྲུན་གྱི་ཡོད། དེ་དག་རེ་རེ་ནི་ལུས་དང་སེམས་གང་རུང་ཡིན་སྲིད། 

བདེ་བ་ནི་རྒྱུན་ཆད་པའི་སྐབས། ང་ཚོས་དེ་དང་སླར་ཡང་འཕྲད་པར་འདོད་པའི་ཚོར་བ་དེ་རེད། སྡུག་བསྔལ་ནི་ང་ཚོ་དེ་དང་འཕྲད་པའི་སྐབས། དེ་ལས་འབྲལ་བར་འདོད་པའི་ཚོར་བ་དེ་རེད། བཏང་སྙོམ་ནི་སྔ་མ་གཉིས་པོ་གང་ཡང་མིན་པའི་ཚོར་བ་དེ་རེད། 

ཚོར་བ་བདེ་བའི་རིམ་པ་རྣམས་ཟང་ཟིང་ཡིན་སྲིད་ལ་མིན་ཀྱང་སྲིད། དེ་དག་གིས་ང་ཚོའི་མྱོང་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལ་སྲེད་པ་དང་མཉམ་དུ་མཚུངས་ལྡན་ལྔ་མཉམ་སྤྱོད་བྱེད་པའི་སྐབས། ཟང་ཟིང་ཡིན་པ་རེད། དེའི་དོན་ནི་རྨོངས་པ་དང་འདྲེས་ཡོད་པ་དང་འཁོར་བའི་ཉེར་ལེན་ཡིན་པ་རེད། དེ་དག་གིས་འཕགས་པའི་མཉམ་བཞག་དང་མཉམ་དུ་མཚུངས་ལྡན་ལྔ་མཉམ་སྤྱོད་བྱེད་པའི་སྐབས། དེ་དག་ཟང་ཟིང་མེད་པ་རེད། ཟང་ཟིང་མེད་པའི་བདེ་བའམ་ཡང་ན་ཟང་ཟིང་མེད་པའི་བཏང་སྙོམ་ཁོ་ན་འཕགས་པའི་མཉམ་བཞག་དང་མཉམ་དུ་འགྲོགས་སྲིད་པ་རེད། 

༢༽ འདུ་ཤེས་ནི་རྟོག་མེད་ཤེས་པའམ་ཡང་ན་རྟོག་པ་དང་བཅས་པའི་ཤེས་པའི་སྣང་ཡུལ་གྱི་བཀྲ་བའི་མཚན་ཉིད་ཐུན་མོང་མ་ཡིན་པ་ཞིག་འཛིན་པ་དང་། དེ་ལ་ཐ་སྙད་འདོགས་ཀྱི་ཡོད། འོན་ཀྱང་དེའི་ཡུལ་ལ་མིང་ངམ་བློའི་འདོགས་ཚུལ་ཞིག་ཁྱད་ཆོས་བརྗོད་དགོས་པའི་ངེས་པ་མེད་ལ། དེས་སྔོན་ནས་རྟོགས་ཟིན་པའི་ཡུལ་དང་འགྲན་བསྡུར་བྱེད་ཀྱི་མེད། བློའི་འདོགས་ཚུལ་གྱི་ཚིག་དང་མིང་རྣམས་ནི་ཧ་ཅང་མགོ་རྙོག་ཅན་གྱི་རྟོག་པའི་རྒྱུད་རིམ་ཞིག་རེད། དེར་བརྟེན་འདུ་ཤེས་ཀྱི་ཕྱོགས་ནས་ཁྱད་པར་ཧ་ཅང་ཆེན་པོ་ཡོད། 

དཔེ་ཆ་བཞག་ན། རྟོག་མེད་ཀྱི་མིག་ཤེས་ལ་བརྟེན་ནས་མིག་གི་དབང་པོའི་ནང་། དབྱིབས་སེར་པོ་ཟེར་བ་ལྟ་བུ་ང་ཚོས་དབྱིབས་དང་ཁ་དོག་གི་ཁྱད་པར་འབྱེད་ཐུབ། དགེ་ལུགས་པའི་བཞེད་ཚུལ་ལྟར་ན། ང་ཚོས་ཐུར་མ་ལྟ་བུ་རྟོག་མེད་ཀྱི་མིག་ཤེས་དང་མཉམ་དུ་འཇིག་རྟེན་གྲགས་པའི་ཡུལ་རྣམས་ཀྱང་ཁྱད་པར་འབྱེད་ཐུབ། དེ་འདྲའི་སྐབས་སུ་འདུ་ཤེས་ཀྱིས་སེར་པོ་དང་ཐུར་མ་ཞེས་མིང་གི་ཁྱད་ཆོས་བརྗོད་ཀྱི་མེད། དོན་ངོ་མར་འདུ་ཤེས་ཀྱིས་སྐབས་འདིར་ཐ་ན་ཁ་དོག་དེ་སེར་པོ་ཡིན་པ་དང་ཡུལ་དེ་ཐུར་མ་ཞིག་ཡིན་པ་དེའང་ཤེས་ཀྱི་མེད། དེ་ནི་ཀུན་རྫོབ་ཀྱི་ཆོས་སམ་དངོས་པོ་ཙམ་ཞིག་ཡིན་པར་འདུ་ཤེས་པ་རེད། དེ་འདྲ་སོང་ཙང་། ཐ་ན་བྱིས་པ་སྐྱེས་མ་ཐག་པ་ཞིག་གིས་ཀྱང་འོད་དང་མུན་པ། དེ་བཞིན་ཚ་པོ་དང་གྲང་མོའི་དབར་ཁྱད་པར་འབྱེད་ཐུབ་ཀྱི་ཡོད། འདི་ནི་དོན་ལ་མཚན་མར་འཛིན་པའི་འདུ་ཤེས་ཞེས་སུ་གྲགས་པ་དེ་རེད། 

རྟོག་བཅས་ཀྱི་ཤེས་པའི་ནང་། འདུ་ཤེས་ཀྱིས་དེའི་ཡུལ་ལ་སྒྲ་དོན་གྱི་ཁྱད་ཆོས་བརྗོད་ཀྱི་ཡོད། དེ་ནི་ཤེས་པའི་སྣང་ཡུལ་ཏེ། གཞན་སེལ་གྱི་ཚུལ་དུ་སྒྲ་སྤྱི་ཟེར་བའམ་ཡང་ན་དོན་སྤྱི་ཟེར་གྱི་ཡོད། འོན་ཀྱང་འདི་ནི་འབྱུང་སྲིད་པའི་གདམ་ཀ་གཞན་དག་རེ་རེ་བཞིན་སེལ་བའི་རྒྱུད་རིམ་ཞིག་མིན་ལ། དེ་དག་སེལ་བའི་ཕྱིར་འབྱུང་སྲིད་པའི་གདམ་ཀ་གཞན་དག་གོ་རིམ་ལྡན་པ་དགོས་ཀྱི་མེད། དེར་བརྟེན་སེར་པོ་དང་ཐུར་མ་ཟེར་བ་ལྟ་བུ་ཡུལ་ལ་མིང་ཞིག་གི་ཁྱད་ཆོས་བརྗོད་པ་དེས་སེར་པོའི་སྡེ་ཚན་དེ་སྡེ་ཚན་གཞན་ཚང་མ་ལས་ཁྱད་པར་འབྱེད་ཀྱི་ཡོད་པ་སྟེ། དཔེར་ན། ནག་པོའི་སྡེ་ཚན་ལྟ་བུ་དང་། ཐུར་མའི་སྡེ་ཚན་དེ་སྡེ་ཚན་གཞན་ཚང་མ་ལས་ཁྱད་པར་འབྱེད་ཀྱི་ཡོད་པ་སྟེ། དཔེར་ན། ཚེབ་ཐུར་གྱི་སྡེ་ཚན་ལྟ་བུ་རེད། འདི་ལ་ཐ་སྙད་ལ་མཚན་མར་འཛིན་པའི་འདུ་ཤེས་ཞེས་སུ་གྲགས་པ་དེ་རེད། རྟོག་མེད་ཀྱི་ཤེས་པ་ལ་འདི་ལྟ་བུའི་འདུ་ཤེས་མེད། 

༣༽ སེམས་པ་ལ་བརྟེན་ནས་སེམས་ཀྱི་བྱེད་ལས་དེ་ཡུལ་དང་འཕྲད་པའི་རྒྱུ་བྱེད་ཀྱི་ཡོད་པའམ། ཡང་ན་དེའི་ཕྱོགས་སུ་འགྲོ་འཇུག་གི་ཡོད། སྤྱིར་བཏང་འདིས་ཡུལ་འཛིན་པར་བྱེད་པར། སེམས་ཀྱི་རྒྱུད་ཅིག་སྐུལ་སློང་བྱེད་ཀྱི་ཡོད། སེམས་རྒྱུད་ནི་འཛད་མཐའ་མེད་པའི་སེམས་ཀྱི་བྱེད་ལས་ཀྱི་སྐད་ཅིག་གི་རྒྱུན་སོ་སོ་བ་ཞིག་རེད། 

ཡིད་ཀྱི་ལས་ནི་སེམས་པ་དང་གཅིག་པ་རེད། མདོ་སྡེ་པ་དང་། སེམས་ཙམ་པ། དབུ་མ་རང་རྒྱུད་པ། དེ་བཞིན་དགེ་ལུགས་མིན་པའི་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་ལྟར་བྱས་ན། ལུས་དང་ངག་གི་ལས་རྣམས་ཀྱང་སེམས་པ་ཡིན་པར་བཞེད་ཀྱི་ཡོད། 

༤༽ རེག་པ་སྟེ། རེག་པས་ཤེས་པའི་ཡུལ་དེ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ། བར་མའམ་བཏང་སྙོམ་གང་ཡིན་ཡོངས་སུ་གཅོད་པའམ་ཁྱད་པར་འབྱེད་ཀྱི་ཡོད། དེས་ཚོར་བ་བདེ་བ་དང་། སྡུག་བསྔལ། བཏང་སྙོམ་བཅས་མྱོང་བའི་གཞི་རྩ་བྱེད་ཀྱི་ཡོད། 

༥༽ ཡིད་ལ་བྱེད་པ་ནི་ཡུལ་དང་མཉམ་དུ་སེམས་ཀྱི་བྱེད་ལས་ལ་འཇུག་པ་ཡིན། ཤེས་པ་ལ་འཇུག་པ་དེ་ནི་ཡུལ་ལ་གང་འཚམ་གྱི་ཡིད་ལ་བྱེད་པ་དེ་ཡིན་སྲིད། དེ་ཡང་ཡིད་བྱེད་ཧ་ཅང་ཆུང་ངུ་ནས་ཆེན་པོ་བྱེད་པ་དེ་རེད། དེས་ད་དུང་ཡང་ཡུལ་ལ་ཐབས་ངེས་ཅན་ཞིག་གི་ཐོག་ནས་དམིགས་སྲིད་པ་རེད། དཔེར་ན། ཡིད་ལ་བྱེད་པ་དེས་ཡུལ་གྱི་སྟེང་ལ་ངལ་དུབ་དང་། ཡང་བསྐྱར་བློ་རྩེ་གཏད་པ། བར་ཆད་མེད་པའམ། ཡང་ན་རྩོལ་མེད་ཀྱི་སྒོ་ནས་དམིགས་སྲིད་པ་རེད།

གཞན་ཡང་དེའི་ཁ་སྣོན་དུ་ཡིད་ལ་བྱེད་པ་དེས་ཡུལ་ཞིག་ལ་ཚུལ་ངེས་ཅན་ཞིག་ནས་བསམ་ཞིབ་བྱེད་སྲིད། དེས་ཡུལ་དེ་དོན་ངོ་མར་གང་ཡིན་པའི་ཚུལ་བཅས་ཡིད་བྱེད་ཀྱི་སྒོ་ནས་བསམ་སྲིད་ལ། ཡུལ་གང་མིན་པའི་ཚུལ་མིན་ཡིད་བྱེད་ཀྱི་སྒོ་ནས་ཀྱང་བསམ་སྲིད། ང་ཚོའི་མྱོང་བའི་ཕུང་པོ་ལྔ་ལ་ཚུལ་མིན་ཡིད་བྱེད་བཞིའི་སྒོ་ནས་ཡིད་ལ་བྱེད་པ་ནི། དེ་དག་མི་རྟག་པ་ལས་ལྡོག་སྟེ་རྟག་པར་བསམ་པ་ (མི་རྟག་པ་ལ་རྟག་པར་འཛིན་པ་) དང་། སྡུག་བསྔལ་ལས་ལྡོག་སྟེ་བདེ་བ་བསམ་པ་ (སྡུག་བསྔལ་ལ་བདེ་བར་འཛིན་པ།) མི་གཙང་བ་ལས་ལྡོག་སྟེ་གཙང་བར་བསམ་པ་ (མི་གཙང་བར་གཙང་བར་འཛིན་པ།) བདག་བདེན་གྲུབ་ཏུ་མེད་པ་ལས་ལྡོག་སྟེ་བདེན་གྲུབ་ཏུ་ཡོད་པར་བསམ་པ་ (བདག་མེད་པ་ལ་ཡོད་པར་འཛིན་པ་) བཅས་རེད། ཚུལ་བཅས་ཡིད་བྱེད་བཞི་ནི་ཚུལ་མིན་ཡིད་བྱེད་དེ་དག་གི་ལྡོག་ཕྱོགས་རྣམས་རེད། 

ཀུན་འགྲོ་ལྔ་ཆ་ཚང་ཆོས་གང་འདྲ་ཞིག་གི་ཤེས་པའི་སྐད་ཅིག་རེ་རེའི་ནང་ངེས་པར་དུ་ཡོད་དགོས། དེ་མིན་ང་ཚོའི་ཤེས་པའི་ཡུལ་ལོངས་སུ་སྤྱོད་པ་དེ་ཆ་མི་ཚང་བ་ཆགས་ངེས་རེད། 

འཕགས་པ་ཐོགས་མེད་ཀྱིས།

  • ང་ཚོས་བདེ་བ་བརྒྱུད་དེ་བཏང་སྙོམ་ནས་སྡུག་བསྔལ་བར་འཆར་སྣང་ལ་བདེ་བ་ཞིག་མ་ཚོར་ན། ཡུལ་ཞིག་མྱོང་གི་མེད།
  • ང་ཚོས་ཡུལ་དེའི་མཚན་ཉིད་འགའ་ཞིག་ཁྱད་པར་མ་ཕྱེས་ན། དབང་ཡུལ་གྱི་ནང་ཤེས་པའི་ཡུལ་ལྟ་བུ་ཞིག་འཛིན་གྱི་མེད།
  • ང་ཚོར་ཡུལ་གྱི་ཕྱོགས་སུ་སེམས་པའམ་སྐུལ་ཤུགས་ཤིག་མེད་ན། ཐ་ན་ཤེས་པའི་ཡུལ་དང་མི་འཕྲད་ལ་དེའི་ཕྱོགས་སུའང་འགྲོ་གི་མེད།
  • ང་ཚོར་ཚོར་བ་བདེ་སྡུག་བཏང་སྙོམ་གང་ཡིན་ཁྱད་པར་འབྱེད་པའི་རེག་པ་དེ་མེད་ན། ཚོར་བ་ལ་བརྟེན་ནས་ཡུལ་མྱོང་བའི་གཞི་རྩ་གང་ཡང་ང་ཚོར་མེད།
  • ཐ་ན་རིམ་པ་དེ་ཧ་ཅང་གི་དམའ་པོ་ཡོད་ནའང་། ང་ཚོས་ཡུལ་ལ་དོ་སྣང་ཞིག་མ་སྤྲད་ན། ཡུལ་བྱེ་བྲག་པ་དེ་ལ་དངོས་གནས་འཇུག་གི་མེད། 

ཡུལ་ངེས་ལྔ།

སློབ་དཔོན་དབྱིག་གཉེན་གྱིས་གཤམ་གྱི་ཡུལ་ངེས་ལྔ་སྤྱིར་བཏང་གི་ཆ་ནས་འགྲེལ་བརྗོད་མཛད་ཡོད་པ་དང་། དེ་དག་གིས་ཤེས་པའི་སྐད་ཅིག་ཆ་ཚང་གི་གྲོགས་བྱེད་ཀྱི་ཡོད་པར་བཞེད། འཕགས་པ་ཐོགས་མེད་ཀྱིས་དེ་དག་ལ་ཡུལ་ངེས་ལྔ་ཞེས་དང་དམིགས་སུ་བཀར་ནས་དེ་དག་གི་མཚན་ཉིད་རྣམས་གསུངས་ཡོད། འཕགས་པ་ཐོགས་མེད་ཀྱི་བཞེད་ཚུལ་ལྟར་ན། དེ་དག་གིས་ཡུལ་རྟོག་པའི་དགེ་བའི་ཤེས་པ་ཁོ་ནར་གྲོགས་བྱེད་ཀྱི་ཡོད་པ་སོང་ཙང་། དེ་དག་ནི་སློབ་དཔོན་དབྱིག་གཉེན་གྱིས་གང་འགྲེལ་བརྗོད་གནང་བ་དེའི་ནང་གསེས་ཀྱི་དབྱེ་བ་ཡིན་པ་རེད། དེ་དག་ལ་བརྟེན་ནས་སེམས་ཀྱི་བྱེད་ལས་ཀྱི་རང་གི་ཡུལ་ངེས་ཐུབ་པར་བཟོ་གི་ཡོད། དེའི་དོན་ནི་ངེས་པའི་སྒོ་ནས་ཡུལ་འཛིན་གྱི་ཡོད། 

༡༽ འདུན་པ་ནི། ཡུལ་གང་རུང་ཞིག་འཐོབ་པ་དང་། དམིགས་ཡུལ་གང་རུང་ཞིག་འཐོབ་པ། ཡང་ན་ཡུལ་དང་དམུགས་ཡུལ་དེ་ཐོབ་པའི་ཚེ། དེ་དག་དང་མཉམ་དུ་གཅིག་བྱ་རྒྱུ་ཡོད་པའི་ཀུན་སློང་ཙམ་དེ་མིན་པར། དེ་ནི་གང་འདོད་པའི་དགེ་བའི་ཡུལ་ཞིག་འཐོབ་པ་དང་། དེ་དང་མཉམ་དུ་གཅིག་བྱ་རྒྱུའམ་ཡང་ན་གང་འདོད་པའི་དགེ་བའི་དམིགས་ཡུལ་འཐོབ་པའི་འདུན་པ་དེ་ཡིན་པ་རེད། འདུན་པ་དེ་ནི་འདས་པའི་སྐབས་ཤེས་ཟིན་པའི་དགེ་བའི་ཡུལ་དང་འཕྲད་པའི་འདུན་པ་དང་། ད་ལྟའི་སྐབས་སུ་ཤེས་ཟིན་པའི་དགེ་བའི་ཡུལ་དང་འབྲལ་འདུན་མེད་པ། ཡང་ན་མ་འོངས་པར་དགེ་བའི་ཡུལ་ཞིག་འཐོབ་པར་དོན་དུ་གཉེར་བ་བཅས་ཡིན་སྲིད། དགེ་བའི་འདུན་པ་ལ་བརྟེན་ནས་གང་འདོད་པའི་ཡུལ་དང་དམིགས་ཡུལ་འཐོབ་པའི་ཆེད་བརྩོན་འགྲུས་སྐྱེད་པར་བྱེད་ཀྱི་ཡོད། 

༢༽ མོས་པ་ནི། ང་ཚོ་ནི་ཚད་མའི་སྒོ་ནས་འདི་ལྟ་བུ་ཞིག་ཡིན་པ་དང་དེ་ལྟ་བུ་ཞིག་མིན་པར་ངེས་ཤེས་རྙེད་པའི་བདེན་དོན་ཞིག་ལ་དམིགས་པ་དེ་རེད། དེའི་བྱེད་ལས་ནི། ང་ཚོའི་བདེན་དོན་ལ་མོས་པའི་དད་པ་དེ་ཧ་ཅང་བརྟན་པོ་བཟོས་ནས་གཞན་གྱི་རྩོད་གླེང་དང་བསམ་ཚུལ་གྱིས་རང་ཉིད་ལ་ཟློག་ཐབས་བྱེད་ཀྱི་མ་རེད། སློབ་དཔོན་དབྱིག་གཉེན་ལ་མཚོན་ན། སེམས་བྱུང་འདིའི་དོན་ནི་བརྩི་མཐོང་རེད། འདིས་རང་གི་ཡུལ་དེ་ཁྱད་ཆོས་འགའ་ཞིག་དང་ལྡན་པར་འཛིན་པ་ཙམ་དེ་རེད། དེ་ཡང་ཁྱད་ཆོས་དང་ཡོན་ཏན་མེད་པ་ནས་ཡོན་ཏན་ཀུན་ལྡན་གྱི་འཆར་སྣང་བར་དུ་དང་། ཡང་དེ་ནི་ཏག་ཏག་འཕྱུགས་མེད་ཅིག་གམ་ཡང་ན་ཕྱིན་ཅི་ལོག་པ་གང་རུང་ཡིན་སྲིད། 

༣༽ དྲན་པ་ནི། ཤེས་ཟིན་པའི་ཡུལ་གང་རུང་ལ་དམིགས་པའི་ཡུལ་ཞིག་ཡིན་པར་མ་བརླག་པར་འཛིན་པ་ཙམ་མིན་པར། སྐབས་འདིར་དྲན་པས་སྔར་འདྲིས་པའི་སེམས་ཀྱི་བྱེད་ལས་ཀྱི་དགེ་བའི་ཡུལ་དེ་མི་བརྗེད་པའམ་མི་བརླག་པར་བྱེད་ཀྱི་ཡོད། འདི་ལ་ཐུན་མིན་གྱི་ཁྱད་ཆོས་གསུམ་ཡོད་དེ།

  • ང་ཚོར་འདྲིས་པའི་ཡུལ་དེ་དགེ་བའི་ཡུལ་ཞིག་ཡིན་དགོས།
  • དེའི་རྣམ་པ་ནི་ཡུལ་དེ་གའི་ཐོག་ལ་དམིགས་དགོས་ཤིང་། མི་བརྗེད་པའམ་དྲན་པ་མི་བརླག་པ་ཞིག་དགོས།
  • དེའི་བྱེད་ལས་ནི་སེམས་ཀྱི་གཡེང་བ་མི་འབྱུང་བར་འགོག་དགོས་པ་བཅས་རེད། 

དེར་བརྟེན་དྲན་པ་ནི་སེམས་ཀྱི་སྦྱར་རྩིའམ་འཛིན་ཆ་ལྟ་བུ་དང་གཅིག་མཚུངས་ཡིན་ཞིང་། དེས་ཡུལ་གྱི་དམིགས་པ་མ་གློད་པར་འཛིན་གྱི་ཡོད། དེའི་ནུས་ཤུགས་དེ་ཞན་པོ་ནས་ཤུགས་ཆེན་པོའི་བར་དུ་ཡོད། 

༤༽ ཏིང་ངེ་འཛིན་ནི། དབང་པོའི་ཤེས་པ་ཚུད་པའི་ཤེས་པའི་རིགས་གང་རུང་ལས་བླངས་པའི་ཤེས་པའི་ཡུལ་གང་རུང་ལ་རྩེ་གཅིག་ཏུ་རྒྱུན་འཛིན་བྱེད་པ་ཙམ་མིན་པར། སྐབས་འདིར་ཏིང་ངེ་འཛིན་གྱིས་སེམས་ཀྱི་བྱེད་ལས་ཀྱི་རྒྱུན་དེ་བཏགས་པའི་དངོས་པོ་ལ་དམིགས་ཏེ་རྩེ་གཅིག་ཏུ་འཇུག་པར་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་འཛིན་པའི་ཡུལ་དེ་སངས་རྒྱས་ཀྱིས་དམིགས་སུ་བཀར་ནས་དགེ་བ་ཡིན་པར་གསུངས་པ་ཞིག་དགོས། དེའི་སྒང་ལ་ཡུལ་དེ་ཡིད་ཀྱི་ཤེས་པ་ལ་བརྟེན་ནས་འཛིན་དགོས། དེ་གང་ཡིན་ཞེ་ན། བློའི་འདོགས་ཚུལ་དེ་ནི་རྟོག་བཅས་ཤེས་པ་ལ་ཚད་བཀག་བྱས་པའི་བྱེད་ལས་ཤིག་ཡིན་པ་དང་། དེ་ནི་སེམས་ཁོ་ན་དེ་རེད། འཛིན་པ་ནི་ཡུལ་ཞིག་ལ་ཡོད་པའི་སེམས་ཀྱི་གནས་ཆ་དེ་ཡིན་པ་དང་། དེ་ནི་ནུས་ཤུགས་ཀྱི་ཆ་ནས་ཞན་པོ་དང་ཤུགས་ཆེན་གྱི་བར་ལ་མི་འདྲ་བ་ཡོད་སྲིད། དེས་ཤེས་རབ་ཀྱི་གཞི་རྟེན་ལྟ་བུར་བྱ་བ་བྱེད་ཀྱི་ཡོད། 

ཀརྨ་བཀའ་བརྒྱུད་དང་ས་སྐྱའི་ལུགས་ལྟར་བྱས་ན། ཁོང་ཚོས་མིག་ཤེས་ཀྱི་གཟུང་བྱར་རྒྱུར་བའི་ཡུལ་དཔེར་ན། སངས་རྒྱས་ཀྱི་སྐུ་འདྲ་ལྟ་བུ་ལ་དམིགས་པ་གཏད་པ་ནི་ཞི་གནས་ (སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པ་) འཐོབ་པའི་ཐབས་སུ་གསུང་གི་ཡོད། གདམས་ངག་འདིས་འཕགས་པ་ཐོགས་མེད་ཀྱིས་འགྲེལ་བརྗོད་གནང་བའི་ཡིད་ཀྱི་འཛིན་པ་དང་འགལ་འདུ་ཆགས་ཀྱི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་སྲོལ་རྒྱུན་དེ་དག་གིས་འཇིག་རྟེན་གྲགས་པའི་ཡུལ་ལྟར་སངས་རྒྱས་ཀྱི་སྐུ་འདྲ་ལ་དམིགས་པ་གཏད་ཀྱི་ཡོད། ཁོང་ཚོའི་བཞེད་ཚུལ་ལྟར་ན། མིག་ཤེས་ཀྱི་ཡུལ་རྣམས་ནི་ཁ་དོག་དང་དབྱིབས་ཀྱི་སྐད་ཅིག་ཙམ་ཡིན་པ་རེད། སངས་རྒྱས་ཀྱི་སྐུ་འདྲ་ལྟ་བུ་འཇིག་རྟེན་གྲགས་པའི་ཡུལ་རྣམས་ནི་རྟོག་བཅས་ཀྱི་ཤེས་པ་ཁོ་ནས་རྟོགས་ཀྱི་ཡོད། དེ་གང་ཡིན་ཞེ་ན། ནམ་རྒྱུན་དུས་སྲིང་བའི་འཇིག་རྟེན་གྲགས་པའི་ཡུལ་དང་དབང་པོ་གཞན་གྱིས་རྟོགས་པའི་ཚོར་ནུས་ལ་དུས་སྲིང་བ་ནི་འདིར་མིག་ཤེས་ཀྱིས་རྟོགས་པའི་ཁ་དོག་ཅན་གྱི་དབྱིབས་ཀྱི་སྐད་ཅིག་རྣམས་ཀྱི་རྒྱུད་ཀྱི་རྟེན་ལ་སྤྲོས་པ་དང་རྟོགས་པ་ལ་གཞི་བྱས་ནས་བློས་བཏགས་པ་རྣམས་རེད། 

༥༽ ཤེས་རབ་ནི། བརྟག་དཔྱད་ཀྱི་ཡུལ་ལ་དམིགས་ནས་དེའི་ལེགས་པའི་ཆ་དང་ཉེས་པའི་ཆ་རྣམ་པར་འབྱེད་པའམ། ཡང་ན་ཡོན་ཏན་དང་སྐྱོན་གྱི་དབར་རྣམ་པར་འབྱེད་ཀྱི་ཡོད། དེས་རིགས་པ་བཞི་ལ་བརྟེན་ནས་དེ་དག་རྣམ་པར་འབྱེད་ཀྱི་ཡོད། རིགས་པ་བཞི་ནི། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། ཚད་མའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་བཅས་ཡིན། དེ་འདྲ་སོང་ཙང་། ཡུལ་ངེས་གཞན་རྣམས་ལ་ཆ་བཞག་ན། ཤེས་རབ་ཀྱི་དེའི་ཡུལ་རྟོགས་པ་སྟེ། དཔེར་ན། སངས་རྒྱས་ཀྱིས་གསུངས་པའི་དགེ་བ་དང་། མི་དགེ་བ། ལུང་མ་བསྟན་གང་ཡིན་མིན་རྟོགས་པ་ལྟ་བུ་རེད། དེས་ཐག་གཅོད་མི་ཐུབ་པའི་ཐེ་ཚོམ་སེལ་བའི་བྱ་བ་བྱེད་ཀྱི་ཡོད།

ནང་ཆོས་ལ་དཔྱད་པ་བྱེད་པའི་རིགས་པ་བཞི། ཞེས་པར་གཟིགས།༽

སློབ་དཔོན་དབྱིག་གཉེན་གྱིས་སེམས་བྱུང་འདི་ལ་བློ་གྲོས་ཞེས་གསུངས་ཡོད་པ་དང་། དེ་ཡང་ཐག་ཆོད་པོའི་སྒོ་ནས་ཆོས་གང་ཞིག་ཡང་དག་པ་ཡིན་མིན་དང་དགེ་མི་དགེ་ཡིན་མིན་སོགས་རྣམ་པར་འབྱེད་པའི་སེམས་བྱུང་ཞིག་ལ་འགྲེལ་བརྗོད་གནང་ཡོད། ཐ་ན་རིམ་པ་དེ་ཧ་ཅང་ཞན་པོ་ཡོད་ནའང་། དེས་ཤེས་བྱ་ཞིག་ཁྱད་པར་འབྱེད་པའི་ཐག་གཅོད་ཀྱི་རིམ་པ་ཞིག་ཁ་སྣོན་བྱེད་ཀྱི་ཡོད་པ་དང་། དེ་ཡང་དག་པ་དང་ཡང་དག་མིན་པའང་ཡིན་སྲིད། དེར་བརྟེན་བློ་གྲོས་ཀྱིས་དེའི་ཡུལ་ཡང་དག་པར་རྟོགས་པའི་ངེས་པ་མེད། 

བརྙན་པར། སློབ་དཔོན་ཆེན་མོ་ཌོ་ནལྜ་ བྷུ་རུམ། “དུད་འགྲོ་སེམས་ཅན་རྣམས་ཀྱིས་ལེགས་ཉེས་ཤོད་ཐུབ་བམ།” 

དགེ་བ་བཅུ་གཅིག་(དགེ་བའི་སེམས་བྱུང་བཅུ་གཅིག)

༡༽ དད་པ། དད་པས་གང་ཡོད་པ་དང་། ཤེས་རུང་ཡིན་པ། གང་ཡོན་ཏན་དང་ལྡན་པའམ་ཡང་ན་ནུས་པ་དངོས་ལ་དམིགས་ཏེ། དེ་ཡོད་པའམ་བདེན་པ་ཡིན་པའམ་ཡང་ན་བདེན་དོན་དེ་ལ་དད་པ་བྱེད་ཀྱི་ཡོད། དེར་བརྟེན་དེས་དངོས་པོའི་གནས་ལུགས་ཁས་ལེན་བྱེད་པར་ཤུགས་ཀྱིས་སྟོན་གྱི་ཡོད། 

དེ་ལ་དབྱེ་ན་གསུམ་ཡོད་དེ།

  • དང་བའི་དད་པ། འདི་ནི་བདེན་དོན་གང་ཞིག་ལ་གསལ་པོ་ཆགས་པ་སྟེ། འདིས་སེམས་དྭངས་བར་བྱེད་ཀྱི་ཡོད། དཔེར་ན། ཆུ་དྭངས་མ་བཟོ་བྱེད་ལྟ་བུ་རེད། སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་འདིས་ཡུལ་ལ་ཡོད་པའི་སེམས་ཉོན་མོངས་པ་རྣམས་གཙང་མ་བཟོ་གི་ཡོད་ཅེས་ངེས་བཤད་གནང་ཡོད། 
  • ཡིད་ཆེས་ཀྱི་དད་པ། ཡིད་ཆེས་ཀྱི་དད་པ་ནི་གང་ཁུངས་སྐྱེལ་བྱེད་པའི་རྒྱུ་མཚན་རིགས་པ་ལ་གཞི་བྱས་ཏེ། ཆོས་ཤིག་བདེན་པར་ཆ་འཇོག་བྱེད་པ་དེ་རེད། 
  • མངོན་འདོད་ཀྱི་དད་པ། མངོན་འདོད་ཀྱི་དད་པ་ནི་ཆོས་གང་ཞིག་གི་བདེན་དོན་དང་དེའི་འབྲས་བུར་ང་ཚོས་ཡུལ་དེ་ལ་འཛིན་པའི་མངོན་འདོད་གཉིས་ཀར་བདེན་པར་ཆ་འཇོག་བྱེད་པ་དེ་ཡིན། དཔེར་ན། ང་ཚོས་བཟང་ཕྱོགས་དགེ་བའི་དམིགས་ཡུལ་ཞིག་འཐོབ་ཐུབ་པ་དང་དེ་ལྟར་འཐོབ་རྒྱུ་ཡིན་པ་ལྟ་བུ་རེད། 

༢༽ ངོ་ཚ་བ། འདི་ནི་ང་ཚོའི་བྱ་སྤྱོད་ཀྱིས་རང་ཉིད་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་གཟབ་ནན་བྱེད་པའི་རྒྱུ་མཚན་གྱིས་ང་ཚོས་མི་དགེ་བའི་སྤྱོད་ལམ་སྤོང་བའི་ཚོར་བ་དེ་ཡིན། སློབ་དཔོན་དབྱིག་གཉེན་ལྟར་བྱས་ན། སེམས་བྱུང་འདིའི་དོན་ནི། རིན་ཐང་གི་ཚོར་བ་དང་ལྡན་པ་ཞིག་ལ་གོ་བ་ཡིན། དེ་ནི་དགེ་བའི་ཡོན་ཏན་དང་དེ་དག་དང་ལྡན་པའི་གང་ཟག་ལ་གུས་ཞབས་དེ་ཡིན། 

༣༽ ཁྲེལ་ཡོད་པ། འདི་ནི་ང་ཚོའི་བྱ་སྤྱོད་ཀྱིས་ང་ཚོ་དང་འབྲེལ་བ་ཡོད་པ་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་གཟབ་ནན་བྱེད་པའི་རྒྱུ་མཚན་གྱིས་ང་ཚོས་མི་དགེ་བའི་སྤྱོད་ལམ་སྤོང་བའི་ཚོར་བ་དེ་ཡིན། ང་དང་འབྲེལ་བ་ཡོད་པ་རྣམས་ནི་དཔེར་ན། ང་ཚོའི་ནང་མི་དང་། དགེ་རྒན། སྤྱི་ཚོགས་ཀྱི་སྡེ་ཁག །མི་རིགས་སྡེ་ཁག །ཆོས་ལུགས། དེ་བཞིན་ཕ་ཡུལ་གཅིག་པ་བཅས་ཡིན་སྲིད། སློབ་དཔོན་དབྱིག་གཉེན་ལ་མཚོན་ན། སེམས་བྱུང་འདིའི་དོན་ནི། ཐེ་ཚོམ་ཡོད་པ་དེ་ཡིན་པ་དང་ཁྲེལ་མེད་ཀྱི་སྒོ་ནས་མི་དགེ་བ་བྱེད་པ་སྤོང་བ་དེ་རེད། འདི་དང་སྔོན་གྱི་སེམས་བྱུང་གཉིས་ནི་སེམས་ཀྱི་དགེ་བའི་གནས་བབས་ཚང་མ་དང་མཉམ་དུ་འགྲོགས་ཀྱི་ཡོད། 

༤༽ མ་ཆགས་པ། འདི་ནི་ཡིད་འབྱུང་ལ་བརྟེན་ནས་ཉོབ་སྣང་གི་སྐྱོ་ཤས་ཤིག་ཡིན་པས། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་འདོད་ཆགས་དང་བྲལ་བའོ། །གང་ལྟར་ཡང་། འདིས་འདོད་ཆགས་ཡོངས་སུ་རྫོགས་པ་ལས་མཐའ་གཅིག་ཏུ་ཐར་བའི་དོན་ཤུགས་ཀྱིས་སྟོན་པའི་ངེས་པ་མེད་ཀྱང་། འདོད་ཆགས་ལས་གང་ལ་གང་འཚམ་ཞིག་ཐར་བ་རེད། མ་ཆགས་པ་ནི་ཚེ་འདིའི་ངང་ངམ་ཤུགས་ཀྱི་རྗེས་སྙེག་ལས་བྱུང་བ་ཡིན་སྲིད་པ་དང་སྤྱིར་བཏང་གི་ཆ་ནས་ཚེ་རབས་གང་ཡང་རུང་བའི་ངང་ངམ་ཤུགས་ཀྱི་རྗེས་སྙེག་ལས་བྱུང་བའམ། ཡང་ན་སྲིད་པ་འཁོར་བ་ལས་ཐར་ནས་ཞི་བ་མྱང་འདས་ལས་བྱུང་བའང་ཡིན་སྲིད། མ་ཆགས་པ་ནི་ཆགས་པས་ཀུན་ནས་བསླངས་པའི་ཉེས་སྤྱོད་ལ་མི་འཇུག་པར་བྱེད་པའོ།།

༥༽ ཞེ་སྡང་མེད་པ། འདི་ནི་སེམས་ཅན་དང་། རང་གི་སྡུག་བསྔལ་ཡང་ན་དེ་གཉིས་གང་རུང་ལས་འབྱུང་སྲིད་པའི་སྡུག་བསྔལ་བའི་གནས་སྟངས་སམ། ཡང་མིན་ན་སྡུག་བསྔལ་ཙམ་འབྱུང་བའི་གནས་སྟངས་ལ་ཡ་ལན་གྱི་ཚུལ་དུ་ཀུན་ནས་མནར་སེམས་མེད་པའི་འདུན་སེམས་དེ་ཡིན་པ་རེད། དེ་ནི་ཁོང་ཁྲོ་ལས་མཐའ་གཅིག་ཏུ་ཐར་བ་ཤུགས་ཀྱིས་སྟོན་གྱི་མེད་པ་དང་། འདིས་ཞེ་སྡང་གིས་ཀུན་ནས་བསླངས་པའི་ཉེས་སྤྱོད་ལ་མི་འཇུག་པའང་བྱེད་ཀྱི་ཡོད། 

༦༽ གཏི་མུག་མེད་པ། འདི་ནི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའམ་ཡང་ན་དངོས་པོའི་གནས་ལུགས་དང་འབྲེལ་བའི་སོ་སོར་རྟོག་པའི་ཤེས་རབ་ཡིན་པ་དང་། འདིས་དེ་དག་གི་ཐད་ལ་གཏི་མུག་གི་ཁ་གཏད་དུ་བྱ་བ་བྱེད་ཀྱི་ཡོད། གཏི་མུག་མེད་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་ཐོབ་ཀྱིས་འབྱུང་བ་ཞིག་ཡིན་སྲིད། ཡང་ན་དེ་ནི་དཔེ་ཆར་ཉན་པའམ་ཀློག་པ་དང་། དེ་དག་གི་དོན་ལ་བསམ་པ། དེ་དག་གི་དོན་ཡང་དག་པར་རྟོགས་པ་ལ་སྒོམ་པའི་སྦྱོར་བྱུང་ལས་འབྱུང་སྲིད། འདིས་གཏི་མུག་ལས་མཐའ་གཅིག་ཏུ་ཐར་བ་ཤུགས་ཀྱིས་སྟོན་གྱི་མེད་པ་དང་། འདིས་ཀྱང་གཏི་མུག་གིས་ཀུན་ནས་བསླངས་པའི་ཉེས་སྤྱོད་ལ་མི་འཇུག་པར་བྱེད་ཀྱི་ཡོད། 

༧༽ བརྩོན་འགྲུས། འདི་ནི་དགེ་བ་ལ་སྤྲོ་སེམས་ཤུགས་དྲག་ཡོད་པའོ། །དེ་ཡང་འཕགས་པ་ཐོགས་མེད་ཀྱིས་དབྱེ་ན་ལྔ་གསུངས་ཡོད་དེ། 

  • གོ་ཆའི་བརྩོན་འགྲུས། འདི་ནི་དཀའ་ངལ་རྣམས་ལ་བཟོད་པ་དང་། དེ་ཡང་ང་ཚོས་བྱ་བ་གང་ཞིག་ལྷུར་བླངས་ནས་བྱས་པ་ལས་ཐོབ་པའི་སྤྲོ་བ་དེ་རང་གིས་རང་ལ་དྲན་གསོ་གཏོང་བ་དེའོ།།
  • སྦྱོར་བའི་བརྩོན་འགྲུས། འདི་ནི་སྦྱོར་བར་རྒྱུན་ཆད་མེད་པ་དང་གུས་པ་དང་བཅས་ལག་བསྟར་བྱེད་པ་དེའོ།།
  • མི་ཞུམ་པའི་བརྩོན་འགྲུས། འདི་ནི་ནམ་ཡང་ཞུམ་པ་མེད་པའི་བརྩོན་འགྲུས་དེའོ།།
  • མི་ལྡོག་པའི་བརྩོན་འགྲུས། འདི་ནི་ནམ་ཡང་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དེའོ།།
  • མི་ཆོག་པར་མི་འཛིན་པའི་བརྩོན་འགྲུས། འདི་ནི་ནམ་ཡང་མི་ཆོག་པའམ་ཡིད་མི་ཚིམས་པའི་བརྩོན་འགྲུས་དེའོ།།

༨༽ ཤིན་སྦྱངས། འདི་ནི་ལུས་དང་སེམས་འདོད་མོས་ལྟར་དུས་ཡུན་རིང་པོར་དགེ་བ་ལ་བཀོལ་ཐུབ་པའི་ལས་སུ་རུང་བའི་སེམས་བྱུང་ཞིག་ཡིན། འདི་ནི་སེམས་རྣམ་པར་གཡེང་བའམ་འཚབ་འཚུབ་ལྟ་བུ་གནོད་གཞི་ཅན་རྣམས་དང་དུ་མི་ལེན་པའི་ལུས་སེམས་ཀྱི་རྒྱུད་བཅད་པ་ལས་ཐོབ་པ་ཡིན། ཤིན་སྦྱངས་ཀྱིས་ཉོན་མོངས་མེད་པའི་ལུས་སེམས་ཀྱི་བདེ་བའི་ཚོར་བ་སྤྲོ་སྣང་ཅན་ཞིག་ལ་རྒྱུ་བྱེད་ཀྱི་ཡོད། 

༩༽ བག་ཡོད། འདི་ནི་མ་ཆགས་པ་དང་། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས་བཅས་ཀྱི་གནས་བབས་ཤིག་གི་ནང་གནས་པའི་སྐབས། དེས་ང་ཚོར་དགེ་བར་དམིགས་ནས་སྒོམ་རྒྱག་ཏུ་འཇུག་པ་དང་མི་དགེ་བ་ལ་བློ་ཁ་ཕྱོགས་པ་ལས་སྲུང་སྐྱོབ་བྱེད་པའི་སེམས་བྱུང་ཞིག་རེད། ཕྱོགས་གཞན་ཞིག་ནས་སྲིད་པ་འཁོར་བ་ལ་ཞེན་ལོག་སྐྱེ་བ་དང་ཆགས་ཞེན་མེད་པ། དེའི་སྡུག་བསྔལ་ལ་ཀུན་ནས་མནར་སེམས་མེད་པ། ང་ཚོའི་སྤྱོད་ལམ་གྱི་འབྲས་བུ་ལ་གཏི་མུག་མེད་པ། དགེ་བའི་ལས་ལ་འཇུག་པར་སྤྲོ་བ། བག་ཡོད་ཀྱི་བསམ་ཕྱོགས་འདིས་ང་ཚོ་དགེ་བའི་ལས་བྱེད་དུ་འཇུག་པ་དང་མི་དགེ་བའི་ལས་སྤོང་དུ་འཇུག་གི་ཡོད། དེ་གང་ཡིན་ཞེ་ན། ང་ཚོས་གཞན་དང་རང་གི་གནས་སྟངས་དང་། དེ་བཞིན་རང་གཞན་གཉིས་ཀར་ཡོད་པའི་ང་ཚོའི་བྱ་སྤྱོད་ཀྱི་ཤུགས་རྐྱེན་ལ་སེམས་འཁུར་ཡོད་ལ། ང་ཚོས་དེ་དག་ལ་དོ་གལ་ཆེན་པོ་བྱེད་ཀྱི་ཡོད། 

༡༠༽ བཏང་སྙོམས། འདི་ནི་མ་ཆགས་པ་དང་། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས་བཅས་ཀྱི་གནས་བབས་སུ་ཡོད་པའི་སྐབས། འདིས་ང་ཚོའི་སེམས་ཀྱི་བྱེད་ལས་དེ་རྩོལ་མེད་ཀྱི་སྒོ་ནས་ཉོན་མོངས་དང་བསུན་གཙེར་མེད་ལ། བྱིང་བ་དང་རྒོད་པ་མེད་པའི་རྩོལ་མེད་རང་བཞིན་དང་བློ་སྒོ་འབྱེད་པའི་རང་བཞིན་གྱི་གནས་བབས་ནང་གནས་པར་བྱེད་དུ་འཇུག་པའི་སེམས་བྱུང་ཞིག་རེད། 

༡༡༽ རྣམ་པར་མི་འཚེ་བ། འདི་ནི་སྡུག་བསྔལ་གྱིས་མནར་བཞིན་པའི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་མེད་པའི་ཞེ་སྡང་མེད་པ་ཙམ་དེའམ། ཡང་ན་སེམས་ཅན་དེ་དག་ལ་ཁོང་ཁྲོ་སློང་བའམ་བསུན་གཙེར་མི་བྱེད་པ་ཙམ་དེ་མིན། དེའི་སྒང་ལ་སྙིང་རྗེ་ཡོད་དེ། དེ་ནི་དེ་དག་གི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་ཐར་བར་འདོད་པ་དེ་རེད། 

རྩ་བའི་ཉོན་མོངས་དྲུག 

ཉོན་མོངས་ནི་རང་རྒྱུད་ལ་འབྱུང་བའི་སྐབས། དེས་ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པའམ་སེམས་རབ་ཏུ་མི་ཞི་བར་བྱེད་པ་དང་། ནུས་མེད་དུ་བཟོས་ནས་རང་ཚུགས་ཤོར་བར་བྱེད་ཀྱི་ཡོད། དེ་ལྟ་བུའི་རྩ་ཉོན་དྲུག་ཡོད་པ་དེ་དག་གིས་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྩ་བ་ལྟ་བུར་བྱ་བ་བྱེད་ཀྱི་ཡོད། སློབ་དཔོན་དབྱིག་གཉེན་གྱིས་དེ་དག་དྲུག་ལས་ལྔ་ནི་ལྟ་མིན་ཉོན་མོངས་པའི་སྡེ་ཚན་དུ་དབྱེ་བ་ཕྱེས་གནང་ཡོད། དེར་བརྟེན་དེ་དག་ནི་ཉོན་མོངས་པ་ཡིན། རྩ་ཉོན་དྲུག་པ་ནི་ཉོན་མོངས་ལྟ་བ་ཅན་གྱི་སྡེ་ཚན་ལྔ་དེ་ཡིན་པས་ན། དེའི་ནང་ཉོན་མོངས་ལྔ་ཚུད་ཡོད། འཕགས་པ་ཐོགས་མེད་ཀྱིས་འདི་ལྔ་པོ་ལ་ལྟ་བ་ཉོན་མོངས་ཅན་ཞེས་གསུངས་ཡོད། ང་ཚོས་འདི་ན་ཚིག་བསྡུས་ནས་ལྟ་ཉོན་ཞེས་བརྗོད་རྒྱུ་ཡིན། 

བྱེ་བྲག་སྨྲ་བའི་གྲུབ་མཐའ་མ་གཏོགས་པའི་རྒྱ་གར་གྱི་གྲུབ་མཐའ་གཞན་ཚང་མས་དམིགས་བསལ་འགའ་ཞིག་ལས་གཞན་ཉོན་མོངས་ཡོངས་སུ་རྫོགས་པ་ལ་རིམ་པ་གཉིས་ཡོད་དེ། ཀུན་བརྟགས་ཉོན་མོངས་པ་དང་ལྷན་སྐྱེས་ཀྱི་ཉོན་མོངས་པ་གཉིས་སོ། །ཀུན་བརྟགས་ཀྱི་ཉོན་མོངས་པ་ནི་མི་ཚེ་ལ་ལོག་པར་ལྟ་བ་ཞིག་གི་རྟོག་པའི་སྒྲོམ་གཞི་ལ་གཞི་བྱས་ནས་འབྱུང་གི་ཡོད། ལྷན་སྐྱེས་ཀྱི་ཉོན་མོངས་པ་ནི་གཞི་རྟེན་དེ་ལྟ་བུ་མེད་པའི་སྒོ་ནས་རང་ཤུགས་སམ་ལྷན་སྐྱེས་སུ་འབྱུང་གི་ཡོད། 

ལྟ་མིན་ཉོན་མོངས་ཀྱི་ཁྲོད་དུ་དམིགས་བསལ་ནི་ཐེ་ཚོམ་དེ་ཡིན་པ་དང་། ལྟ་བ་ཉོན་མོངས་ཀྱི་ཁྲོད་དུ་དམིགས་བསལ་ནི་ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལོག་པར་ལྟ་བ་བཅས་རེད། དམིགས་བསལ་དེ་དག་ལ་ལྷན་སྐྱེས་ཀྱི་ཉོན་མོངས་མེད་པར་ཀུན་བརྟགས་ཁོ་ན་ལ་བརྟེན་ནས་འབྱུང་གི་ཡོད། མདོ་སྡེ་པའི་གྲུབ་མཐས་ཀྱང་མཐར་འཛིན་གྱི་ལྟ་བའི་ལྷན་སྐྱེས་ཀྱི་རྣམ་པ་བཞེད་ཀྱི་མེད། བྱེ་བྲག་སྨྲ་བའི་གྲུབ་མཐས་ཉོན་མོངས་ (ལྟ་ཉོན་) གང་འདྲ་ཞིག་གི་ལྷན་སྐྱེས་ཀྱི་ཉོན་མོངས་མི་བཞེད་པར། དེ་དག་གི་ལུགས་སུ་ལྟ་བ་ཉོན་མོངས་ཅན་ལྔ་ག་ཀུན་བརྟགས་ཁོ་ན་ཡིན་པར་བཞེད་ཀྱི་ཡོད།

༡༽ འདོད་ཆགས། འདིས་ཕྱི་ནང་གང་རུང་གི་ཟག་བཅས་ཀྱི་ཡུལ་ (རྨོངས་པ་དང་འབྲེལ་བ་) ལ་དམིགས་ཀྱི་ཡོད། དེ་ཡང་སྲོག་ལྡན་དང་སྲོག་དང་མི་ལྡན་པ་གཉིས་གང་རུང་ཡིན་པ་དང་། ཡུལ་གྱི་རང་བཞིན་ལ་བརྟེན་ནས་ཡུལ་དེ་ཡིད་དུ་འོང་བར་གཞི་བྱས་ནས་འཐོབ་པར་འདོད་པ་དེ་རེད། དེས་ང་ཚོར་སྡུག་བསྔལ་འབྱུང་བའི་བྱ་བ་བྱེད་ཀྱི་ཡོད། དབང་ཤེས་དང་ཡིད་ཤེས་གང་རུང་ལ་བརྟེན་ནས་འདོད་ཆགས་སམ་འདོད་རྔམ་འབྱུང་སྲིད་ནའང་། དེའི་སྔོན་ཚུད་ནས་རྟོག་པའི་སྒྲོ་འདོགས་ལ་གཞི་བྱས་ཡོད། དབང་པོའི་ཤེས་པ་ནི་རྟག་ཏུ་རྟོག་མེད་ཡིན་པ་དང་ཡིད་ཀྱི་ཤེས་པ་ནི་རྟོག་བཅས་དང་རྟོག་མེད་གང་རུང་ཡིན་སྲིད་པ་དེ་ཤེས་དགོས། སྔོན་ཚུད་ཀྱི་སྒྲོ་འདོགས་དེས་འདོད་པའི་ཡུལ་གྱི་ཁྱད་ཆོས་བཟང་པོ་རྣམས་ལ་སྒྲོ་འདོགས་པའམ་ཡང་ན་ཡུལ་དེ་ལ་མེད་པའི་ཁྱད་ཆོས་བཟང་པོ་རྣམས་ཁ་སྣོན་བྱེད་ཀྱི་ཡོད། དེར་བརྟེན་རྟོག་པའི་སྒྲོ་འདོགས་ཀྱིས་ཚུལ་མིན་ཡིད་བྱེད་ (ཡང་དག་མིན་པའི་བསམ་ཞིབ་) ཀྱི་སྒོ་ནས་འདོད་པའི་ཡུལ་ལ་དོ་སྣང་བྱེད་ཀྱི་ཡོད། དཔེར་ན། མི་གཙང་བ་ (ལུས་པོ་ལྟ་བུ་བཙོག་པས་ཁེངས་པ་) ལ་གཙང་བར་འཛིན་པ་ལྟ་བུ་རེད། 

ནུབ་ཕྱོགས་པའི་ལྟ་ཚུལ་ལ། འདོད་ཆགས་དེ་གང་ཟག་གཞན་ཞིག་གམ་སྡེ་ཁག་གཞན་ཞིག་ལ་དམིགས་པའི་སྐབས། གང་ཟག་དེ་དང་སྡེ་ཁག་དེ་སོ་སོར་དག་པའམ། ཡང་ན་ང་ཚོ་གང་ཟག་དེ་དང་སྡེ་ཁག་དེའི་ཁོངས་སུ་གཏོགས་པ་ཞིག་ཆགས་པར་འདོད་པའི་རྣམ་པ་ཞིག་ཡིན་པ་དེ་ཁ་སྣོན་བྱེད་སྲིད། ད་དུང་འདོད་ཆགས་དེ་ནི་ནམ་རྒྱུན་ཡུལ་གྱི་མི་དགེ་བའི་ཁྱད་ཆོས་ལ་སྐུར་བ་འདེབས་པའམ་ཡང་ན་སྔོན་ཚུད་ནས་ཁས་མི་ལེན་པ་དེས་རྒྱབ་སྐྱོར་བྱས་ཡོད་པ་ལྟར་སྣང་ངེས་རེད། 

སློབ་དཔོན་དབྱིག་གཉེན་གྱིས་རྩ་ཉོན་འདི་ནི་ང་ཡི་བ་འཛིན་པའམ་ཆགས་སེམས་ལ་འགྲེལ་བརྗོད་གནང་ཡོད། འདི་ནི་འདོད་པའི་འདོད་ཆགས་སམ་ (གཟུགས་དང་། སྒྲ། དྲི། རོ། རེག་བྱ།) ཡང་ན་སྲིད་པའི་འདོད་ཆགས་གང་རུང་བློས་གཏོང་མི་འདོད་པའི་འདུན་སེམས་དེ་རེད། དེ་ནི་ད་དུང་ཡང་སྒྲོ་འདོགས་དང་ཟག་བཅས་ལ་ཚུལ་མིན་ཡིད་བྱེད་ཀྱི་སྒོ་ནས་དམིགས་པ་གཏད་ཚུལ་ཞིག་རེད། འདོད་པའི་འདོད་ཆགས་ལ་ཆགས་སེམས་སྐྱེ་བ་ནི་འདོད་པའི་ཁམས་ལ་ཆགས་པ་རེད། སྲིད་པ་འཁོར་བར་ཆགས་སེམས་སྐྱེ་བ་ནི་གཟུགས་ཁམས་ཡང་ན་གཟུགས་མེད་ཀྱི་ཁམས་ལ་ཆགས་པ་རེད། འདིའི་དོན་ནི་ཁམས་དེ་དག་གི་ནང་འཐོབ་པའི་ཏིང་ངེ་འཛིན་ལ་ཆགས་པ་དེ་རེད། 

༢༽ ཁོང་ཁྲོ། འདི་ནི་སེམས་ཅན་གཞན་དང་། སོ་སོའི་སྡུག་བསྔལ་ལམ་སྡུག་བསྔལ་ཅན་གྱི་གནས་སྟངས་ལ་དམིགས་པའམ། ཡང་ན་དེ་གཉིས་གང་རུང་ལས་འབྱུང་སྲིད་པ་དང་སྡུག་བསྔལ་འབྱུང་བའི་གནས་སྟངས་དེ་ཙམ་ཡིན་སྲིད། དེ་དག་ལ་མི་བཟོད་པ་དང་མེད་པ་བཟོ་འདོད་ཡོད་པ་དེ་རེད། དཔེར་ན། གནོད་སེམས་ཀྱིས་ཀུན་ནས་བསླངས་ཏེ་གནོད་པ་སྐྱེལ་བའམ། ཡང་ན་ཀུན་ནས་མནར་སེམས་ཀྱི་སྒོ་ནས་རྡུང་རྡེག་གཏོང་བ་ལྟ་བུ་རེད། དེ་ནི་རང་བཞིན་གྱིས་ཡུལ་ཡིད་དུ་མི་འོང་བའམ་ཡང་ན་ཞེན་པ་ལོག་པ་ཞིག་ལ་གཞི་བྱས་ཡོད། ཞེ་སྡང་ནི་ཁོང་ཁྲོའི་ནང་གསེས་ཤིག་ཡིན་པ་དང་། དེ་ནི་སེམས་འབའ་ཞིག་ལ་དམིགས་པ་མིན་ནའང་། གཙོ་བོ་སེམས་ཅན་ལ་དམིགས་ཀྱི་ཡོད། 

འདོད་ཆགས་ལ་བརྟེན་ནས་ཁོང་ཁྲོ་ནི་དབང་ཤེས་དང་ཡིད་ཤེས་གང་རུང་ལ་བརྟེན་ནས་འབྱུང་སྲིད་ནའང་། དེ་ནི་སྔོན་ཚུད་ནས་རྟོག་པའི་སྒྲོ་འདོགས་ལ་གཞི་བྱས་ཡོད། སྒྲོ་འདོགས་དེས་ཡུལ་གྱི་ཁྱད་ཆོས་བཟང་པོ་ལ་སྒྲོ་འདོགས་བྱེད་པའམ་ཡང་ན་དེ་ལ་མེད་པའི་ཁྱད་ཆོས་ངན་པ་རྣམས་ཁ་སྣོན་བྱེད་ཀྱི་ཡོད། དེར་བརྟེན་རྟོག་པའི་སྒྲོ་འདོགས་ཀྱིས་ཡུལ་ལ་ཚུལ་བཞིན་མ་ཡིན་པར་འཛིན་གྱི་ཡོད། དཔེར་ན། ཉེས་སྐྱོན་མིན་པ་ལ་ཚུལ་མིན་ཡིད་བྱེད་ཀྱི་སྒོ་ནས་ཉེ་སྐྱོན་དུ་བསམ་པ་ལྟ་བུ་རེད། 

ནུབ་ཕྱོགས་ཀྱི་ལྟ་ཚུལ་ལྟར་ན། ཁོང་ཁྲོ་དང་ཞེ་སྡང་དེ་གང་ཟག་གཞན་ཞིག་གམ་སྡེ་ཁག་གཞན་ལ་དམིགས་པའི་སྐབས། དེས་གང་ཟག་དེ་དང་སྡེ་ཁག་དེ་ངོས་ལེན་མི་བྱེད་པའི་རྣམ་པ་དེ་ཁ་སྣོན་བྱེད་སྲིད། ཡང་ན་གང་ཟག་དེ་དང་སྡེ་ཁག་དེས་ངོས་ལེན་བྱེད་ཀྱི་མ་རེད་བསམ་པའི་ཞེད་སྣང་སྐྱེས་པ་སོང་ཙང་། ང་ཚོས་ཁོང་ཁྲོ་དེ་སོ་སོ་རང་ཉིད་ཀྱི་ཕྱོགས་སུ་ཁ་ཕྱོགས་སྒྱུར་སྲིད། ད་དུང་དེའི་སྒང་ལ་ཁོང་ཁྲོ་ནི་ནམ་རྒྱུན་ཡུལ་གྱི་ཁྱད་ཆོས་བཟང་པོ་ལ་སྐུར་བ་འདེབས་པའམ་སྔོན་ཚུད་ནས་ངོས་ལེན་མི་བྱེད་པ་དེས་རྒྱབ་སྐྱོར་བྱས་པ་ལྟ་བུར་སྣང་གི་ཡོད། 

༣༽ ང་རྒྱལ། འདི་ནི་འཇིག་ཚོགས་ལ་ལྟ་བ་ཉོན་མོངས་ཅན་ལ་གཞི་བྱས་པའི་ཁེངས་པ་ཞིག་ཡིན། གཤམ་དུ་འགྲེལ་བརྗོད་བྱས་པ་ལྟར། ལྟ་ཉོན་འདིས་ང་ཚོའི་ཕུང་པོ་ལྔའི་རྣམ་པ་འགའ་ཞིག་ལ་དམིགས་ནས་དེ་དག་ཕུང་པོ་ལ་ལྟོས་མེད་ཀྱིས་ “ང་” ཟེར་བ་ཞིག་ལོགས་སུ་གཅིག་པུར་ཡོད་པར་ངོས་འཛིན་པ་དང་དབང་དུ་བསྒྱུར་གྱི་ཡོད། འཇིག་ཚོགས་ལ་ལྟ་བའི་ལྟ་བ་ཉོན་མོངས་ཅན་གྱི་རྣམ་པ་དང་རིམ་པ་མི་འདྲ་བ་སྣ་ཚོགས་པ་དེ་དག་གི་ནང་ནས་འདི་དམིགས་བསལ་ངར་འཛིན་ལྷན་སྐྱེས་ལ་གཞི་བྱས་ཡོད། དེས་ང་ཚོས་གཞན་ལ་ཡི་རང་མི་བྱེད་པའམ་གཞན་གྱི་ཁྱད་ཆོས་བཟང་པོ་རྣམས་ལ་མི་གུས་པའི་བྱ་བ་བྱེད་པ་དང་། དེས་ང་ཚོས་སློབ་གཉེར་གང་འདྲ་ཞིག་བྱེད་པར་འགོག་རྐྱེན་བྱེད་ཀྱི་ཡོད། དེ་ལ་དབྱེ་བ་བདུན་ཡོད་དེ། 

  • ང་རྒྱལ་ནི་ཁྱད་ཆོས་གང་རུང་ཞིག་གི་སྒོ་ནས་རང་ཉིད་ལས་དམའ་བ་ཞིག་ལས་རང་ཉིད་ཡག་ག་དང་ཁྱད་དུ་འཕགས་པར་རློམ་པའི་སེམས་ཁེངས་པ་དེའོ།།
  • ལྷག་པའི་ང་རྒྱལ་ནི་ཁྱད་ཆོས་གང་རུང་གི་སྒོ་ནས་རང་ཉིད་དང་མཉམ་པའི་མི་དེ་ལས་རང་ཉིད་ཡག་ག་དང་ཁྱད་པར་དུ་འཕགས་པར་རློམ་པའི་སེམས་ཁེངས་པ་དེའོ།།
  • ང་རྒྱལ་ལས་ཀྱང་ང་རྒྱལ་ནི་ཁྱད་ཆོས་གང་རུང་གི་སྒོ་ནས་རང་ཉིད་ལས་མཐོ་བའམ་གཞན་ཁྱད་འཕགས་རྣམས་ལས་ཀྱང་རང་ཉིད་ཡག་ག་དང་ཁྱད་པར་འཕགས་པར་རློམ་པའི་སེམས་ཁེངས་པ་དེའོ།།
  • ངའོ་སྙམ་པའི་ང་རྒྱལ་ནི་ཉེ་བར་ལེན་པའི་ཕུང་པོར་དམིགས་བཞིན་དུ་ང་དང་ང་ཡི་བའི་དངོས་པོ་མེད་བཞིན་པར་ཡོད་དོ་སྙམ་དུ་རློམ་པའི་སེམས་ཁེངས་པ་དེའོ།།
  • མངོན་པའི་ང་རྒྱལ་ནི་ངས་དངོས་གནས་མ་ཐོབ་པའི་ཁྱད་ཆོས་འགའ་ཞིག་ཐོབ་བོ་སྙམ་དུ་སེམས་ཁེངས་པ་དེའོ།།
  • ཅུང་ཟད་སྙམ་པའི་ང་རྒྱལ་ནི་རང་ལས་ཆེས་མཆོག་ཏུ་གྱུར་པ་ལ་དམིགས་ནས། རང་ཉིད་ཁྱད་ཆོས་འགའ་ཞིག་གི་ཐོག་ནས་འདི་ལས་ཅུང་ཟད་དམན་ཙམ་ཡིན་སྙམ་པ་དང་། ད་དུང་ཡང་ཕལ་ཆེར་གཞན་ཀུན་ལས་ཁྱད་པར་དུ་འཕགས་པར་རློམ་པའི་སེམས་ཁེངས་པ་དེའོ།།
  • ལོག་པའི་ང་རྒྱལ་ནི་གོལ་སར་ཤོར་བའི་རྣམ་པ་འགའ་ཞིག་རང་ཉིད་ལ་ཐོབ་པའི་ཁྱད་ཆོས་བཟང་པོ་ཡིན་པར་འཛིན་ནས་སེམས་ཁེངས་པ་སྟེ། དཔེར་ན། རྔོན་པ་ཡག་པོ་ཞིག་བྱེད་པ་ལྟ་བུ་རེད། 

སློབ་དཔོན་དབྱིག་གཉེན་གྱིས་ནང་པའི་དཔེ་ཆ་འགའ་ཞིག་གི་ནང་ང་རྒྱལ་ལ་དབྱེ་ན་དགུ་གསལ་ཡོད་ཅེས་གསུངས་ཡོད་ནའང་། དེ་དག་གོང་གི་སྡེ་ཚན་གསུམ་གྱི་ནང་དུ་བསྡུ་ཆོག་སྟེ། དེ་དག་ནི་ང་རྒྱལ་དང་། ལྷག་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ་བཅས་ཡིན། ང་རྒྱལ་དགུ་པོ་ནི་སེམས་ཁེངས་པ་སྟེ།

  • རང་ཉིད་གཞན་ལས་ཁྱད་དུ་འཕགས་པར་ཚོར་བ།
  • རང་ཉིད་གཞན་དང་མཉམ་པར་ཚོར་བ།
  • རང་ཉིད་གཞན་ལས་དམན་པར་ཚོར་བ།
  • གཞན་རྣམས་རང་ཉིད་ལས་ཁྱད་དུ་འཕགས་པར་ཚོར་བ།
  • གཞན་རྣམས་རང་དང་མཉམ་པར་ཚོར་བ།
  • གཞན་རྣམས་རང་ལས་དམན་པར་ཚོར་བ།
  • རང་ཉིད་ལས་ཁྱད་དུ་འཕགས་པ་ཞིག་མེད་པར་ཚོར་བ།
  • རང་ཉིད་དང་མཉམ་པ་ཞིག་མེད་པར་ཚོར་བ།
  • རང་ཉིད་ལས་དམན་པ་ཞིག་མེད་པར་ཚོར་བ་བཅས་སོ།།

༤༽ མ་རིག་པ། འདི་ནི་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གཉིས་ཀ་ལྟར་ན། རྒྱུ་དང་འབྲས་བུའི་སྤྱོད་ལམ་མམ་དངོས་པའི་གནས་ལུགས་སམ་དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པ་དང་རྨོངས་པ་དེ་ཡིན་ཞེས་གསུངས། རྨོངས་པ་ནི་ལུས་སེམས་ལྕི་བའི་རང་བཞིན་དེ་རེད། མི་ཤེས་པའམ་མ་རིག་པ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའི་ (འཁོར་བ་) རྒྱུ་བྱེད་པ་དང་རྒྱུན་སྲིང་བར་བྱེད་པའི་ཉོན་མོངས་ཅན་གྱི་སེམས་ཤིག་རེད། དེའི་ཁོངས་སུ་མི་གཞན་ཞིག་གི་མིང་མི་ཤེས་པ་ལྟ་བུ་ཚུད་ཀྱི་མེད། མ་རིག་པ་དེས་ལོག་པར་ངེས་པ་དང་། ཐེ་ཚོམ། ཀུན་ནས་ཉོན་མོངས་པ་བཅས་སྐྱེད་པར་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་མ་རིག་པས་གནད་དོན་ཞིག་ཡང་དག་མིན་པ་དང་། ཉེན་སྲུང་མེད་པ། རང་གིས་རང་ལ་ངེས་བརྟན་མེད་པ་དང་གནོན་ཤུགས་ལ་ངེས་ཤེས་རྙེད་པ་བཅས་ལ་མགོ་མཁྲེགས་པོ་བཟོ་གི་ཡོད། 

སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་འཕགས་པ་ཐོགས་མེད་ཀྱི་ཚད་མ་རྣམ་ངེས་ཀྱི་འགྲེལ་བ་ལྟར་བྱས་ན། མ་རིག་པ་ནི་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་མི་གསལ་བ་དེ་ཡིན་ཞེས་གསུངས། 

མི་དགེ་བའི་སྤྱོད་ལམ་ནི་རྒྱུ་དང་འབྲས་བུའི་སྤྱོད་ལམ་གྱི་རྣམ་གཞག་མ་རིག་པ་ལས་འབྱུང་གི་ཡོད་པ་དང་དེས་གྲོགས་བྱས་ཡོད། དེར་བརྟེན་འཕགས་པ་ཐོགས་མེད་ཀྱིས། མ་རིག་འདི་ལ་བརྟེན་ནས་ང་ཚོས་ངན་འགྲོར་སྐྱེ་བའི་ལས་གསོག་གི་ཡོད་ཅེས་གསུངས། དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པའམ་རྨོངས་པ་དེས་དགེ་མི་དགེ་ལུང་མ་བསྟན་གྱི་ལས་གང་རུང་སྐྱེད་པར་བྱེད་ཀྱི་ཡོད། དགེ་བའི་སྤྱོད་ལམ་ཁོ་ནར་དམིགས་ནས་མ་རིག་པ་འདི་ལྟ་བུ་བརྒྱུད་དེ་ང་ཚོས་འཁོར་བའི་བདེ་འགྲོའི་སྐྱེ་བ་མྱོང་བའི་ལས་གསོག་གི་ཡོད་ཅེས་འཕགས་པ་ཐོགས་མེད་ཀྱིས་འགྲེལ་བརྗོད་གནང་བ་ལྟར་རེད། 

སློབ་དཔོན་དབྱིག་གཉེན་དང་གྲུབ་མཐའ་འོག་མ་སྟེ། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ལྟར་ན། དེ་ཁོ་ན་ཉིད་ལ་མ་རིག་པ་ནི་གང་ཟག་རང་གཞན་གཉིས་ཀ་ཇི་ལྟར་ཡོད་པར་གོ་བ་ཡིན། དེའི་རྒྱུ་མཚན་གང་རེད་ཅེ་ན། གྲུབ་མཐའ་འོག་མ་རྣམས་ཀྱིས་ཆོས་ཀྱི་བདག་མེད་ཁས་ལེན་གྱི་མེད། ས་སྐྱ་དང་རྙིང་མའི་དབུ་མ་ཐལ་འགྱུར་བའི་འགྲེལ་ཚུལ་དང་། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཀའི་དབུ་མ་རང་རྒྱུད་པ་དང་སེམས་ཙམ་པའི་ལྟ་བ་འགྲེལ་ཚུལ་ལྟར་ན། འཕགས་པ་ཐོགས་མེད་ཀྱིས་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དེའི་ནང་དུའང་ཆོས་རྣམས་ཇི་ལྟར་ཡོད་པ་དེ་འཚུད་ཀྱི་མེད། དེ་གང་ཡིན་ཞེ་ན། ཆོས་རྣམས་ཇི་ལྟར་ཡོད་པར་རྨོངས་པའི་མ་རིག་པ་དེ་ནི་ཉོན་མོངས་ཅན་གྱི་སེམས་མིན་པ་དང་ཐར་པ་འཐོབ་པར་འགོག་རྐྱེན་བྱེད་ཀྱི་མེད་པར་ཁས་ལེན་གྱི་ཡོད། དེ་དག་གིས་ཤེས་བྱའི་སྒྲིབ་པའི་ཁོངས་སུ་སེམས་བྱུང་འདི་འཇུག་གི་ཡོད། དེ་ནི་ཕྱོགས་གཞན་ཞིག་ནས་བཤད་ན། ཐམས་ཅད་མཁྱེན་པ་འཐོབ་པར་གེགས་དང་བར་ཆད་བྱེད་པའི་ཤེས་སྒྲིབ་དེ་རེད། 

དགེ་ལུགས་དང་ཀརྨ་བཀའ་བརྒྱུད་ཀྱི་དབུ་མ་ཐལ་འགྱུར་བའི་ལྟ་བའི་ཐད་འགྲེལ་ཚུལ་གྱི་ནང་། ཆོས་ཐམས་ཅད་ཇི་ལྟར་ཡོད་པར་རྨོངས་པའི་མ་རིག་པ་དེ་སེམས་ཉོན་མོངས་པ་ཅན་ཡིན་པའི་རྣམ་པར་ཡོད། དེ་འདྲ་སོང་ཙང་། ཁོང་ཚོས་དེ་འཕགས་པ་ཐོགས་མེད་ཀྱི་མཆན་འགྲེལ་དང་ཉོན་མོངས་པའི་སྒྲིབ་པའི་ནང་འཇོག་གི་ཡོད། ཕྱོགས་གཞན་ཞིག་ནས་ཉོན་མོངས་ཅན་གྱི་སྒྲིབ་པ་སྟེ། དེས་ཐར་པ་འཐོབ་པར་གེགས་བྱེད་ཀྱི་ཡོད་པ་དེ་རེད། 

གཏི་མུག་ནི་མ་རིག་པའི་ནང་གསེས་ཤིག་ཡིན་པ་དང་དེའི་གོ་དོན་མཚན་ཉིད་པའི་དབང་དུ་བཀོལ་སྤྱོད་བྱེད་པའི་སྐབས། དེ་ནི་ཉོན་མོངས་ཅན་གྱི་སེམས་ཀྱིས་གྲོགས་བྱེད་པའི་མ་རིག་པ་ཁོ་ནར་གོ་བ་དང་། དེ་ཡང་རྒྱུ་འབྲས་ལ་རྨོངས་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ཀ་ཡིན། 

འདོད་ཆགས་དང་། (ཆགས་སེམས་ཏེ། མཚན་ཉིད་ལ་ལྟོས་ནས་) ཞེ་སྡང་། གཏི་མུག་གསུམ་ནི་ཉོན་མོངས་དུག་གསུམ་ཡིན།

༥༽ ཐེ་ཚོམ། འདི་ནི་གང་བདེན་པ་ཡིན་པའི་ཐད་ལ་ཡིད་གཉིས་སམ་བློ་རྩེ་གཉིས་སུ་འཇུག་པ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་གང་བདེན་པ་ཡིན་པར་ཁས་ལེན་པའམ་ཁས་མི་ལེན་པའི་དབར་ལ་ཡིད་གཉིས་ཀྱི་ཐེ་ཚོམ་བྱེད་པ་དེ་རེད། གང་བདེན་པ་ཡིན་པ་ཞེས་པ་ནི་འཕགས་པའི་བདེན་པ་བཞི་ལྟ་བུ་དང་རྒྱུ་འབྲས་ཀྱི་རྣམ་གཞག་ལྟ་བུར་གོ་བ་ཡིན། དེར་མ་ཟད། ཐེ་ཚོམ་དེ་གང་བདེན་པ་ཡིན་པ་དང་། གང་བདེན་པ་མིན་པའི་ཕྱོགས་སུ་མང་བ་འགྲོ་བའམ། ཡང་ན་དེ་གཉིས་ཀྱི་དབར་ཆ་སྙོམ་པར་དབྱེ་བ་ཕྱེས་ཡོད། ཐེ་ཚོམ་གྱིས་གང་དགེ་བ་ཡིན་པ་དེར་མི་འཇུག་པའི་གཞི་རྟེན་ལྟ་བུར་བྱ་བ་བྱེད་ཀྱི་ཡོད། 

འཕགས་པ་ཐོགས་མེད་ཀྱིས་འདིར་དཀའ་ངལ་གྱི་རྒྱུ་གཙོ་བོ་ནི་ཐེ་ཚོམ་ཉོན་མོངས་ཅན་དེ་ཡིན་ཞེས་གསུངས་ཡོད། དེ་ནི་གང་བདེན་པ་ཡིན་མིན་ཐད་ཡང་དག་མིན་པའི་ཐག་གཅོད་ཀྱི་ཕྱོགས་སུ་ཐེ་ཚོམ་མང་བ་ཟ་བར་གོ་བ་ཡིན། དེ་ནི་དཀའ་ངལ་བཟོ་མཁན་དེ་ཡིན་པ་རེད། གང་ཡིན་ཞེ་ན། གལ་ཏེ་ཐེ་ཚོམ་དེ་གང་ཡང་དག་པ་དང་ཡང་དག་པ་མིན་པ་གཉིས་ཀའི་ཕྱོགས་སུ་ཡིན་ན། དེས་དགེ་བར་འཇུག་པར་བྱེད་ཐུབ། 

༦༽ ལྟ་བ་ཉོན་མོངས་ཅན་གྱིས་རང་གི་ཡུལ་ལ་ཐབས་ངེས་ཅན་ཞིག་གི་ཐོག་ནས་ལྟ་ཚུལ་འཛིན་གྱི་ཡོད། དེ་དག་གིས་རང་གིས་རང་ལ་བརྟག་དཔྱད་དང་ཞིབ་འཇུག་མི་བྱེད་པར་དངོས་པོ་རྣམས་ཡུལ་འཚོལ་བ་ལྟ་བུར་འཚོལ་ཞིབ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་དེ་དག་ལ་རང་གི་ཡུལ་གྱི་ཕྱོགས་སུ་བསམ་བློའི་ཁྱེར་སོ་ཙམ་ཞིག་ཡོད། དེ་དག་རྟོག་བཅས་ཤེས་པ་ཁོ་ནའི་སྐབས་སུ་འབྱུང་གི་ཡོད་པ་དང་སྒྲོ་འདོགས་དང་སྐུར་འདེབས་གང་རུང་གིས་གྲོགས་བྱས་ཡོད། འོན་ཀྱང་སེམས་བྱུང་ཞིག་ཡིན་པའི་ཆ་ནས། དེ་དག་རང་ངོས་ནས་སྒྲོ་འདོགས་དང་སྐུར་འདེབས་བྱེད་ཀྱི་མེད། 

ལྟ་བ་ཉོན་མོངས་ཅན་ལྔ་ཡོད། འཕགས་པ་ཐོགས་མེད་ཀྱིས་དེ་དག་རེ་རེ་ནི་ཤེས་རབ་ཉོན་མོངས་ཅན་རེད་ཅེས་འགྲེལ་བརྗོད་གནང་ཡོད། ཡིན་ནའང་དེ་དག་ནི་ཡུལ་ངེས་པའི་ནང་གསེས་ཀྱི་ཤེས་རབ་མིན། འདིའི་རྒྱུ་མཚན་ནི་དེ་དག་གིས་འཕགས་པ་ཐོགས་མེད་ཀྱི་ངེས་པའི་ཤེས་རབ་འདིའི་དཔྱད་གཞིའི་དགོས་དོན་སྒྲུབ་མེད་པ་དང་། ཁོང་ཚོས་རང་གི་ཡུལ་དེ་ཡང་དག་པར་རྟོགས་པ་རེད། 

གཞན་ཡང་འཕགས་པ་ཐོགས་མེད་ཀྱིས་ལྟ་བ་ཉོན་མོངས་ཅན་དེ་དག་རེ་རེའི་ནང་།

  • འདིས་སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད་པར་ལྟ་བའི་རྣམ་པར་འབྱེད་པ་དེ་མེད་པར་བརྟེན། ལྟ་ཉོན་ལ་བཟོད་པ་ཡོད། 
  • འདིས་ཉོན་མོངས་ཅན་ཡིན་པར་རྟོགས་ཀྱི་མེད་པར་བརྟེན། དེ་ལ་ཆགས་སེམས་ཡོད། 
  • དེ་ནི་རྣམ་དཔྱོད་དང་བློ་གྲོས་ལྡན་པ་ཡིན་བསམ་པ་དེ་ཡོད།
  • འདིས་དམ་པོར་འཛིན་སའི་རྟོག་པའི་སྒྲོམ་གཞི་ཞིག་ཡོད།
  • དེ་ཡང་དག་པ་ཡིན་པའི་ཚོད་དཔག་དེ་ཡོད། 

ལྟ་བ་ཉོན་མོངས་ཅན་ལྔ།

༡༽ འཇིག་ཚོགས་ལ་ལྟ་བ་འཇིག་ལྟ་སྟེ། སྐད་ཅིག་རེ་རེ་ལ་འཇིག་ཅིང་རྫས་དུ་མ་བསགས་པའི་ཚོགས་ཡིན་པའི་ཕུང་པོ་ལྔ་པོ་འཚོལ་ཞིང་དམ་པོར་འཛིན་པ་དང་ཉེར་ལེན་གྱི་ཕུང་པོ་ལྔ་པོའི་སྟེང་ལ་རྟོག་པའི་སྒྲོམ་གཞིས་གྲོགས་བྱེད་པ་ཞིག་སྒྲོ་འདོགས་པའི་གཞི་ལྟ་བུ་དེ་ཡིན། རྟོག་པའི་སྒྲོམ་གཞི་ནི་ “བདག་དང་བདག་གི་བའམ་ང་ཡི་བའི་” དངོས་པོ་མེད་པ་ལ་ཡོད་པར་ལྟ་བ་དེ་རེད། དེས་གཞན་གང་གི་ཕུང་པོ་ལ་དམིགས་ཀྱི་མེད། འོན་ཀྱང་བདག་དང་བདག་གི་བ་ཞེས་བྱ་བ་ནི་འདིར་ཀུན་རྫོབ་ཏུ་ཡོད་པར་གོ་བ་མིན་པར། དེ་ལས་ལྡོག་སྟེ། དེ་ནི་དངོས་ཡོད་གང་དང་ཡང་རྩ་ནས་མི་མཐུན་པའི་རྫུས་མ་ཞིག་ལ་གོ་བ་ཡིན། བདག་རྫུས་མ་དེ་ནི་ཕུང་པོ་ལ་ལྟོས་མེད་ཀྱི་རྟག་གཅིག་རང་དབང་བའི་བདག་གམ་ཡང་ན་རང་རྐྱ་ཐུབ་པའི་བདག་གང་རུང་ཡིན་སྲིད། དེར་བརྟེན་འཇིག་ཚོགས་ལ་ལྟ་བ་ཉོན་མོངས་ཅན་ནི་ཀུན་རྫོབ་ཀྱི་བདག་དེ་ཇི་ལྟར་གྲུབ་པ་མི་ཤེས་པ་ལ་གཞི་བྱས་ཡོད་པ་དང་། དེ་ཡང་གང་ཟག་གི་བདག་འཛིན་གྱིས་གྲོགས་བྱས་ཡོད། གང་ཟག་གི་བདག་འཛིན་འདི་ནི་བདག་དང་བདག་གི་བ་འདིས་དོན་ངོ་མར་སྒྲོ་འདོགས་བྱེད་ཀྱི་ཡོད་པ་ལས། ལྟ་བ་ཉོན་མོངས་ཅན་རང་ལ་མིན། 

དེ་ལས་ཞིབ་ཕྲར་བརྗོད་ན། འཇིག་ཚོགས་ལ་ལྟ་བ་ཉོན་མོངས་ཅན་ནི་ཤེས་རབ་ཉོན་མོངས་ཅན་ཡིན་པ་དང་། དེས་ཕུང་པོ་ལ་ངར་འཛིན་དང་གཅིག་པ་འཛིན་གྱི་ཡོད། དེ་ནི་བདག་རྫུས་མ་དེ་རེད། ཡང་ན་དེས་ཕུང་པོ་ལ་ང་ཡིར་འཛིན་གྱི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་བདག་རྫུས་མ་དེ་དང་རྦད་དེ་མི་འདྲ་བ་ཡིན། དཔེར་ན། དེ་དག་ལ་བདག་གིར་བྱེད་པོ་དང་། སྟངས་འཛིན་བྱེད་པོ། ཡང་ན་དེ་དག་གི་ནང་སྡོད་མཁན་ལྟ་བུ་རེད། འཛིན་པ་ཞེས་བྱ་བ་ནི་འདིར་ཡུལ་དེ་ལ་སྒྲོ་འདོགས་ཀྱི་སྡེ་ཚན་གཅིག་གམ་དེ་ལས་མང་བའི་རྒྱུད་ལམ་ལ་བརྟེན་ནས་རྟོག་པ་དང་བཅས་ཤེས་པ་དང་། སྡེ་ཚན་དེ་དག་གི་སྒྲོ་འདོགས་ཡང་དག་པ་ཡིན་པར་བསམ་པ་དེ་རེད། རྟོག་པའི་སྡེ་ཚན་གྱི་ནང་ལྟ་ཉོན་འདི་དམ་པོར་འཛིན་སའི་རྟོག་པའི་སྒྲོམ་གཞི་ཡོད། སྐབས་འདིར་སྒྲོ་འདོགས་ཀྱི་སྡེ་ཚན་གྱི་ནང་མི་སྲིད་པའི་བདག་རྫུས་མ་གཉིས་ཀ་ཡོད་པ་དང་། དེ་ཡང་གཅིག་དང་ཐ་དད་ (དུ་མ་) གང་རུང་ཡོད། 

དེར་མ་ཟད། འཇིག་ཚོགས་ལ་ལྟ་བ་འདིས་ཕུང་པོ་དེ་དག་གཅིག་གམ་དེ་ལས་མང་བ་གཞན་ཚང་མ་ལས་ཁྱད་པར་འབྱེད་པ་ལ་གཞི་བྱས་ཏེ། ང་ཚོའི་ཕུང་པོ་གཅིག་གམ་དེ་ལས་མང་བར་འཛིན་གྱི་ཡོད། ཤེས་རབ་ཉོན་མོངས་ཅན་ཞིག་ལ་མཚོན་ན། འདིས་ཁྱད་པར་འདི་ལ་ངེས་ཤེས་སྦྱིབ་གྱི་ཡོད། ཚུལ་མིན་ཡིད་བྱེད་ཀྱིས་ཀྱང་ལྟ་བ་ཉོན་མོངས་ཅན་འདི་ལ་གྲོགས་བྱེད་ཀྱི་ཡོད་པ་དང་། འདི་ནི་ཕུང་པོ་རྣམས་སྒྲོ་འདོགས་ཀྱི་སྡེ་ཚན་ཡིན་པར་དམིགས་པར་ཡིད་ལ་བྱེད་པའི་སེམས་བྱུང་དེ་རེད། 

རྗེ་ཙོང་ཁ་པ་ཆེན་པོ་ལྟར་ན། ཇི་ལྟར་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གྱིས་འགྲེལ་བརྗོད་གནང་བ་ནང་བཞིན་འཇིག་ཚོགས་ལ་ལྟ་བ་འདིས་དོན་ངོ་མར་ཕུང་པོ་ལ་དམིགས་ཀྱི་མེད། རྗེ་ཙོང་ཁ་པའི་རྗེས་འབྲང་དགེ་ལུགས་པའི་དབུ་མ་ཐལ་འགྱུར་བའི་ལུགས་ལྟར་ན། འདིས་ཀུན་རྫོབ་ཀྱི་བདག་ལ་དམིགས་ཀྱི་ཡོད་པ་དང་། ཀུན་རྫོབ་ཀྱི་བདག་དེ་ནི་འཇིག་ཚོགས་ཀྱི་ཕུང་པོར་བཏགས་པ་དེ་རེད། དེར་མ་ཚད། དེ་ལ་དམ་པོར་འཛིན་པའི་བདག་རྫུས་མ་དེ་ནི་བདེན་པར་གྲུབ་པ་ཞིག་རེད། 

༢༽ མཐར་འཛིན་པའི་ལྟ་བ་མཐར་ལྟ་སྟེ། ཕུང་པོ་ལྔ་པོ་རྟག་པའམ་ཡང་ན་ཆད་པར་ལྟ་བའི་རྣམ་པ་ཅན་དེ་རེད། བྱང་ཆུབ་ལམ་རིམ་ཆེན་མོའི་ནང་། རྗེ་ཙོང་ཁ་པ་ཆེན་པོས། མཐར་འཛིན་པའི་ལྟ་བ་ནི་ཀུན་རྫོབ་ཀྱི་བདག་ལ་དམིགས་པའི་ཤེས་རབ་ཉོན་མོངས་ཅན་ཡིན་པ་དང་། སྔོན་གྱི་ཉོན་མོངས་དེས་འཇིག་ཚོགས་ལ་བརྟེན་ནས་ངོས་འཛིན་བྱས་ཡོད་ཅེས་གསལ་བཤད་གནང་ཡོད། འདིས་ཀུན་རྫོབ་ཀྱི་བདག་ནི་རྟག་པའི་ངོ་བོ་ཡོད་པའམ་ཡང་ན་སྐྱེ་བ་ཕྱི་མར་རྒྱུད་མེད་པར་བསམ་གྱི་ཡོད། སློབ་དཔོན་དབྱིག་གཉེན་ལྟར་ན། མཐར་ལྟ་འདིས་ཉེར་ལེན་གྱི་ཕུང་པོ་འདི་རྟག་ཏུ་གནས་པའམ་ཡང་ན་འཆི་ཁར་སྐྱེ་བ་ཕྱི་མར་རྒྱུད་མེད་པར་མཐའ་གཅིག་ཏུ་མཇུག་རྫོགས་ཀྱི་ཡོད་པར་ལྟ་བ་ཡིན། 

༣༽ ལྟ་བ་མཆོག་ཏུ་འཛིན་པ་ནི། ང་ཚོའི་ལྟ་ཉོན་རྣམས་དང་དེ་ལ་གཞི་བྱས་ནས་བསྐྲུན་པའི་འཁོར་བའི་ཉེར་ལེན་གྱི་ཕུང་པོ་རྣམས་ལ་མཆོག་ཏུ་འཛིན་གྱི་ཡོད། རྗེ་ཙོང་ཁ་པ་ཆེན་པོས། ཤེས་རབ་ཉོན་མོངས་ཅན་འདིའི་དམིགས་སའི་ལྟ་བ་འདི་ནི་ང་ཚོའི་འཇིག་ཚོགས་ལ་ལྟ་བ་དང་། མཐར་ལྟ། ལོག་ལྟ་གང་རུང་ཡིན་སྲིད་ཅེས་གསལ་བཤད་གནང་ཡོད། སློབ་དཔོན་དབྱིག་གཉེན་ལྟར་ན། ཉོན་མོངས་འདིས་ཉེར་ལེན་གྱི་ཕུང་པོ་ཡིད་ལ་བྱེད་པ་དང་། དེ་ལ་གཞི་བྱས་ནས་དེ་དག་མཐའ་གཅིག་ཏུ་རང་བཞིན་གྱིས་གཙང་མ་དང་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པའི་ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་གོང་གི་ལྟ་བ་ཉོན་མོངས་ཅན་གསུམ་པོ་གང་རུང་བསྐྲུན་ཡོད།

༤༽ ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། འདི་ལ་བརྟེན་ནས་སྡིག་པ་འདག་པ་དང་། ཉོན་མོངས་གྲོལ་བ། ཉོན་མོངས་ཅན་གྱི་ཚུལ་ཁྲིམས་འགའ་ཞིག་དང་ཉོན་མོངས་ཅན་གྱི་བརྟུལ་ཞུགས་འགའ་ཞིག །དེ་བཞིན་ཉོན་མོངས་ཅན་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་འབྱུང་བར་བྱེད་པའི་ཉེར་ལེན་གྱི་ཕུང་པོར་དམིགས་ནས་འཁོར་བ་ལས་ངེས་པར་འབྱིན་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་རེད། ལྟ་ཉོན་འདི་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་ལྟ། ལོག་ལྟ་བཅས་ལ་འཛིན་པ་སྐྱེ་བ་ལས་བྱུང་བ་ཡིན། འདིས་ཉོན་མོངས་ཅན་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི། ང་ཚོའི་སྡིག་པ་རྣམས་དག་པ་དང་ཉོན་མོངས་ལས་གྲོལ་བ། དེ་བཞིན་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ (འཁོར་བ་) ལས་ངེས་པར་འབྱིན་པའི་ལམ་ལྟ་བུར་ཡིད་ལ་བྱེད་ཀྱི་ཡོད། ད་དུང་ཉོན་མོངས་ཅན་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་བརྟེན་ནས་དེ་དག་གིས་སྒྲིག་བཅུན་པའི་ཉེར་ལེན་གྱི་ཕུང་པོ་འདིའང་སྡིག་པ་འདག་པ་དང་། ཉོན་མོངས་ལས་གྲོལ་བ། འཁོར་བ་ལས་ངེས་པར་འབྱིན་པར་ལྟ་བ་ཡིན། 

རྗེ་ཙོང་ཁ་ཆེན་པོས་ཚུལ་ཁྲིམས་ཉོན་མོངས་ཅན་ནི་རང་ངོས་ནས་འདོར་བར་དོན་མེད་པའི་སྤྱོད་ལམ་གྱི་རིགས་ཆུང་ཙག་འགའ་ཞིག་སྤོང་བ་སྟེ། དཔེར་ན། རྐང་པ་གཉིས་ཀྱི་སྟེང་ལ་ལངས་བ་ལྟ་བུ་དང་། བརྟུལ་ཞུགས་ཉོན་མོངས་ཅན་ནི་ཐག་ཆོད་པོའི་སྒོ་ནས་བླང་བར་དོན་མེད་པའི་ང་ཚོའི་གོས་གྱོན་སྟངས་དང་། ལུས་ངག་གི་སྤྱོད་ལམ་ཆུང་ཙག་རིགས་ལ་འཇུག་པ་སྟེ། དཔེར་ན། ཉི་མ་ཚ་བའི་སྒང་ལ་རང་ཉིད་རྐང་པ་གཅིག་གི་སྟེང་དམར་ཧྲེང་དུ་ལངས་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལྟ་བུར་འགྲེལ་བརྗོད་གནང་ཡོད། 

༥༽ ལོག་ལྟ་ནི། རྒྱུ་དངོས་དང་། འབྲས་བུ་དངོས། བྱ་བྱེད་དངོས་སམ་ཡང་ན་གང་ཡོད་པའི་ཆོས་ཤིག་དངོས་གནས་མིན་པ་དང་མེད་པར་ལྟ་བ་དེ་རེད། བྱས་ཙང་། ལོག་ལྟ་ནི་སྐུར་འདེབས་ཀྱིས་གྲོགས་བྱས་ཡོད་དེ། དཔེར་ན། དགེ་བ་དང་མི་དགེ་བའི་ལས་ནི་བདེ་བ་དང་སྡུག་བསྔལ་མྱོང་བའི་རྒྱུ་ངོ་མ་ཡིན་པའི་བདེན་དོན་ལ་སྐུར་བ་བཏབ་ནས་རྒྱུ་ངོ་མ་མིན་པར་ལྟ་བ་ལྟ་བུ་རེད། སྐུར་འདེབས་དེ་ཡང་བདེ་བ་དང་སྡུག་བསྔལ་ནི་དགེ་མི་དགེའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཡིན་སྲིད། ཡང་ཚེ་སྔ་ཕྱི་བྱ་བ་བྱེད་ཀྱི་ཡོད་པའམ་ཡང་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་ཡོད་པའི་བདེན་དོན་དེ་ཡིན་སྲིད། 

རྗེ་ཙོང་ཁ་པ་ཆེན་པོ་དང་དགེ་ལུགས་ཀྱི་དབུ་མ་ཐལ་འགྱུར་བའི་ལུགས་ལྟར་ན། ལོག་པར་ལྟ་བས་རྒྱུ་རྫུས་མ་དང་། འབྲས་བུ་རྫུས་མ། བྱ་བྱེད་རྫུས་མ། ཡང་ན་དངོས་པོ་མེད་པ་ཞིག་ཡོད་པ་དང་བདེན་པར་ལྟ་བ་དེའང་ཡིན་སྲིད་ཅེས་གསུངས། དེར་བརྟེན་དེ་ལ་སྒྲོ་འདོགས་ཀྱིས་ཀྱང་གྲོགས་བྱས་ཡོད་སྲིད། དཔེར་ན། སྤྱི་གཙོ་བོའམ་ཧིནྡུའི་ཆོས་ལུགས་ནང་གི་དབང་ཕྱུག་ནི་སེམས་ཅན་རྣམས་ཀྱི་རྒྱུའམ་བྱེད་པོ་དེ་ཡིན་པ་ལྟ་བུ་རེད། 

ཉེ་བའི་ཉོན་མོངས་ཉི་ཤུ།

ཉེ་ཉོན་ཉི་ཤུ་ནི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ཉོན་མོངས་དུག་གསུམ་ལས་འབྱུང་གི་ཡོད། ཉེ་ཉོན་ཉི་ཤུ་དེ་དག་ནི།

༡༽ ཁྲོ་བ་སྟེ། འདི་ནི་ཞེ་སྡང་གི་ཆར་གཏོགས་པ་དང་གཞན་ལ་གནོད་འདོད་ཀྱི་འདུན་པ་གདུག་རྩུབ་ཅན།

༢༽ འཁོན་འཛིན་ཏེ། འདིའང་ཞེ་སྡང་གི་ཆར་གཏོགས་པ་དང་སེམས་ནང་གཏིང་ནད་འཛིན་པ་ཞིག་ཡིན། དེ་ལ་བརྟེན་ནས་དགྲ་ཤ་ལེན་རྒྱུའི་འདུན་པ་རྒྱུན་སྲིང་བ་དང་། རང་དང་རང་གི་དགའ་ཉེ་བརྩེ་གྲོགས་རྣམས་ལ་གནོད་འཚེ་བྱུང་བ་ལ་འཁོན་ལན་སློག་པ་དེ་རེད། 

༣༽ འཆབ་པ་སྟེ། འདི་ནི་གཏི་མུག་གི་ཆར་གཏོགས་པ་དང་རང་གཞན་སུ་ཡིན་རུང་ཁ་ན་མ་ཐོ་བའི་ལས་རྣམས་སྦ་བའམ་ཡང་ན་ངོས་ལེན་མི་བྱེད་པ་དེ་རེད། དེ་དག་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་ཡིན་སྲིད། དཔེར་ན། དུག་སྦྲང་གསོད་པའི་མི་དགེ་བའི་ལས་ལྟ་བུ་དང་། ཡང་ན་དེ་དག་ནི་བཅས་པའི་ཁ་ན་མ་ཐོ་བའི་ལས་ཀྱང་ཡིན་སྲིད། དེ་ཡང་སངས་རྒྱས་ཀྱིས་གང་ཟག་ངེས་ཅན་ལ་གདམས་ཤིང་བཅས་པའི་བར་མའི་ལས་ལྟ་བུ་ང་ཚོས་སྤོང་བར་དམ་བཅས་པ་སྟེ། དཔེར་ན། གལ་ཏེ་ང་ཚོ་དགེ་སློང་ཕ་དང་མ་གང་ཡིན་རུང་ཕྱི་དྲོའི་ཁ་ཟས་སྤོང་བ་ལྟ་བུ་རེད། 

༤༽ འཚིག་པ་སྟེ། འདིའང་ཞེ་སྡང་གི་ཆར་གཏོགས་པ་དང་། ཁྲོ་བ་དང་འཁོན་འཛིན་ལ་གཞི་བྱས་ནས་ངག་གི་སྒོ་ནས་ཚིག་རྩུབ་སྨྲ་བའི་འདུན་སེམས་དེ་རེད། 

༥༽ ཕྲག་དོག་སྟེ། འདིའང་ཞེ་སྡང་གི་ཆར་གཏོགས་པ་ཞིག་ཡིན་པ་དང་། གཞན་གྱི་ཁྱད་ཆོས་བཟང་པོ་དང་ལམ་ལྷོང་ལེགས་གྲུབ་ལ་བཟོད་མི་ཐུབ་པའི་ཉོན་མོངས་ཤིག་རེད། དེ་ནི་སོ་སོ་རང་ཉིད་ཀྱི་རྙེད་པ་དང་རང་ཉིད་ལ་འཐོབ་པའི་གུས་ཞབས་ལ་ཆགས་སེམས་མང་དྲགས་པའི་རྐྱེན་གྱིས་རེད། དེར་བརྟེན་ཕྲག་དོག་ (jealousy) ཟེར་བ་ནི་ཨིན་སྐད་ནང་གི་ (envy) ཟེར་བ་དེ་དང་དོན་གཅིག་མིན། ཨིན་སྐད་ནང་གི་ (envy) མིག་སེར་ཟེར་བ་ནི་གཞན་གྱི་ཁྱད་ཆོས་བཟང་པོ་དང་ལམ་ལྷོང་ལ་བཟོད་མི་ཐུབ་པ་ཙམ་དུ་མ་ཟད། དེ་དག་རང་ཉིད་ལ་ཡོད་ན་ཅི་མ་རུང་སྙམ་པ་དང་། ནམ་རྒྱུན་ཕ་རོལ་གྱི་གང་ཟག་ལ་དེ་དག་ཐམས་ཅད་དང་བྲལ་ན་བསམ་པའི་འདོད་པ་དེ་ཡོད། 

༦༽ སེར་སྣ་སྟེ། འདི་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཞིག་ཡིན་པ་དང་། ཕྱི་དངོས་རྒྱུ་དང་གུས་ཞབས་ལ་ཆགས་ཤིང་། རྒྱུ་དངོས་གང་ཡིན་ནའང་བློས་གཏོང་བྱེད་འདོད་མེད་པ་དང་། དེ་དག་ལ་ཞེན་ཆགས་སྐྱེས་ནས་གཞན་དང་མཉམ་སྤྱོད་བྱེད་འདོད་མེད་ལ། རང་ཉིད་ཀྱི་ཆེད་དུའང་བེད་སྤྱོད་གཏོང་འདོད་མེད་པ་དེ་རེད། བྱས་ཙང་། སེར་སྣ་ཟེར་བ་འདི་ཨིན་སྐད་ནང་གི་ (miserliness) ཟེར་བ་དེ་ (stinginess) ཟེར་བ་དེ་ལས་གོ་རྒྱུ་ཆེ་བ་ཡོད། (stinginess) ཟེར་བ་ནི་ང་ཚོར་དག་པའི་རྒྱུ་དངོས་གང་ཞིག་མཉམ་སྤྱོད་དང་བེད་སྤྱོད་གཏོང་བའི་འདུན་པ་མེད་པ་ཙམ་དེ་རེད། (stinginess) ཟེར་བའི་ཚིག་དེ་ལ་ (miserliness) ལ་ཡོད་པ་ནང་བཞིན་རྒྱུ་ནོར་སྡེབ་གསོག་བྱེད་པའི་རྣམ་པ་དེ་མེད།  

༧༽ སྒྱུ་སྟེ། འདི་ནི་འདོད་ཆགས་དང་གཏི་མུག་གི་སྡེ་ཚན་ཞིག་ཡིན། རྒྱུ་དངོས་རྙེད་པ་དང་ང་ཚོར་འཐོབ་པའི་གུས་ཞབས་ལ་ཆགས་སེམས་མང་དྲགས་པ་དང་། གཞན་མགོ་སྐོར་གཏོང་འདོད་ཀྱིས་ནུས་ལྡན་དུ་བཟོས་པའི་རྒྱུ་མཚན་གྱིས་སྒྱུ་ནི་ང་ཚོར་མེད་ནའང་། ད་དུང་ཁྱད་ཆོས་བཟང་པོ་ཡོད་མདོག་མདོག་གིས་སྟོན་ཁུལ་བྱེད་ཀྱི་ཡོད། 

༨༽ གཡོ་སྟེ། འདིའང་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པ་ཞིག་ཡིན། རྒྱུ་དངོས་རྙེད་པ་དང་ང་ཚོར་འཐོབ་པའི་གུས་ཞབས་ལ་ཆགས་སེམས་མང་དྲགས་པའི་རྒྱུ་མཚན་གྱིས་འདི་ནི་རང་གི་སྐྱོན་དང་ཉེས་པའི་ཆ་རྣམས་གཞན་ལས་སྦ་བའི་སེམས་ཀྱི་གནས་བབས་ཤིག་རེད། 

༩༽ རྒྱགས་པ་སྟེ། འདི་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཞིག་ཡིན། ཚེ་རིང་བའི་རྟགས་མཐོང་བའམ་ཡང་ན་འཁོར་བའི་གཟི་བརྗིད་གང་རུང་མཐོང་བ་དང་། བདེ་ཐང་དང་། གཞོན་ནུ། ཕྱུག་པོ་སོགས་ཡིན་པར་གཞི་བྱས་ཏེ། རྒྱགས་པ་ནི་དེ་དག་གི་ཐད་ལ་བདེ་སྐྱིད་ཚོར་བ་དང་དེ་ལ་ལོངས་སུ་སྤྱོད་པའི་སེམས་ཁེངས་པའི་རྣམ་པ་ཅན་ཞིག་ཡིན། 

༡༠༽ རྣམ་པར་འཚེ་བ་སྟེ། འདི་ནི་ཞེ་སྡང་གི་ཆར་གཏོགས་པ་དང་འདི་ལ་རྣམ་པ་གསུམ་ཡོད་དེ། 

  • སྙིང་རྗེ་བ་མེད་པ་སྟེ། འདི་ནི་གདུག་རྩུབ་ཅན་སྙིང་རྗེ་དང་བྲལ་ཞིང་། འདི་ལ་བརྟེན་ནས་གཞན་ལ་གནོད་འཚེ་བྱ་འདོད་སྐྱེ་གི་ཡོད། 
  • སྙིང་བརྩེ་བ་མེད་པ་སྟེ། འདི་ནི་གདུག་རྩུབ་ཅན་རང་གིས་རང་ལ་བརྩེ་བ་མེད་ཅིང་། འདི་ལ་བརྟེན་ནས་ང་ཚོས་སོ་སོ་རང་ཉིད་ལ་གནོད་འཚེ་བྱ་འདོད་སྐྱེ་གི་ཡོད། 
  • བརྩེ་བ་མེད་པ་སྟེ། འདི་ནི་གཞན་གྱི་སྡུག་བསྔལ་མཐོང་བའམ་ཐོས་པའི་སྐབས། གདུག་རྩུབ་དང་བཅས་ཏེ་དགའ་བ་སྒོམ་པ་དེ་རེད། 

༡༡༽ ངོ་ཚ་མེད་པ་སྟེ། འདི་ནི་ཉོན་མོངས་དུག་གསུམ་པོ་གང་རུང་གི་ཆར་གཏོགས་པ་ཡིན། འདི་ནི་སོ་སོའི་བྱ་སྤྱོད་ལ་བརྟེན་ནས་རང་ཉིད་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་གཟབ་ནན་བྱེད་པའི་རྒྱུ་མཚན་གྱིས་མི་དགེ་བའི་སྤྱོད་ལམ་སྤོང་འདོད་མེད་པའམ། ཡང་ན་བདག་རྒྱུ་མཚན་དུ་བྱས་ཏེ་སྡིག་པ་ལ་མི་འཛེམ་པ་དེ་རེད། སློབ་དཔོན་དབྱིག་གཉེན་ལྟར་ན། འདི་ནི་རིན་ཐང་གི་ཚོར་བ་མེད་པའི་སེམས་བྱུང་ཡིན། ཁྱད་ཆོས་བཟང་པོ་རྣམས་དང་དེ་དག་དང་ལྡན་པའི་གང་ཟག་ལ་མི་གུས་པ་དེ་རེད། 

༡༢༽ ཁྲེལ་མེད་པ་སྟེ། འདིའང་ཉོན་མོངས་དུག་གསུམ་པོ་གང་རུང་གི་ཆར་གཏོགས་པ་ཡིན། འདི་ནི་སོ་སོའི་བྱ་སྤྱོད་ལ་བརྟེན་ནས་རང་དང་འབྲེལ་བ་ཡོད་པའི་གཞན་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པར་གཟབ་ནན་བྱེད་པའི་རྒྱུ་མཚན་གྱིས་མི་དགེ་བའི་སྤྱོད་ལམ་སློང་འདོད་མེད་པའམ། ཡང་ན་གཞན་རྒྱུ་མཚན་དུ་བྱས་ཏེ་སྡིག་པ་མི་དགེ་བ་དང་ཉེས་པ་ལ་འཛེམ་པ་མེད་པར་འཇུག་པ་དེ་རེད། དེ་དག་གི་ཁོང་སུ་ང་ཚོའི་ནང་མི་དང་། དགེ་རྒན། སྤྱི་ཚོགས་ཀྱི་སྡེ་ཁག །མི་རིགས་ཀྱི་སྡེ་ཁག །ཆོས་ལུགས། རང་གི་ཕ་ཡུལ་གཅིག་པ་བཅས་ཚུད་ཡོད། སློབ་དཔོན་དབྱིག་གཉེན་ལ་མཚོན་ན། སེམས་བྱུང་འདིའི་དོན་ནི་སོམ་ཉི་མེད་པ་དང་། བག་མེད་པའི་སྒོ་ནས་སྡིག་པའི་ལས་བྱེད་པར་སྟངས་འཛིན་བྲལ་བ་དེ་རེད། འདི་དང་གོང་གི་སེམས་བྱུང་གིས་མི་དགེ་བའི་སེམས་ཀྱི་གནས་བབས་ཚང་མར་གྲོགས་བྱེད་ཀྱི་ཡོད། 

༡༣༽ རྨུགས་པ་སྟེ། འདི་ནི་གཏི་མུག་གི་ཆར་གཏོགས་པ་ཡིན། འདི་ནི་ལུས་སེམས་ལྗིད་ཅན་དུ་ཚོར་བ་དང་དེ་ལ་བརྟེན་ནས་རིག་པ་མི་གསལ་བར་བྱེད་པ་དང་། ལས་སུ་མི་རུང་བ་བྱེད་པ། ཡུལ་གྱི་ཤེས་པའི་སྣང་བ་སྐྱེད་པར་བྱེད་པའམ་ཡང་ན་ཡུལ་ལ་ཡང་དག་པ་འཛིན་པར་བྱེད་ཀྱི་ཡོད། སེམས་མི་གསལ་བ་དངོས་སུ་ཆགས་པའི་སྐབས། རིག་པ་མུན་ནག་འཐིབས་པའམ་རྨུགས་པའི་རྐྱེན་གྱིས་དེ་ནི་བྱིང་བ་ཡིན་པ་རེད། 

༡༤༽ རྒོད་པ་སྟེ། འདི་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཡིན། འདི་ནི་ང་ཚོས་སྔོན་ནས་ཉམས་སུ་མྱོང་ཟིན་པ་ཞིག་ལ་དམིགས་ནས་དེ་ཡིད་ལ་དྲན་པ་དང་། ཡིད་དུ་འོང་བ་དང་ཆགས་སྡང་གི་ཡུལ་ལ་འཕྲོ་ཞིང་། དེ་དྲན་པའམ་དེ་ལ་བསམ་བློ་བཏང་ནས་སེམས་ནང་དུ་གནས་པར་མི་བྱེད་པའི་སེམས་བྱུང་ཞིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་འདིས་ང་ཚོའི་སེམས་ཀྱི་ཞི་བདེ་མེད་པ་བཟོ་གི་ཡོད། 

༡༥༽ མ་དད་པ་སྟེ། འདི་ནི་གཏི་མུག་གི་ཆར་གཏོགས་པ་དང་འདི་ལ་རྣམ་པ་གསུམ་ཡོད། དེ་དག་ཀྱང་བདེན་དོན་ལ་ཡིད་ཆེས་པའི་དད་པའི་ལྡོག་ཕྱོགས་རྣམས་རེད། དེ་ཡང་།

  • རྒྱུ་མཚན་ལ་གཞི་བྱས་པའི་བདེན་དོན་ལ་མ་དད་པ་སྟེ། དཔེར་ན། སྤྱོད་ལམ་གྱི་རྒྱུ་འབྲས་ལ་མ་དད་པ་ལྟ་བུ་རེད། 
  • དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་མ་དད་པ་སྟེ། དཔེར་ན། ང་ཚོའི་སེམས་འདི་ཉོན་མོངས་ལ་བརྟེན་ནས་རབ་རིབ་དང་བྱིང་འཐིབས་ཆགས་པ་དང་མི་སྐྱིད་པ་བཟོ་གི་ཡོད་པ་ལྟ་བུ་རེད། 
  • ང་ཚོས་ཐར་པའི་གོ་འཕང་འཐོབ་རུང་ཡིན་པ་ལ་མ་དད་པ་སྟེ། དཔེར་ན། དེ་ལ་དོ་དབྱིངས་མེད་པ་དང་དེ་འཐོབ་པར་མངོན་འདོད་མེད་པ་ལྟ་བུ་རེད། 

༡༦༽ ལེ་ལོ་སྟེ། འདི་ནི་གཏི་མུག་གི་ཆར་གཏོགས་པ་ཡིན། ལེ་ལོ་ལ་བརྟེན་ནས་སེམས་དེ་དགེ་བའི་ལས་ལ་མི་འཇུག་པ་དང་དགེ་བའི་ཕྱོགས་ལ་མི་སྤྲོ་ཞིང་འཇུག་པ་ལྷོད་པར་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་གཉིད་དང་། ལྷོད་ཉལ། ལྷོད་ཡངས་སོགས་འཇིག་རྟེན་གྱི་བདེ་བ་ལ་ཞེན་པ་སོང་ཙང་རེད། ལེ་ལོ་ལ་དབྱེ་ན་གསུམ་ཡོད་དེ།

  • སྒྱིད་ལུག་གི་ལེ་ལོ་སྟེ། འདི་ནི་དགེ་བའི་ལས་ཤིག་ད་ལྟ་བྱེད་འདོད་མེད་པར་དུས་ཚོད་རྗེས་མའི་བར་དུ་ཕྱིས་འགྱང་གཏོང་བར་འདོད་ཀྱི་ཡོད། དེའི་རྒྱུ་མཚན་ནི་འཁོར་བའི་ནང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་ལ་ཚོར་བ་མེད་པ་དང་། ཕན་མེད་ཀྱི་བདེ་བར་ཞེན་པ། ཡང་ན་དེ་ལས་གཡོལ་ཐབས་སུ་གཉིད་ལ་ཞེན་པ་ལྟ་བུ་རེད། 
  • བྱ་བ་ངན་ཞེན་གྱི་ལེ་ལོ་སྟེ། འདི་ནི་རྒྱན་པོ་འགྱེད་པ་དང་། ཆང་རང་ལ་ལོངས་སུ་སྤྱོད་པ། རང་ཉིད་ལ་ཤུགས་རྐྱེན་ངན་པ་སྤྲོད་མཁན་གྱི་གྲོགས་པོ། མཚན་ཚོགས་སོགས་སྟོན་མོར་འགྲོ་བ་ལ་སོགས་པ་ལྟ་བུ་རེད། 
  • ཞུམ་པའི་ལེ་ལོ་སྟེ། འདི་ནི་སེམས་ཞུམ་པའམ་སེམས་ཤུགས་ཆག་པ་དང་མི་འདང་བའི་ཚོར་བ་དེ་རེད། 

༡༧༽ བག་མེད་དེ། དེ་ཡང་འདོད་ཆགས་དང་། ཞེ་སྡང་། གཏི་མུག །ཡང་ན་ལེ་ལོ་ལ་གཞི་བྱས་ཏེ། དགེ་བའི་ལས་གང་ལའང་མི་འཇུག་པ་དང་རྨོངས་པས་བསླད་པའི་ལས་གང་ལའང་སྟངས་འཛིན་མི་བྱེད་པའམ་དགེ་སྐྱོན་ལ་ཇི་མི་སྙམ་པའི་སེམས་བྱུང་ཞིག་རེད། དེ་ནི་གནད་དོན་ལ་དོ་གལ་ཆེན་པོའི་སྒོ་ནས་དང་དུ་མི་ལེན་པ་སོང་ཙང་། ང་ཚོའི་སྤྱོད་ལམ་གྱི་ཕན་གནོད་ལ་གཟབ་ནན་མི་བྱེད་པ་དེ་རེད། 

༡༨༽ བརྗེད་ངེས་ཏེ། འདི་ནི་ཉོན་མོངས་ཅན་གྱི་ཡུལ་དྲན་པ་ལ་གཞི་བྱས་ཏེ། བརྗེད་ངེས་ནི་ང་ཚོའི་དམིགས་གཏད་བརླག་པ་དང་དེ་ལ་བརྟེན་ནས་ཉོན་མོངས་ཅན་གྱི་ཡུལ་དེ་ལ་སེམས་གཡེང་འགྲོ་གི་ཡོད། དམིགས་གཏད་བརྗེད་པའམ་ཡང་ན་བརྗེད་ངེས་ཀྱིས་རྣམ་པར་གཡེང་བའི་གཞི་ལྟ་བུ་བྱ་བ་བྱེད་ཀྱི་ཡོད། 

༡༩༽ ཤེས་བཞིན་མ་ཡིན་པ་སྟེ། འདི་ནི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་དང་འབྲེལ་ཞིང་། དེ་དག་གི་ཆར་གཏོགས་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ཡིན་པ་དང་། འདིས་རུང་བ་དང་རུང་བ་མིན་པ་གང་ཡིན་མི་ཤེས་པའི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་ཡང་དག་མིན་པའི་བྱ་སྤྱོད་ལ་འཇུག་པར་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་ཡང་དག་མིན་པའི་སྤྱོད་ལམ་བཅོས་པའམ་སྔོན་འགོག་བྱེད་པའི་ཐབས་བསྟེན་གྱི་མེད། 

༢༠༽ རྣམ་པར་གཡེང་བ་སྟེ། འདི་ནི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གི་ཆར་གཏོགས་པ་ཡིན། དུག་གསུམ་གང་རུང་གིས་རྐྱེན་བྱས་ཏེ། ང་ཚོའི་སེམས་འདི་དམིགས་གཏད་ལས་རྣམ་པར་གཡེང་བར་བྱེད་པའི་སེམས་བྱུང་ཞིག་རེད། གལ་ཏེ་འདོད་ཆགས་ཀྱིས་རྐྱེན་བྱས་ཏེ་སེམས་གཡེང་བ་ཡིན་ན། འདོད་པའི་ཡུལ་དེ་ང་ཚོས་སྔོན་ནས་གོམས་འདྲིས་ཡོད་པ་ཞིག་དགོས། དཔེར་ན། སེམས་རྒོད་པའི་གནས་སྐབས་ལྟ་བུ་རེད། 

གཞན་འགྱུར་བཞི།

འཕགས་པ་ཐོགས་མེད་ཀྱིས་སེམས་བྱུང་བཞི་གསུངས་ཡོད་པ་དང་། དེ་དག་ལ་བཟང་ངན་གྱི་སྒོ་ནས་གཞན་དུ་འགྱུར་བ་ཡོད། དེ་དག་ནི་མཚུངས་ལྡན་ལྔ་མཉམ་སྤྱོད་བྱེད་པའི་ཤེས་པའི་བཟང་ངན་ལ་ལྟོས་ནས་དགེ་བ་དང་། མི་དགེ་བ། ལུང་མ་བསྟན་གང་རུང་ཡིན་ཆོག །དེ་དག་ནི།

༡༽ གཉིད་དེ། འདི་ནི་གཏི་མུག་གི་ཆར་གཏོགས་པ་ཡིན། གཉིད་ནི་དབང་ཤེས་ནས་ཕྱིར་འཐེན་པ་དང་ལུས་ལྕི་བ་དང་། ཞན་པ། དུབ་པ། སེམས་མུན་པའི་རང་བཞིན་གྱིས་མཚོན་གྱི་ཡོད། འདིས་ང་ཚོས་ལས་ལ་འཇུག་མི་ནུས་པར་བྱེད་ཀྱི་ཡོད། 

༢༽ འགྱོད་པ་སྟེ། འདི་ནི་གཏི་མུག་གི་ཆར་གཏོགས་པ་ཡིན། སྔར་རང་གིས་བྱས་པའམ་གཞན་གྱིས་བྱེད་དུ་བཅུག་པའི་རུང་བ་དང་རུང་བ་མིན་པའི་ལས་ལ་ཡིད་མི་དགའ་བ་དང་བྱེད་འདུན་མེད་པའི་སེམས་བྱུང་དེ་རེད། 

༣༽ རྟོག་པ་སྟེ། འདི་ནི་རགས་པའི་སྒོ་ནས་གནད་དོན་ལ་བརྟག་པའི་རྩིང་བའི་རྣམ་པ་ཅན་གྱི་སེམས་བྱུང་རེད། དཔེར་ན། ཤོག་ལྷེ་ཞིག་གི་སྟེང་ལ་ནོར་འཁྲུལ་ཡོད་ན། དེ་ལ་རྩད་གཅོད་བྱེད་པ་ལྟ་བུ་རེད། 

༤༽ དཔྱོད་པ་སྟེ། འདི་ནི་གནད་དོན་ནམ་དོན་དེའི་ཁྱད་པར་སོ་སོར་གཞིགས་ནས་དཔྱད་པའི་ཞིབ་པའི་རྣམ་པ་ཅན་གྱི་སེམས་བྱུང་རེད། 

གོང་གི་སྡེ་ཚན་དེ་དག་གི་ཁོངས་སུ་མ་གཏོགས་པའི་སེམས་བྱུང་ཁག

བདེན་འཛིན་ལ་བརྟེན་ནས་ཡུལ་ལ་ཡིན་པ་མི་སྲིད་པའི་ཚུལ་དུ་སྒྲོ་འདོགས་པ་སོང་ཙང་། འདི་ལ་གཙོ་སེམས་དང་སེམས་བྱུང་གཉིས་ཀས་གྲོགས་བྱེད་སྲིད་ནའང་། དེ་ནི་གཙོ་སེམས་དང་སེམས་བྱུང་གང་ཡང་མིན། དེར་མ་ཟད། དེ་ནི་སེམས་བྱུང་ཞིག་མིན་པ་སོང་ཙང་། ཉོན་མོངས་ཀྱང་མིན། 

དགེ་ལུགས་ཀྱི་དབུ་མ་ཐལ་འགྱུར་བའི་འགྲེལ་ཚུལ་ལྟར་ན། འཕགས་པ་རྣམས་ཀྱི་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་མ་གཏོགས་གཞན་བདེན་འཛིན་ལ་རྟོག་བཅས་དང་རྟོག་མེད་ཀྱི་སྐད་ཅིག་ཡོངས་སུ་རྫོགས་པས་གྲོགས་བྱེད་ཀྱི་ཡོད། ད་དུང་འདིས་སྦྱོར་ལམ་གྱི་གང་ཟག་དེའི་རྒྱུད་ཀྱི་རྟོག་བཅས་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པའི་སྐད་ཅིག་ལ་གྲོགས་བྱེད་ཀྱི་མེད། དེ་ནི་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་ལ་བརྟེན་ནས་མཐོང་ལམ་མ་འཐོབ་གོང་གི་སྐད་ཅིག་དེ་རེད། རྟོག་མེད་ཀྱི་དབང་ཤེས་དང་ཡིད་ཤེས་ཀྱི་སྐབས། བདེན་འཛིན་མངོན་དུ་གྱུར་མེད། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གཞུང་ཁག་ནང་གསལ་ལྟར་ན། དེ་ནི་བག་ལ་ཉལ་ཡིན་པར་འགྲེལ་བརྗོད་མཛད་ཡོད་པ་དང་། དེ་ནི་ད་དུང་ཡང་གཅིག་རྟོགས་ཚུལ་དེ་རེད། པཎ་ཆེན་གྱི་གཞུང་ཁག་ནང་གསལ་ལྟར་ན། དེ་ནི་བག་ཆགས་ཁོ་ནར་འགྲེལ་བརྗོད་མཛད་ཡོད་པ་དང་། དེ་ནི་གཅིག་རྟོགས་ཚུལ་དེ་མིན་པར། དེ་ལས་ལྡོག་སྟེ། དེ་ནི་ལྡན་མིན་འདུ་བྱེད་ཅིག་རེད། དགེ་ལུགས་མིན་པའི་ཆོས་བརྒྱུད་གཞན་གྱི་དབུ་མའི་འགྲེལ་ཚུལ་ལྟར་ན། བདེན་པར་འཛིན་པའི་གོམས་པའམ་བག་ཆགས་རྣམས་རྟོག་མེད་དབང་ཤེས་དང་ཡིད་ཤེས་ཀྱི་སྐབས་སུ་ཡོད་ནའང་། འཛིན་པ་དེ་མེད་པར་བཞེད། ཀརྨ་བཀའ་བརྒྱུད་ཀྱི་བཞེད་ཚུལ་ལྟར་ན། བདེན་པར་འཛིན་པ་ནི་རྟོག་བཅས་ཤེས་པའི་སྐད་ཅིག་དང་པོའི་སྐབས་སུའང་མེད་ཅེས་གསུངས་ཡོད། 

དེ་ག་ནང་བཞིན་མཉམ་བཞག་ཡེ་ཤེས་དང་རྗེས་ཐོབ་ཡེ་ཤེས་གཉིས་ནི་གཙོ་སེམས་མིན་ལ་སེམས་བྱུང་ཡང་མིན། ཡིན་ནའང་དེ་དག་གིས་དེ་གཉིས་ཀར་གྲོགས་བྱེད་སྲིད་པ་ཡིན། འདིའི་རྒྱུ་མཚན་ནི་རང་གི་ཡུལ་རྟོགས་ཚུལ་ཙམ་ཞིག་མིན་པར། དེ་དག་བདེན་པར་གྲུབ་པ་དེའང་སུན་འབྱིན་གྱི་ཡོད།།

Top