འཕགས་པའི་བདེན་པ་བཞི་པོ་ཐམས་ཅད་ནི་སེམས་ཀྱི་སྐོར་རེད།
སེམས་ཀྱི་བརྗོད་གཞི་ནི་ནང་ཆོས་ནང་མེད་དུ་མི་རུང་བ་ཡིན་པ་དང་ཕལ་ཆེར་རྣམ་པ་གལ་འགངས་ཆེ་ཤོས་དེ་རེད། དེའི་རྒྱུ་མཚན་གང་རེད་ཅེ་ན། གཞི་རྐང་ནས་གལ་ཏེ་ང་ཚོས་སོ་སོ་རང་ཉིད་དང་གཞན་དག་ལ་ཡོད་པའི་དཀའ་ངལ་དང་སྡུག་བསྔལ་ལ་བསམས་ན། དེ་དག་ནི་ང་ཚོའི་སེམས་ཀྱིས་བསྐྲུན་པའི་དཀའ་ངལ་ཞིག་ཡིན་པ་རེད། ང་ཚོས་འཕགས་པའི་བདེན་པ་བཞིའི་སྐོར་བཤད་པའི་སྐབས།
- བདེན་པ་དང་པོ་ནི་སྡུག་བསྔལ་ཏེ། འདི་ནི་སེམས་ལ་བརྟེན་ནས་ཉམས་སུ་མྱོང་གི་ཡོད།
- དེའི་རྗེས་སྡུག་བསྔལ་གྱི་རྒྱུ་སྟེ། ཀུན་འབྱུང་བདེན་པ་ནི་གཞི་རྐང་ང་ཚོའི་བློའི་ཁྱེར་སོ་དང་རྨོངས་པ་དེ་རེད། དེར་བརྟེན་དེ་ནི་སླར་ཡང་སེམས་ལ་ཐུག་གི་ཡོད།
- དེ་ལས་འགོག་པ་དངོས་ཤིག་འཐོབ་པར་འདོད་པའི་སྐབས་ཏེ། འགོག་པའི་བདེན་པ་ནི་ང་ཚོའི་སེམས་ཀྱི་ནང་དུ་ཡོད་པའི་རྨོངས་པ་དང་། སྡུག་བསྔལ། སྡུག་བསྔལ་གྱི་རྒྱུ་དང་བཅས་ཡོངས་རྫོགས་དང་བྲལ་བའི་འགོག་པའི་བདེན་པ་འཐོབ་པར་འདོད་པ་དེ་རེད། སེམས་ནི་འགོག་བདེན་གྱི་གནས་སའི་རྟེན་དེ་རེད། མ་རེད་དམ། དེ་བས་ན་འགོག་བདེན་དེའང་སེམས་ཀྱི་ནང་འབྱུང་གི་རེད།
- འགོག་པའི་བདེན་པ་དེ་འཐོབ་པའི་ལམ་སྟེ། ལམ་གྱི་བདེན་པ་ནི་ནམ་རྒྱུན་ཨིན་སྐད་ནང་ (true path) ཞེས་བསྒྱུར་ཡོད་ནའང་། དེ་ནི་གོ་ནོར་ཅན་ཞིག་ཡོད། ང་ཚོས་འདིར་གོམ་པ་སྤོས་ནས་འགྲོ་སའི་ལམ་ཕྱོགས་ཤིག་གི་སྐོར་ཤོད་ཀྱིན་མེད། ང་ཚོས་འདིར་སེམས་ཀྱི་ལམ་ (pathway mind) ཞེས་བྱ་བའི་སེམས་ཀྱི་སྐོར་ཤོད་ཀྱིན་ཡོད། དེ་ཡང་འགོག་བདེན་དངོས་སུ་འཐོབ་པར་བྱེད་པའི་ལམ་ལྟར་བྱ་བ་བྱེད་པའི་སེམས་ཀྱི་རིགས་ཤིག་ཡིན་པ་རེད། བྱས་ཙང་། དེའང་སེམས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་གསལ་པོ་རེད།
དེར་བརྟེན་འཕགས་པའི་བདེན་པ་བཞི་པོ་ཐམས་ཅད་ནི་སེམས་ལ་བརྟེན་ནས་འབྱུང་བཞིན་ཡོད་པ་དང་སེམས་ལ་བརྟེན་ནས་ང་ཚོས་ཉམས་ལེན་བྱེད་ཀྱི་ཡོད་པའི་གནད་དོན་ཞིག་གི་སྐོར་ཤོད་ཀྱིན་ཡོད། དེ་འདྲ་སོང་ཙང་། ཆོས་ཀྱི་ནང་ང་ཚོས་གཞི་རྐང་ནས་བྱ་བ་མང་ཆེ་བ་སེམས་ལ་བརྟེན་པ་དང་། སེམས་དང་བློའི་ཁྱེར་སོ་ཡར་རྒྱས་གཏོང་བ་ལ་བརྟེན་ནས་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོས་སྐད་ཆ་ཤོད་སྟངས་དང་། འབྲེལ་བ་བྱེད་སྟངས། ང་ཚོའི་ལུས་ལ་བརྟེན་ནས་བྱ་བ་བྱེད་སྟངས་བཅས་དེ་དག་ཐམས་ཅད་ང་ཚོའི་སེམས་ཀྱིས་ཧ་ཅང་ཁ་ལོ་བསྒྱུར་ནས་ཡོད་པ་རེད།
སེམས་ཀྱི་མཚན་ཉིད།
གལ་ཏེ་ཆོས་ཉམས་ལེན་གྱི་ནང་གཙོ་བོ་སེམས་བཅོས་རྒྱུ་དང་ཡར་རྒྱས་གཏོང་རྒྱུ་དེ་ཡིན་ན། ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་ཤེས་རྒྱུ་ཧ་ཅང་ཡག་པོ་ཞིག་ཡིན་ངེས་རེད། སེམས་ཟེར་བ་དེ་གང་རེད་དམ། ད་སེམས་ (ལེགས་སྦྱར་སྐད་དུ་ཙིཏྟ་) ཟེར་བའི་ཚིག་དེ་ལས་སླ་པོ་ཞིག་མེད། འོན་ཀྱང་ཚིག་རྣམས་གང་རེད་དམ། གཞི་རྐང་ནས་ཚིག་ནི་སྒྲའི་སྐོར་གྱི་འགྲོས་སམ་དཔེ་རིས་ཏེ། སྒྲའི་ཚན་པ་ཙམ་ཞིག་རེད། དེ་ནི་མཐའ་གཅིག་ཏུ་རང་སྣང་གང་དྲན་རེད། སྤྱི་ཚོགས་འགའ་ཞིག་གིས་དེ་ཚིག་གི་ནང་བཟོ་རྒྱུ་ཐག་གཅོད་བྱས་ཡོད་པ་དང་དེ་ལ་མཚན་ཉིད་ཅིག་བཞག་ཡོད། ད་ལྟ་དེ་ནི་ཚིག་ཅིག་རེད། གལ་ཏེ་ང་ཚོས་མི་ཚེའི་ཉམས་མྱོང་གི་ཡན་ལག་མཐའ་དག་ལ་བལྟས་ན། ཚིག་དེ་དག་ནི་ཁ་ཟས་གཏུབ་བྱེད་ཀྱི་བཟོ་ལྟ་ཡོད་པས་དེ་དག་དང་ཅུང་ཟད་འདྲ་པོ་ཡོད། རིག་གཞུང་ཚང་མར་ཁ་ཟས་གཏུབ་བྱེད་ཀྱི་བཟོ་ལྟ་མི་འདྲ་བ་ཡོད་པ་དང་། དེའི་ནང་དེ་དག་གིས་ང་ཚོའི་མི་ཚེའི་ཉམས་མྱོང་གཏུབ་བཞིན་ཡོད། འདི་ནི་ང་ཚོས་འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས་གང་གོ་བར་བྱེད་པ་དེ་རེད། ཚིག་དང་གནད་དོན་རྣམས་གང་ཡིན་པ་ནི་མཐའ་གཅིག་ཏུ་རང་སྣང་གང་དྲན་རེད། གང་ཡིན་ཞེ་ན། ང་ཚོས་དཔེར་ན། སེམས་ལྟ་བུ་ཚིག་དེ་དག་གམ་ཁ་ཟས་དེ་དག་དང་མཐུན་པའི་གནད་དོན་དེ་འདྲ་ཡོད་བསམ་གྱི་ཡོད།
ད་འདིར་དཀའ་ངལ་ཡོད་པ་ནི། གལ་ཏེ་ང་ཚོས་ཚིག་མཛོད་ནང་སེམས་ཀྱི་དོན་དེ་བཙལ་ན། ཁ་ཟས་གཏུབ་བྱེད་ལ་རིག་གཞུང་རེ་རེ་ནས་མཚན་ཉིད་མི་འདྲ་བ་རེར་ཤོད་ཀྱིན་ཡོད། གང་ཡིན་ཞེ་ན། མཚན་ཉིད་དེ་དག་ཀྱང་མི་ཞིག་གིས་བཟོས་པ་དང་ཁོང་ཚོས་ཐག་གཅོད་ (དེའང་ཚོགས་སྡེ་ཞིག་དང་ཚོགས་པ་ཞིག་ཡིན་སྲིད། གང་བྱུང་བ་དེ་དཀོན་མཆོག་གིས་མཁྱེན་གྱི་ཡོད་) བྱས་ཡོད། བྱས་ཙང་། སེམས་ཟེར་བ་དེ་ཨིན་སྐད་ནང་ (mind) ཞེས་པའམ་ཡང་ན་ས྄པེ་ནིཤའི་སྐད་དུ་ (mente) ཞེས་བསྒྱུར་བའི་སྐབས། ཁོང་ཚོས་ལེགས་སྦྱར་དང་བོད་སྐད་ནང་གང་གི་སྐོར་ཤོད་ཀྱིན་ཡོད་པ་དང་། དེ་བཞིན་ནུབ་ཕྱོགས་ཀྱི་སྐད་ཡིག་གཞན་གྱི་ནང་དུའང་ང་ཚོའི་སེམས་ཀྱི་གོ་དོན་དང་བོད་པ་དེ་རྒྱ་གར་བའི་སེམས་ཀྱི་དོན་དང་ཧ་ཅང་མི་འདྲ་བའི་ཁྱད་པར་ཡོད། ཨིན་སྐད་དང་ས྄པེ་ནིཤ་གཉིས་གང་འཚམ་གྱི་ཉེ་པོ་ཡོད། དཔེ་ཆ་བཞག་ན། ཧྥ་རན་སིའི་སྐད་ལ་ཨེས྄་པྲཱིཏ་ (esprit) ཟེར་བ་དེ་ལ་གཤིན་འདྲེའམ་ཨིན་སྐད་ནང་གི་ (spirit) ཟེར་བའི་བསམ་བློ་དེ་ཡོད་པ་རེད། ཡང་ན་འཇར་མིན་གྱི་སྐད་ལ་གྷིས྄ཏ་ (geist) ཞེས་ཟེར་བ་དེ་ནི་ཧྥ་རན་སིའི་སྐད་ཀྱི་ཨེས྄་པྲཱིཏ་ (esprit) དང་གང་ལ་གང་འཚམ་གྱི་འདྲ་པོ་ཡོད། དེའི་དོན་དག་ཀྱང་གཤིན་འདྲེའམ་གདོན་འདྲེ་ལ་གོ་བ་ཡིན། དེ་དག་ཐམས་ཅད་ནི་ཚིག་གི་ནང་ཚུད་ཡོད་པས། སླར་ཡང་ཁ་ཟས་རྦད་དེ་མི་འདྲ་བ་ཞིག་ཆགས་པ་རེད། སྟབས་ཉེས་པ་ཞིག་གམ་གཅིག་བྱས་ན་སྟབས་ལེགས་པ་ཞིག་ཀྱང་ཡིན་སྲིད། (གང་ཡིན་ཞེ་ན། དེས་ང་ཚོས་སྟོང་ཉིད་ཡག་ག་རྟོགས་པར་ཕན་གྱི་ཡོད།) ནང་ཆོས་ཀྱི་ནང་འབྱུང་བའི་ཐུན་མིན་གྱི་ཐ་སྙད་ཕལ་ཆེར་ཡོངས་སུ་རྫོགས་པ་ནི་ཚིག་མཛོད་ནས་རྙེད་པའི་ང་ཚོའི་ཚིག་རྣམས་དང་ཏག་ཏག་མཐུན་པ་ཞིག་མེད། གང་ལྟར་ཡང་། དེ་ནི་ཚིག་མཛོད་ཙམ་ཞིག་རེད། དེ་དག་འདྲ་མཚུངས་ཡིན་དགོས་པ་དང་དེ་དག་གི་དོན་གཅིག་པ་གཅིག་རྐྱང་ཡིན་དགོས་པའི་དོན་མིན།
དེར་བརྟེན་ང་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་པའི་སྐབས་དང་། ལྷག་པར་དུ་ང་ཚོས་སློབ་གཉེར་བྱེད་བཞིན་པ་དང་གནད་དོན་ཞིག་རྟོགས་ཐབས་བྱེད་པར་ནང་པའི་ལམ་གྱི་རྗེས་སུ་འབྲང་དགོས་པ་ནི་མཐའ་གཅིག་ཏུ་གནད་འགགས་ཆེན་པོ་ཡིན་པའི་སྐབས། ང་ཚོས་མཚན་ཉིད་རྣམས་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ནང་ཆོས་ཀྱི་སྐོར་ལ་མགོ་རྨོངས་དང་གོ་ལོག་མང་ཆེ་བ་ནི་ཚིག་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོས་ནུབ་ཕྱོགས་པའི་སྐད་ཡིག་ལྟར་ཚིག་རྣམས་ལ་བསམ་བློ་གཏོང་གི་ཡོད་པ་དང་། དེ་དག་གིས་ནང་ཆོས་ནས་གང་གསུངས་པ་ལས་གང་འཚམ་གྱི་མི་འདྲ་བ་ཞིག་ཤོད་ཀྱིན་ཡོད། ནུབ་ཕྱོགས་སྐད་ཡིག་གི་ཚིག་དེ་ལས་བྱུང་བའི་དེ་འབྲེལ་གྱི་གནད་དོན་ཚང་མ་ནང་ཆོས་ནས་གང་གསུང་པ་ལས་ཐག་རིང་དུ་རིང་དུ་འགྲོ་གི་ཡོད་པ་གསལ་པོ་རེད། བྱས་ཙང་། ཚིག་དེ་དག་ཐམས་ཅད་ལ་དྲི་བ་གཏོང་རྒྱུ་དང་། ཚིག་གི་དོན་དང་མཚན་ཉིད་རྟོགས་རྒྱུ། ཚིག་རྣམས་ཀྱི་དོན་དང་མཚན་ཉིད་ལ་བསམ་ཞིབ་ཐོག་ཡར་རྒྱས་གཏོང་རྒྱུ། དེ་བཞིན་སྟབས་མ་ལེགས་པ་ཞིག་ལ་ང་ཚོས་ནུབ་ཕྱོགས་སུ་བཀོལ་སྤྱོད་བྱེད་དགོས་ངེས་ཀྱི་ཚིག་ལ་འཐོམས་ནས་སྡོད་མི་རུང་བ་བཅས་རྟག་ཏུ་གལ་ཆེན་རེད།
དེ་ནི་རྟག་པར་ཧ་ཅང་ལས་སླ་པོ་ཞིག་མེད་པ་དང་རྒྱུ་མཚན་གཙོ་བོ་ནི། ང་ཚོའི་ཚིག་དང་འདྲ་བར་ཚིག་རྣམས་ནི་ཐོག་མའི་སྐད་ཡིག་གམ་མ་ཡིག་ནང་སྐབས་དོན་མི་འདྲ་བའི་ནང་མཚན་ཉིད་མི་འདྲ་བ་ལ་བརྟེན་ནས་བཀོལ་སྤྱོད་བྱས་ཟིན་པ་རེད། ངས་གང་ཞུ་གི་ཡོད་ཅེ་ན། གང་ལྟར་ནང་ཆོས་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་རིང་གི་ཆོས་ལུགས་རྙིང་པ་ཞིག་ཡིན་པ་སོང་ཙང་། ཚིག་རྣམས་ནི་ཅུང་ཟད་འགྱུར་བ་ཕྱིན་ཡོད་པ་དང་། འཕེལ་རྒྱས་ཕྱིན་ཡོད་པ། དེ་བཞིན་རྩོམ་པ་པོ་མི་འདྲ་སྣ་ཚོགས་པས་དེ་དག་ཐབས་ལམ་མི་འདྲ་བའི་སྒོ་ནས་བཀོལ་སྤྱོད་བྱས་ཡོད། དེར་བརྟེན་ང་ཚོས་རྟག་ཏུ་སྐབས་དོན་ངེས་ཅན་ཞིག་གི་ནང་དུ་ལྟ་དགོས་པ་སྟེ། རྩམ་པ་པོ་དེས་ཚིག་འདི་ཇི་ལྟར་བཀོལ་སྤྱོད་བྱེད་ཀྱིན་ཡོད་དམ། འོན་ཀྱང་དེ་ལ་བརྟེན་ནས་ང་ཚོ་སེམས་ཤུགས་ཆག་དགོས་དོན་མེད། གང་ཡིན་ཞེ་ན། དེ་ནི་ང་ཚོར་དགེ་བའི་བཤེས་གཉེན་ཡོད་དགོས་པའི་རྒྱུ་མཚན་དེ་ཡིན་པ་དང་དེ་ལ་འགྲེལ་བ་མང་པོ་ཡོད་པ་རེད། ཡིན་ནའང་ཚིག་འགའ་ཞིག་ནི་གང་འཚམ་གྱི་མཚན་ཉིད་དེ་རང་འཇགས་གཅིག་པ་ཉར་ཡོད་པ་དང་། སེམས་ནི་དེ་དག་ལས་གཅིག་རེད། བྱས་ཙང་། ང་ཚོ་ནི་འགྲིག་པ་རེད། རེད་དམ། ཁྱེད་ཀྱིས་ཧ་ཅང་གཟབ་ནན་བྱེད་དགོས་པའི་ཚིག་རྣམས་ནི། བདེན་པར་གྲུབ་པ་ (true existence) ལྟ་བུ་རེད། དེ་ནི་སྐབས་དོན་མི་འདྲ་བའི་ནང་གང་ལ་གང་འཚམ་གྱི་མི་འདྲ་བའི་ཐོག་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་དོ་དགོང་ང་ཚོས་སེམས་ལ་བལྟ་བཞིན་ཡོད་པས། དེའི་སྐོར་ལ་འཆད་རྒྱུ་ཡིན།
ད་ནང་ཆོས་ནང་ང་ཚོས་ཆོས་ཤིག་ཇི་ལྟར་ཁྱད་པར་དུ་བརྗོད་ཀྱི་ཡོད་པ་དང་ཁྱད་པར་དུ་བརྗོད་པའི་ཚུལ་ནི། དེ་ཡང་དེ་ལས་གཞན་པ་གང་ཡང་མིན་་པའི་སྐོར་ཤོད་ཀྱི་ཡོད། བྱས་ཙང་། དོན་ངོ་མར་དགག་ཆ་ཉིས་ལྡབ་ཅན་ཞིག་རེད། དེ་ནི་ཧ་ཅང་གལ་ཆེན་པོ་དང་ཧ་ཅང་དོན་གནད་ཆེན་པོ་རེད། གང་ཡིན་ཞེ་ན། ཁྱེད་ཀྱིས་ཆོས་ཤིག་གང་ཡིན་པ་དེ་ཇི་ལྟར་ཁྱད་པར་དུ་བརྗོད་དམ། ཁྱེད་ཀྱིས། “དེ་ལས་གཞན་པའི་ཆོས་ཚང་མ་ཡོད་པ་དང་དེ་ནི་གང་ཡིན་རུང་དེ་རེད། འདི་རང་ལས་གཞན་པ་གང་ཡིན་རུང་། དེ་ལས་གཞན་པ་གང་ཡིན་ནའང་རེད་” ཅེས་བརྗོད་དགོས་ཀྱི་ཡོད། དེ་ནི་ང་ཚོའི་སྐད་ཡིག་ནང་བརྗོད་རྒྱུ་ལས་སླ་པོ་ཞིག་མེད། “གཞན་གང་ཡང་མེད་པ་” ནི་དོན་ངོ་མར་བརྗོད་སྟབས་བདེ་པོ་ཡག་ཤོས་དེ་རེད། དེ་གང་རེད་དམ། དེ་ནི་དེ་རང་ལས་གཞན་གང་ཡང་མིན། འོན་ཀྱང་ཁྱེད་ཀྱིས་ “གཞན་གང་ཡང་མེད་པ་” དེ་ས྄པེ་ནིཤའི་སྐད་དུ་བརྗོད་ཐུབ་བམ། དེ་ནི་ང་ཚོའི་སྐད་ཡིག་གི་ནང་བརྗོད་སྟངས་ལས་སླ་ཤོས་དེ་ཡིན་པ་ངས་ཤེས་སོང་། བྱས་ཙང་། དེའི་དོན་ནི་དེ་གང་ཡིན་པ་དངོས་གནས་ངེས་བཤད་བྱེད་པར། ང་ཚོས་དེ་གང་མིན་པ་དེ་ཟུར་དུ་འཇོག་དགོས། དེ་ནི་ང་ཚོས་ལྕོག་ཙེ་དང་། རྐུབ་སྟེགས། རྩིག་པ་བཅས་ཟུར་དུ་འཇོག་དགོས་པའི་དོན་མིན། གང་ཡིན་ཞེ་ན། ང་ཚོས་དེའི་སྐོར་ཤོད་ཀྱིན་མེད་པ་གསལ་པོ་རེད།
དེར་བརྟེན་ང་ཚོར་ཕན་ཐོགས་ཅན་དེ་གང་རེད་ཅེ་ན། ང་ཚོའི་སེམས་ཀྱི་དོན་གང་ཡིན་པ་དེ་ནང་ཆོས་ཀྱི་སེམས་ཀྱི་དོན་གང་ཡིན་པ་དེ་མིན་པ་ཇི་ལྟར་སྟོན་རྒྱུ་དེ་རེད། བྱས་ཙང་། གལ་ཏེ་ང་ཚོས་དེ་ཟུར་འདོན་བྱས་ན། ང་ཚོས་སེམས་ཟེར་བའི་དོན་གང་ཡིན་པའི་ཐད་གོ་རྟོགས་གསལ་ཁ་དོད་པ་ཞིག་རྙེད་ཐུབ། གང་ལྟར་ཡང་དེ་ནི་ནང་པའི་ཐབས་ལམ་དེ་རེད། དེ་ལ་འཛུམ་སྟོན་བྱེད་པ་ལྟ་བུ་ནི་ཧ་ཅང་དཀའ་ལས་ཁག་པོ་ཡོད། གང་ཡིན་ཞེ་ན། ཁྱེད་ཀྱིས། “རེད། འདི་ནི་འདི་རེད། འདི་རེད་” ཅེས་བརྗོད་སྲིད། ཡིན་ནའང་དེ་ནས་ཁྱེད་ཀྱིས། “འོན་ཀྱང་དེའི་ནང་ད་དུང་གཞན་ཞིག་ཀྱང་འཚུད་ཀྱི་ཡོད་” ཅེས་བསམ་སྲིད། བྱས་ཙང་། དེ་ནི་ཧ་ཅང་ངེས་ཅན་ཞིག་བཟོ་བཞིན་མེད། དེ་ལས་ང་ཚོའི་རྨོངས་པ་དེ་འབྱུང་གི་ཡོད་པ་དང་ནུབ་ཕྱོགས་པ་ཡིན་པའི་ཆ་ནས་གོ་བ་ལོག་སྒྲུབ་དེ་འབྱུང་གི་ཡོད། གང་ཡིན་ཞེ་ན། ང་ཚོས་དེའི་ཁོངས་སུ་མ་གཏོགས་པའི་སེམས་ཀྱི་གནད་དོན་ལྟ་བུའི་ཚིག་དེ་དག་གི་ནང་བརྩི་གི་ཡོད། དེ་ནི་བསམ་བློ་ནོར་ནས་དེ་ལྟར་མིན་ནའང་ཚིག་དེའི་དོན་དེ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། དེ་བས་ན་དེ་ནི་དངོས་གནས་ང་ཚོས་རྗེས་སུ་འཇུག་དགོས་པའི་ཐབས་ལམ་རེད་བསམ་གྱི་འདུག །དེ་ཡང་སྐབས་འདི་ཙམ་དུ་མ་ཟད། སྤྱིར་བཏང་ཆོས་ཀྱི་ནང་གནད་དོན་རྟོགས་པའི་ཆེད་འཇུག་དགོས་ཤིང་། དེ་ནི་ང་ཚོའི་སྐད་ཡིག་ལས་འབྱུང་བཞིན་པའི་ཚིག་ལ་ཡོད་པའི་འབྲེལ་བ་འོས་འཚམ་མེད་པ་རྣམས་སེལ་བཟོ་རྒྱུ་དེ་རེད། འགྲིག་སོང་ངམ།
ང་ཚོའི་གོ་བསྡུར་ལ་གཞིགས་ན། འདིར་ཐོག་མར་གང་ཟུར་འདོན་བྱས་ཡོད་པ་ནི་ཀླད་པ་རེད། ང་ཚོས་གཟུགས་སུ་གྲུབ་པ་ཞིག་གི་སྐོར་ཤོད་ཀྱིན་མེད། ང་ཚོས་ཀླད་པ་ (དབང་རྩའི་མ་ལག་ལ་སོགས་པ་དེ་དག་ཐམས་ཅད་) ཚུད་ཡོད་པ་དེ་ཁས་ལེན་མི་བྱེད་པ་མིན། དེ་ལས་ལྡོག་སྟེ། ང་ཚོས་ཀླད་པ་ལ་གཞི་བྱས་ནས་འབྱུང་བཞིན་པའི་ཉམས་མྱོང་དང་ཡུལ་ཅན་གྱི་ཉམས་མྱོང་སྐོར་ཤོད་ཀྱིན་ཡོད། དེར་བརྟེན་ང་ཙོས་གཞི་རྐང་ནས་གནད་དོན་གཅིག་དང་བྱུང་རྐྱེན་གཅིག་གི་སྐོར་ཤོད་ཀྱིན་ཡོད་ནའང་། དེ་འགྲེལ་བརྗོད་མི་འདྲ་བའི་སྒོ་ནས་བྱེད་ཀྱིན་ཡོད། ཁྱེད་ཀྱིས་ཕྱིའི་ལུས་ཀྱི་ཆ་ནས་གང་འབྱུང་བཞིན་པའི་ལྟ་ཚུལ་ནས་མྱོང་བཞིན་པ་དེ་འགྲེལ་བརྗོད་བྱེད་ཐུབ། ཀླད་པ་དང་རྫས་གློག་སོགས་ཡོད། ཡང་ན་ཁྱེད་ཀྱིས་དེ་ཡུལ་ཅན་གྱི་མྱོང་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཆོག །བྱས་ཙང་། ང་ཚོས་སེམས་ཀྱི་སྐོར་ཤོད་སྐབས། དེའི་ཡུལ་ཅན་གྱི་མྱོང་བའི་སྐོར་ཤོད་ཀྱིན་ཡོད། གང་ལྟར་ཡང་། ང་ཚོས་གནད་དོན་གཅིག་པ་དེ་རྣམ་པ་མི་འདྲ་བའི་ཐོག་བལྟས་ནས་ཐབས་ཚུལ་མི་འདྲ་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཆོག །གཅིག་དེ་གཞན་ལས་ཡང་དག་པ་དང་མ་ནོར་བ་ཆེ་བ་ཡིན་པའི་དོན་མིན།
ད་ང་ཚོའི་སྐད་ཡིག་ནང་ཚིག་གཉིས་ཡོད་དེ། ང་ཚོར་སེམས་དང་སྙིང་ཞེས་ཨིན་སྐད་ནང་ (mind and heart) ཟེར་བ་དེ་གཉིས་རེད། ཚིག་འདི་གཉིས་ནུབ་ཕྱོགས་པའི་བསམ་བློའི་ནང་ཧ་ཅང་གཞི་རྐང་ཚུགས་པ་ལྟ་བུ་ཞིག་རེད། འོན་ཀྱང་ང་ཚོས་ཤེས་དགོས་པའི་གནད་དོན་གཞན་ཞིག་ནི་རིག་གཞུང་གི་ཆ་ནས་ཁྱད་ཆོས་ངེས་ཅན་ལྡན་པ་ཧ་ཅང་མང་པོ་ཡོད། དེ་དག་སྤྱི་ལ་ཁྱབ་པ་ཞིག་མིན། བྱས་ཙང་། མི་ཚང་མས་མྱོང་བ་དེ་སེམས་དང་སྙིང་ལྟ་བུ་གཉིས་ཀྱི་ནང་དུ་དབྱེ་བ་མི་ཕྱེ་ལ་ནང་ཆོས་ནང་དེ་བས་ཀྱང་ཕྱེ་ངེས་མིན། ཐ་སྙད་གཅིག་ལ་བརྟེན་ནས་ང་ཚོས་གཉིས་ཀའི་སྐོར་ཤོད་ཀྱིན་ཡོད། ང་ཚོས་ནམ་རྒྱུན་སེམས་ཀྱི་དོན་དག་གང་ཡིན་པ་དེ་ནི་རྒྱུ་མཚན་དང་ལྡན་པ་དང་རྣམ་དཔྱོད་ལྡན་པའི་བསམ་བློ་ཞིག་རེད། ང་ཚོས་སྙིང་གི་ཁོངས་སུ་གང་འཇུག་ངེས་པ་ནི་སེམས་ཚོར་དང་མངོན་རྟོགས་ལ་སོགས་པ་རེད། ཡིན་ནའང་དེ་གཉིས་ཀ་ནི་མི་ཚེའི་ནང་གི་མྱོང་བའི་རྣམ་པ་མི་འདྲ་བ་རེད། དེ་དག་ནི་ང་ཚོས་གནད་དོན་རྣམས་ཇི་ལྟར་ཉམས་སུ་མྱོང་བ་དེ་རེད། བྱས་ཙང་། དེ་དག་ཐམས་ཅད་འདིར་ང་ཚོའི་ཚིག་གི་ཁོངས་སུ་གཏོགས་ཡོད། དེར་མ་ཟད། འདིར་ང་ཚོའི་ཚིག་གི་ཁོངས་སུ་གཟུགས་མཐོང་བ་དང་། སྒྲ་ཐོས་པ། དྲི་སྣོམ་པ། རོ་མྱོང་བ། རེག་བྱ་ཚོར་བ་ལྟ་བུ་དབང་པོའི་ཤེས་པ་ཚང་མ་གཏོགས་ཀྱི་ཡོད། གང་ཡིན་ཞེ་ན། དེའང་ང་ཚོའི་མི་ཚེའི་མྱོང་བའི་ཆ་ཤས་རེད། མ་རེད་དམ།
ཚིག་མཛོད་ཅིག་བཟོ་བཞིན་པའི་སྐབས་ལྟ་བུར་མཚོན་ན། ཚིག་གང་གིས་འདི་སོ་སོའི་སྐད་ཡིག་ནང་བསྒྱུར་བརྩིས་ཡོད་ཐག་གཅོད་བྱ་རྒྱུ་དེ་ཧ་ཅང་ཁག་པོ་ཆགས་ཀྱི་ཡོད་པ་དེ་ཁྱེད་ཀྱིས་མཐོང་རྒྱུ་འགོ་བཙུག་ཐུབ། དེ་ནི་གང་ལ་གང་འཚམ་གྱི་ཡིད་ལ་འཐད་པོ་ཞིག་ཡོད། ནུབ་ཕྱོགས་ཀྱི་སྐད་ཡིག་ཚང་མས་སེམས་ནི་སྙིང་གི་འགལ་ཟླར་གདམ་ཀ་བྱས་ཡོད། (ང་ཚོས་ཁྱད་རྣམ་དེ་ལ་སྣང་མེད་གཏོང་གི་ཡོད། དེ་ནི་ངོ་ཚ་པོ་ཞིག་རེད།) རྒྱ་མི་དང་སོག་པོ་ཚོ་ལའང་དཀའ་ངལ་དེ་གཅིག་པ་ཡོད་པ་དང་། ཁོ་ཚོས་སེམས་ལས་ལྡོག་སྟེ་སྙིང་ཟེར་བའི་ཚིག་གདམ་ཀ་བྱས་ཡོད།
གང་ལྟར་ཡང་། ང་ཚོས་སེམས་ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་དུས་ང་ཚོར་ཁ་ཟས་གཏུབ་བྱེད་ཀྱི་ཐབ་ཆས་རྦད་དེ་ཆེ་བ་ཞིག་དགོས་ཀྱི་ཡོད། འོན་ཀྱང་ང་ཚོས་ཁ་ཟས་གཏུབ་བྱེད་ཐབ་ཆས་ཀྱི་ཁོངས་སུ་གང་མི་གཏོགས་པར་བྱེད་པ་ནི། དཔེར་ན། དཀའ་ངལ་དེ་ས྄པེ་ནིཤའི་སྐད་དང་ཨིན་སྐད་ནང་མེད། དེ་ནི་གཤིན་འདྲེའམ་ཨིན་སྐད་ནང་གི་ (spirit) ཟེར་བ་དེ་ཁྱེད་རང་ཚོ་ཧྥ་རན་སིའི་སྐད་དང་འཇར་མེན་གྱི་སྐད་དུ་ཡོད་ངེས་རེད། དེ་ནི་འདིར་ཁ་ཟས་གཏུབ་བྱེད་ཀྱི་ནང་མེད།
ད་ང་ཚོས་འདིར་ཁ་ཟས་གཏུབ་བྱེད་ནས་ཟུར་འདོན་བྱེད་དགོས་པའི་གནད་དོན་ཆེ་ཁག་ཅིག་ནི། ང་ཚོས་སེམས་ཀྱི་སྐོར་ཤོད་སྐབས། བྱ་བ་ཞིག་བྱེད་པའི་རྫས་ཤིག་གི་སྐོར་ཤོད་ཀྱིན་ཡོད་པའི་བསམ་བློ་དེ་རེད། ངས་ག་རེ་ཞུ་བཞིན་ཡོད་ཅེ་ན། ང་ཚོས་སེམས་ཟེར་བའི་ཚིག་དང་མཉམ་དུ་བྱ་བ་བྱེད་ཀྱི་ཡོད། མ་རེད་དམ། སེམས་ནི་བསམ་བློ་གཏོང་མཁན་གྱི་རྫས་དེ་རེད། སྙིང་ནི་སེམས་ཚོར་དེ་ཚོར་མཁན་གྱི་རྫས་དེ་རེད། ང་ཚོས་འདིར་རྫས་ཤིག་གི་སྐོར་ཤོད་ཀྱིན་མེད། དེ་ང་ཚོའི་སེམས་ལ་ལྟ་ཚུལ་ལ་ཇི་ལྟར་ཁྱབ་པ་དང་དེ་ནི་རྫས་ལྟ་བུ་བཤད་པ་ནི་དངོས་གནས་ཁྱད་མཚར་ཞིག་རེད། དཔེར་ན། ང་ཚོས་ (ས྄པེ་ནིཤའི་སྐད་དུ་འདི་འདྲ་བརྗོད་ཀྱི་ཡོད་མེད་མི་ཤེས་) “དེ་ཁྱེད་ཀྱི་སེམས་ནས་མེད་པ་བཟོ་དགོས་” ཞེས་དང་། “ཁོ་སེམས་བརྟན་པོ་མི་འདུག་” ཟེར་བའམ། ཡང་ན་ “གང་ཟག་འདི་ནི་སེམས་བརྟན་པོ་མི་འདུག་” ཅེས་དང་། “འདི་ཁྱེད་ཀྱི་སེམས་ལ་ཞོག་” ཅེས་དེར་སྒམ་ཞིག་གམ་འཇོག་ས་ཞིག་ཡོད་པ་ལྟ་བུ་བརྗོད་ཀྱི་ཡོད། ཡང་མིན་ན་ “མི་འདི་སེམས་ཧ་ཅང་བཟང་པོ་འདུག །ཁོ་ལ་སྣུམ་འཁོར་ཡག་པོ་ཞིག་འདུག །ཁང་པ་ཡག་པོ་ཞིག་འདུག །སེམས་ཀྱང་བཟང་པོ་འདུག་” ཅེས་ཟེར་གྱི་ཡོད། དེ་ནི་ང་ཚོའི་སེམས་ལ་ལྟ་ཚུལ་གྱི་གཞི་རྩ་དེ་རེད། དེར་བརྟེན་འབྲེལ་བ་འདི་ལྟ་བུ་འཇབ་ནས་ཡོང་གི་ཡོད་པ་ནི་གང་འཚམ་གྱི་ལས་སླ་པོ་རེད། དེ་ནི་ང་ཚོས་གང་ཤོད་བཞིན་པའི་སྐོར་དེ་མ་རེད། ང་ཚོས་འདིར་ཤོད་བཞིན་པ་ནི་བྱུང་རྐྱེན་ཞིག་གི་སྐོར་རེད། དེ་ནི་བྱེད་སྒོ་ཞིག་རེད།
ཉམས་མྱོང་ཟེར་བའི་ཚིག་འདི་ལ་བརྟེན་ནས་ཁྱེད་རང་ཏོག་ཙམ་གཟབ་ནན་བྱེད་དགོས། ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་ཅེ་ན། ཉམས་མྱོང་གི་སྐོར་ཤོད་ཀྱིན་ཡོད། དེ་ནི་ནམ་རྒྱུན་ང་ཚོས་ “ཨོ། ང་རང་ལ་ཉམས་མྱོང་ཡག་པོ་ཞིག་བྱུང་” ཟེར་བ་ལྟ་བུ་དེ་མ་རེད། ང་ཚོས་མྱོང་བའི་བྱུང་རྐྱེན་དངོས་ཀྱི་སྐོར་ཤོད་ཀྱིན་ཡོད་པ་དང་། ང་ཚོས་རྟག་ཏུ་གནད་དོན་ཞིག་ཉམས་སུ་མྱོང་བཞིན་ཡོད། ཁྱེད་ཀྱིས་ཉམས་སུ་མྱོང་ཐུབ་པ་ཙམ་མིན། དེར་བརྟེན་ང་ཚོས་རྫས་ལྟ་བུར་ཉམས་མྱོང་གི་སྐོར་ཤོད་ཀྱིན་ཡོད། དཔེར་ན། “མི་འདི་ལ་ཉམས་མྱོང་ཧ་ཅང་མང་པོ་འདུག་” ཟེར་བའམ། ཡང་ན་ “ང་རང་ལ་ཉམས་མྱོང་སྡུག་ཅག་ཅིག་ཡོད་ (ཡང་ན་ཉམས་མྱོང་ཡག་པོ་ཞིག་ཡོད་)” ཅེས་བརྗོད་པ་ལྟ་བུ་རེད། འགྲིག་གི་འདུག་གམ། དེ་ནི་གཞན་གང་ཡང་མ་རེད། བྱས་ཙང་། འདི་དག་ནི་ང་ཚོས་འདིར་ཟུར་འདོན་བྱེད་བཞིན་པའི་གནད་དོན་གཞན་རྣམས་རེད། དེ་ནི་མི་སྒེར་སོ་སོའི་ཡིན་པ་ལས། ངས་ཉམས་སུ་མྱོང་བཞིན་པ་དེ་ཁྱེད་ཀྱིས་མྱོང་བཞིན་པ་དེ་མིན། ངས་ལྟོགས་པའི་སྡུག་བསྔལ་མྱོང་བཞིན་པ་དང་ཁྱེད་ཀྱིས་མྱོང་བཞིན་པ་གཉིས་གཅིག་པ་མ་རེད། ང་ཚོ་ཚང་མ་སེམས་གཅིག་ཡིན་པ་དེ་འདྲ་མ་རེད། མི་ཚང་མས་མྱོང་བཞིན་པ་དེ་རྫས་གཅིག་པ་རེད། འདིར་ངས་རྫས་སམ་ཨིན་སྐད་དུ་ (thing) ཟེར་བ་འདི་བེད་སྤྱོད་བྱེད་འདོད་མེད། དེ་ནི་བྱེད་སྒོའི་རིགས་གཅིག་པ་རེད། ངས་གོམ་པ་སྤོ་བ་དང་ཁྱེད་ཀྱིས་གོམ་པ་སྤོ་བ། དེ་བཞིན་མི་གཞན་ཞིག་གིས་གོམ་པ་སྤོ་བ་དེ་དག་ཐམས་ཅད་གོམ་པ་སྤོ་བཞིན་ཡོད། ཡིན་ནའང་ངས་གོམ་པ་སྤོ་བ་ལ་བརྟེན་ནས་ཁྱེད་རང་འགྲོ་ཡུལ་དུ་བསླེབ་ཀྱི་མ་རེད། ང་ཚོས་མི་ཚང་མ་ལ་བརྟེན་ནས་གནད་དོན་གཅིག་པའི་སྒང་ལ་སྐད་ཆ་ཤོས་ཀྱིན་ཡོད་ནའང་། དེ་ནི་སྒེར་སོ་སོ་རེད།
ད་ང་ཚོ་མཚན་ཉིད་ལ་གྲ་སྒྲིག་རེད་བསམ་གྱི་འདུག །མཚན་ཉིད་ཀྱི་ནང་ཚིག་གསུམ་ཡོད་པ་དང་ཚིག་རེ་རེ་ནི་ཧ་ཅང་དོན་དང་ལྡན་པ་རེད། (ཁོང་ཆོས་རྒྱུ་མཚན་མེད་པར་ཚིག་རྣམས་དེར་སྤྱོད་པ་ཞིག་མིན།) ང་ཚོས་མ་སྐད་ཀྱི་ནང་སེམས་དང་ཉམས་མྱོང་གཉིས་གཅིག་པ་མིན་པ་མཐོང་ཟིན་པ་རེད། དེ་ག་ནང་བཞིན་མཚན་ཉིད་ཀྱི་ནང་ཡོད་པའི་ཚིག་རྣམས་དང་དེ་དག་ནམ་རྒྱུན་སྒྱུར་སྟངས་དེ་ང་ཚོའི་ཚིག་རྣམས་དང་མཐུན་གྱི་མེད། ཁྱེད་ཀྱིས་ནང་ཆོས་ཀྱི་བརྗོད་གཞི་འདི་དག་ཐམས་ཅད་ལ་ཞིབ་ཚགས་པོར་བལྟས་ན། ཕལ་ཆེར་ཚིག་ཀྱང་གཅིག་པ་གཅིག་རྐྱང་མཐུན་གྱི་མེད། འདིར་སླར་ཡང་སྟོང་པ་ཉིད་ཀྱིས་ང་ཚོར་ཕན་གྱི་ཡོད། གང་ཡིན་ཞེ་ན། དེ་དག་གཅིག་པ་གཅིག་རྐྱང་ཡིན་དགོས་པའི་རྒྱུ་མཚན་གང་རེད་དམ། དེ་ནི་རང་བཟོ་བྱས་པ་ཙམ་རེད། འདི་ནི་སྐད་ཡིག་ལ་བརྟེན་ནས་མི་སྡེ་འགའ་ཞིག་གིས་མཐུན་གྲོས་བྱེད་པ་ཞིག་རེད། བྱས་ཙང་། དེའི་སྐོར་ཞེད་སྣང་བྱ་དགོས་རྒྱུ་གང་ཡང་མེད། དེ་ནི་མཐུན་གྲོས་བྱེད་པ་ཙམ་དང་རང་སྣང་གང་དྲན་རེད། འོན་ཀྱང་ཕན་ཐོགས་ཅན་རེད། གང་ཡིན་ཞེ་ན། དེས་ང་ཚོར་ཕན་ཚུན་འབྲེལ་བ་བྱེད་པར་ཕན་གྱི་ཡོད། དེ་མིན་ཁྱེད་ཀྱིས་འབྲེལ་བ་བྱེད་མི་ཐུབ། དེར་བརྟེན་ང་ཚོར་སྐད་ཡིག་དགོས། འགྲིག་གི་འདུག་གམ། བྱས་ཙང་། དེས་ཕན་ཐོགས་ཀྱི་ཡོད་ནའང་། ཁྱེད་རང་གཟབ་གཟབ་བྱེད་དགོས་པ་དང་གང་འབྱུང་བཞིན་ཡོད་པ་ཤེས་དགོས།
ད་མཚན་ཉིད་དེ་ནམ་རྒྱུན་ཇི་ལྟར་བསྒྱུར་ཡོད་པའི་ཚུལ་ནི།
- ཙམ་ཞེས་བྱ་བ་ནི་གཅིག་པུའམ་ཁོ་ན་ཟེར་བའི་ཚིག་གི་དོན་ཡིན། ཚིག་དེ་ནི་དེ་ཙམ་གྱི་དཀའ་ངལ་ཅན་ཞིག་མིན་ནའང་། ཁྱེད་ཀྱིས་དེ་གང་གི་སྐོར་ཤོད་ཀྱིན་ཡོད་པ་ཤེས་དགོས།
- གསལ་ཞེས་བྱ་བ་དང་རིག་ཅེས་བྱ་བ་ནི་དཀའ་ངལ་ཅན་གྱི་ཚིག་གཉིས་རེད།
གསལ་དང་རིག་གཉིས་ནི་དངོས་པོ་ཡིན་པ་ལྟར་སྣང་ནའང་། ང་ཚོས་དངོས་པོའི་སྐོར་ཤོད་ཀྱིན་མེད་པ་དེ་དྲན་དགོས། གསལ་བ་ནི་འོད་སོགས་ལ་གོ་བ་མ་ཟད། དེའི་ལོགས་སུ་དམིགས་པ་གཏད་ཀྱི་ཡོད་པའི་སྐོར་ཤོད་ཀྱིན་ཡོད་པའི་བཟོ་འདྲ་ཞིག་ཡོད། ཡིན་ནའང་ང་ཚོས་དེའི་སྐོར་རྩ་ནས་ཤོད་ཀྱིན་མེད། ང་ཚོའི་སྐད་ཡིག་ལས་རིག་པ་ནི་རྟོགས་པ་ཞིག་ཡོད་པ་དང་དེའང་ཡིན་དགོས་པའི་ངེས་པ་མེད། དེ་དག་ནི་ང་ཚོའི་གསལ་རིག་གི་ཁ་ཟས་གཏུབ་བྱེད་ཀྱི་ཁོངས་སུ་གཏོགས་ཀྱི་མེད།
དེ་དག་ལ་ཐེངས་མ་གཅིག་བལྟ་རྒྱུ་ཡིན། ང་ཚོས་བྱེད་སྒོ་ཞིག་དང་བྱུང་རྐྱེན་ཞིག་འབྱུང་བཞིན་པའི་གནད་དོན་ཞིག་གི་སྐོར་ཤོད་ཀྱིན་ཡོད་པ་དེ་དྲན་དགོས།
གསལ་བ།
གསལ་བ་ཞེས་པའི་ཚིག་ནི་ཆོས་གང་རུང་ཞིག་གི་སྣང་བ་ཤར་བར་བྱེད་པ་ལ་གོ་བ་ཡིན། འདི་ནི་སྐབས་རེར་ཤར་བ་ཞེས་པའི་ཚིག་ལ་འགྲེལ་བརྗོད་བྱས་ཡོད། དཔེར་ན། ཤི་མ་ཤར་བ་ལྟ་བུ་རེད། བྱས་ཙང་། རྒྱུ་མཚན་དེ་ལ་བརྟེན་ནས་ངས་ནམ་རྒྱུན་ཡང་སེ་ཤར་བའམ་ཨིན་སྐད་ནང་གི་ (arising) ཟེར་བ་འདི་བེད་སྤྱོད་གཏོང་གི་ཡོད། སྣང་བ་ཞེས་བྱ་བའི་ཚིག་དེ་ལ་ཁྱེད་ཀྱིས་ལྟ་ཞིབ་བྱེད་དགོས། གང་ཡིན་ཞེ་ན། སྣང་བ་ནི་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་གི་སྐོར་ཤོད་ཀྱིན་མེད། དེར་བརྟེན་ཁྱེད་ཀྱིས་དེའང་ཁ་ཟས་གཏུབ་བྱེད་ཀྱི་སྣང་བ་ནས་ཕྱི་རུ་གཡུག་དགོས། འོན་ཀྱང་དེར་དྲི་དང་། སྒྲ། སེམས་ཚོར་སོགས་ཀྱི་སྣང་བ་ཞིག་ཀྱང་ཡོད་སྲིད། དེ་ཡང་འདིར་ཡོད་པ་དང་ཤར་བཞིན་ཡོད་པ་ལྟ་བུ་རེད།
གསལ་བ་ཞེས་པའི་ཚིག་འདི་ལ་བརྟེན་ནས་ང་ཚོས་འདིར་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་རྟོགས་ཐབས་ནང་གི་ལས་སླ་ཤོས་གཅིག་ནི་ཆོས་གང་ཞིག་གི་སེམས་ཀྱི་རྣམ་པ་ཞིག་སྐྲུན་པའི་བྱེད་ལས་དེ་རེད་སྙམ། སྐྲུན་པ་ཟེར་བའི་ཚིག་འདིའང་ཏོག་ཙམ་ཁྱད་མཚར་ཞིག་ཡོད། གང་ཡིན་ཞེ་ན། ང་ཚོས་སེཎྚ་ཁལོས྄་ (Santa Claus) ཡང་ན་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྟོན་སྐབས་ཀྱི་པཱ་ལགས་ཀྱི་བཟོ་གྲྭའི་ནང་གི་ལྷ་མོ་ཚོས་འདི་བསྐྲུན་པ་དང་དེ་ནས་ང་ཚོའི་སེམས་ནས་ལམ་སེང་ཕྱིར་འདོན་བྱེད་ཀྱི་ཡོད་པའི་སྐོར་ཤོད་ཀྱིན་མེད། དེ་ལ་ཤར་བ་ཞེས་བརྗོད་རྒྱུ་ཡིན། ངས་སེམས་ཀྱི་རྣམ་ཟེར་བ་འདི་ནི་ནུབ་ཕྱོགས་པའི་འགྲེལ་བརྗོད་ཅིག་ལས་དྲངས་པ་ཡིན། དེ་ཡང་ཕྱོགས་བརྡའི་འཇིག་རྟེན་ (Holographic Universe) ཟེར་བའི་དཔེ་དེབ་ལས་བླངས་པ་ཡིན། འོན་ཀྱང་དེས་ནང་པས་གང་གསུང་བཞིན་པ་དེ་ཧ་ཅང་ཡག་པོའི་ཐོག་འགྲེལ་བརྗོད་བྱེད་ཀྱི་འདུག་སྙམ།
གང་ཡིན་ཞེ་ན། གལ་ཏེ་ཁྱེད་ཀྱིས་དེའི་སྐོར་བསམས་ན། ང་ཚོས་གཅིག་མཐོང་བའི་སྐབས། གང་འབྱུང་བཞིན་ཡོད་དམ། འདི་ནི་ནུབ་ཕྱོགས་པའི་འགྲེལ་བརྗོད་རེད། དེ་ལྟ་བུའི་རླབས་ལ་སོགས་པ་དང་མཉམ་དུ་འོད་དང་འོད་རྡུལ་སོགས་དངོས་པོ་ཚང་མ་ཡོད་པ་དང་། དེ་དག་གིས་མིག་གི་དྲ་སྐྱིའི་ཕྲ་ཕུང་མི་འདྲ་བར་སྣང་བར་བྱེད་ཀྱིན་ཡོད། དེ་དག་ཐམས་ཅད་གློག་གི་གནས་ཚུལ་གྱི་ནང་བསྒྱུར་ཡོད་པ་དང་རྫས་སྦྱོར་གྱི་རྒྱུད་རིམ་འགའ་ཞིག་ཀྱང་འབྱུང་བཞིན་ཡོད། ནུབ་ཕྱོགས་སུ་ང་ཚོས་སེམས་ཀྱིས་སེམས་ཀྱི་རྣམ་པ་ཞིག་སྐྲུན་གྱི་ཡོད་ཅེས་བརྗོད་ངེས་རེད། དེ་ནི་ང་ཚོས་དངོས་གནས་གང་མཐོང་གི་ཡོད་པ་དེ་རེད། ཡིན་ནའང་འདིར་ང་ཚོས་དེ་འདྲ་བྱེད་བཞིན་པའི་སྐོར་ཤོད་ཀྱིན་མེད་པར། དེ་ནི་འབྱུང་གི་ཡོད། དེ་ནི་སེམས་ཀྱི་རྣམ་པ་ཞིག་རེད། རེད་དམ་མ་རེད། དེ་དག་གིས་གཟུགས་སུ་གྲུབ་པའམ་རྫས་སྦྱོར་གྱི་དངོས་པོ་ཁས་མི་ལེན་པ་མིན། འོན་ཀྱང་ང་ཚོས་འདིར་གང་ཟུར་འདོན་བྱེད་ཀྱིན་ཡོད་ཅེ་ན། འཕྲུལ་ཆས་དང་འདྲ་བའི་སེམས་ཞེས་བྱ་བའི་ཆོས་ཤིག་ཡོད་པ་དང་དེས་སྐྲུན་གྱིན་ཡོད། དེས་གཟུགས་སུ་གྲུབ་པའམ་རྫས་སྦྱོར་གྱི་དངོས་པོ་དེ་ཁས་ལེན་མི་བྱེད་པ་མིན་པར། དེ་ནི་གང་འབྱུང་བཞིན་པའི་འགྲེལ་བརྗོད་གཞན་ཙམ་ཞིག་རེད།
དེ་ནི་མི་རྣམས་ཀྱིས་སྐད་ཆ་ཤོད་པ་དེ་གོ་བ་དང་གཅིག་མཚུངས་རེད། དུས་གཅིག་ལ་སྐད་ཅིག་གཅིག་ཁོ་ན་འབྱུང་གི་ཡོད། མ་རེད་དམ། བྱས་ཙང་། ང་ཚོས་དུས་གཅིག་ལ་ཚིག་གཅིག་གི་སྒྲ་ཆུང་ངུ་ཞིག་ཐོས་ཀྱི་ཡོད། དེར་བརྟེན་ཚིག་དེའི་ཡི་གེ་དང་པོའི་སྒྲ་ཐོས་པ་དང་དེ་ནས་ཡི་གེ་གཉིས་པའི་སྒྲ་ཐོས་པའི་སྐབས། ཡི་གེ་དང་པོའི་སྒྲ་དེ་གནས་ཀྱི་མེད། དེ་ནི་ཡལ་ཟིན་པ་རེད། ད་དུང་ཡང་ང་ཚོས་ག་རེ་ཐོས་ཀྱི་ཡོད་དམ། ང་ཚོས་ཚིག་ཁོ་ན་ཐོས་པ་མ་ཟད། ང་ཚོས་དོན་དག་དང་བཅས་ཚིག་སྒྲུབ་ཡོངས་རྫོགས་ཐོས་ཀྱི་ཡོད། འཛམ་གླིང་ནང་དེ་ཅི་ལྟར་འབྱུང་གི་ཡོད་པའི་སྐོར་ཁྱེད་ནས་བསམ་མྱོང་ཡོད་དམ། གལ་ཏེ་ཁྱེད་ཀྱིས་དུས་གཅིག་ལ་ཚིག་ཅིག་གི་ཡི་གེ་གཅིག་ཁོ་ན་ཐོས་ཀྱི་ཡོད་ན། དེ་ནི་ཡིད་ཆེས་དཀའ་བ་རེད། བྱས་ཙང་། འདི་ནི་སེམས་ཀྱི་རྣམ་པའི་རིགས་གཞན་ཞིག་རེད། ང་ཚོས་མིག་གི་མཐོང་རྒྱུ་ཡོད་པའི་རྣམ་པ་ཞིག་གི་སྐོར་ཤོད་ཀྱིན་མེད། འདིར་ཁྱེད་ཀྱིས་རྣམ་པ་དེའི་གོ་དོན་དེ་རྒྱ་ཆེ་རུ་གཏོང་དགོས་ཀྱི་ཡོད།
དབང་ཤེས་གང་འདྲ་ཞིག་ནའང་གཅིག་པ་རེད། དེ་ནི་ལྕེའི་བྲོ་བ་མྱོང་བྱེད་ཀྱི་ཕྲ་ཕུང་མི་འདྲ་བའི་སྒང་གི་གློག་གི་ངར་ཤུགས་ཁོ་ན་རེད། དེ་གང་རེད་དམ། བྱས་ཙང་། སླར་ཡང་དེ་ནི་བྲོ་བའམ་རོ་ཡི་སེམས་ཀྱི་རྣམ་པའམ་དྲིའི་སེམས་ཀྱི་རྣམ་པ་ཡང་ན་རེག་བྱའི་སེམས་ཀྱི་རྣམ་པ་ཞིག་རེད། འགྲིག་གི་འདུག་གམ། དེ་ག་ནང་བཞིན་བསམ་བློའམ་ཡང་ན་སེམས་ཚོར་སོགས་ལའང་གཅིག་མཚུངས་རེད། དེ་དག་ཐམས་ཅད་ནི་སེམས་ཀྱི་རྣམ་པ་རེད།
འདིར་སྐད་ཡིག་ལ་ཧ་ཅང་གནད་དུ་འཁེལ་བའི་ཐོག་ཁྱེད་ཀྱིས་འགོ་འཛུགས་བྱེད་དགོས། ང་ཚོས་སེམས་ཀྱི་སྐོར་ཤོད་སྐབས། མི་མང་པོ་ཞིག་གིས་འགྱུར་ལྡོག་མི་འདྲ་བ་ལ་དངོས་དང་ཤུགས་ཀྱི་ཚིག་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད། དེ་དག་གིས་གནད་དོན་འགའ་ཞིག་དང་འགྱུར་ལྡོག་འགའ་ཞིག་ཁོངས་སུ་བསྡུ་བའི་ཆེད་ཡང་སེ་དངོས་ཤུགས་ཞེས་པའི་ཚིག་དེ་བཀོལ་སྤྱོད་བྱེད་པ་དང་། དེ་དག་ནི་ཧ་ཅང་མགོ་རྨོངས་ཅན་ཆགས་ཀྱི་ཡོད། དམིགས་བསལ་དེ་དག་རྟོག་བཅས་དང་རྟོག་མེད་ལ་བཀོལ་སྤྱོད་བྱེད་སྐབས། ཧ་ཅང་མགོ་རྨོངས་ཅན་ཆགས་ཀྱི་ཡོད་པ་དང་དངོས་གནས་གོ་བ་ལོག་སྒྲུབ་ཆགས་ཀྱི་ཡོད། དེར་བརྟེན་དངོས་དང་ཤུགས་ཀྱི་ཐ་སྙད་ (མ་མཐར་ཡང་སྐད་སྒྱུར་བ་འགའ་ཤས་ཀྱིས་བཀོལ་སྤྱོད་བྱེད་སྟངས་དང་། ང་རང་ངོས་ནས་མཐའ་གཅིག་ཏུ་མོས་མཐུན་ཡོད་) དེ་ཡང་ནང་པའི་ལྟ་བའི་རྣམ་གཞག་འགའ་ཞིག་ཡོད་པ་དེ་དག་གིས་ཤེས་པས་སེམས་ཀྱི་རྣམ་པ་ཞིག་མེད་པར་བྱ་བ་བྱེད་ཐུབ་ཅེས་བརྗོད་ཀྱི་ཡོད། དེ་ནི་དངོས་རེད། ཡིན་ནའང་གལ་ཏེ་སེམས་ཀྱི་རྣམ་པ་ཞིག་ཡོད་ན། དེ་ནི་ཤུགས་རེད། སེམས་ཀྱི་རྣམ་པ་བརྒྱུད་ནས་ང་ཚོས་འཛམ་གླིང་ཤེས་ཀྱི་ཡོད། རེད་དམ་མ་རེད། དེ་ནི་ཤུགས་ལ་རེད། གང་ཡིན་ཞེ་ན། ང་ཚོས་སེམས་ཀྱི་རྣམ་པ་ཞིག་བརྒྱུད་དེ་འཛམ་གླིང་ཉམས་སུ་མྱོང་བཞིན་ཡོད།
བྱེ་བྲག་སྨྲ་བ་རྣམས་ཀྱིས་སེམས་ཀྱི་རྣམ་པ་མེད་པའི་སྒོ་ནས་ང་ཚོས་འཛམ་གླིང་དངོས་སུའམ་ཐད་ཀར་ཉམས་སུ་མྱོང་གི་ཡོད་ཅེས་གསུང་གི་ཡོད། རྒྱ་གར་གྱི་གྲུབ་མཐའ་སྨྲ་བའི་ལུགས་གཞན་དག་ཚང་མས་སེམས་ཀྱི་རྣམ་པ་བརྒྱུད་ནས་རེད་ཅེས་ཟེར། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་མི་འདྲ་བ་རྣམས་ལའང་འགྲེལ་ཚུལ་མི་འདྲ་བ་ཡོད་པ་ཤེས་དགོས།
- དགེ་ལུགས་པས། སེམས་ཀྱི་རྣམ་པ་དེ་དག་ཐམས་ཅད་མཐའ་གཅིག་ཏུ་ཕྱི་གསལ་ནང་གསལ་ཡིན་ཏེ། ང་ཚོས་འཛམ་གླིང་དངོས་གནས་མཐོང་གི་ཡོད་ཅེས་བརྗོད་པ་དང་།
- བོད་ཀྱི་ཆོས་བརྒྱུད་གཞན་དཔེར་ན། ས་སྐྱ་དང་། རྙིང་མ། བཀའ་བརྒྱུད་བཅས་ཀྱིས། སེམས་ཀྱི་རྣམ་པ་དེ་དག་ནི་ཕྱི་གསལ་ནང་གསལ་མིན་ཞེས་ཟེར། དེའི་རྒྱུ་མཚན་ནི་སེམས་ཀྱི་རྣམ་པའི་ཐོན་སྐྱེད་ཀྱི་རྒྱུད་རིམ་ནི་དེས་མཚོན་པའི་བྱུང་རྐྱེན་གྱི་རྗེས་སུ་ཆེས་ཕྲ་བའི་སྐད་ཅིག་གཅིག་ཡིན་པ་རེད། དེ་ནི་ཞིབ་དཔྱོད་ཅིག་དང་འདྲ་པོ་རེད། དེར་དུས་ཚོད་ཕྱིས་འགྱང་ལྟ་བུ་ཞིག་ཡོད། བྱས་ཙང་། རྒྱུ་མཚན་དེ་ལ་བརྟེན་ནས་དེ་ནི་དོན་ངོ་མར་ཕྱི་གསལ་ནང་གསལ་མིན།
དེས་དོན་ངོ་མར་ཁྱེད་ལ་གནད་དོན་ཞིག་གི་ཐད་ལ་བསམ་བློ་གཏོང་གཞི་ཞིག་སྦྱིན་གྱི་ཡོད། གང་ཡིན་ཞེ་ན། ང་ཚོས་འཛམ་གླིང་དངོས་གནས་རྟོགས་ཀྱི་ཡོད་དམ་ཡང་ན་དེར་རྟག་ཏུ་སྐར་ཆ་གཅིག་ཕྱིས་འགྱང་ཞིག་ཡོད་དམ། དེ་ནི་སྣང་སྲིད་རིག་པ་སྨྲ་བ་རྣམས་ལ་ཡིད་ཆེས་དཀའ་བའི་བསྟན་དོན་ཡིན་པ་གསལ་པོ་རེད། ཚན་རིག་པ་དེ་དག་གིས་དུས་དང་ཕྱོགས་ལ་སོགས་པའི་རང་བཞིན་ལ་འབྲེལ་བ་བྱེད་བཞིན་ཡོད། འདི་ནི་ཧ་ཅང་དོ་སྣང་བྱ་འོས་ཤིག་རེད། དེར་བརྟེན་འདི་དག་ནི་ང་ཚོས་ཤེས་དགོས་པ་དང་བསམ་བློ་གཏོང་དགོས་པའི་བརྗོད་གཞི་ཡག་པོ་རྣམས་རེད། འོན་ཀྱང་སེམས་ཀྱི་རྣམ་པས་གོ་དོན་ཧ་ཅང་ཆེན་པོ་མང་དག་སྟོན་གྱི་ཡོད།
སེམས་ཀྱི་རྣམ་པ་དེ་དམིགས་གཏད་ཀྱི་ནང་ཡོད་དགོས་དོན་མེད་ངེས་རེད། རེད་དམ། གང་ཡིན་ཞེ་ན། གལ་ཏེ་ངས་མིག་ཤེལ་གྱོན་མེད་ན། དེར་རབ་རིབ་ཀྱི་སེམས་ཀྱི་རྣམ་པ་ཞིག་ཡོད། ཉལ་ཁང་ནང་རབ་རིབ་མེད། ཡོད་དམ། བྱས་ཙང་། དེ་ནི་དམིགས་གཏད་ནང་མེད། ཡིན་ནའང་དེ་ནི་ང་ཚོའི་གསལ་བ་ཞེས་པའི་ཚིག་གི་ནང་ཚུད་པ་རེད། དེར་བརྟེན་གསལ་བ་ཟེར་བའི་ཚིག་དེ་ཡང་སེ་གོ་ནོར་ཐེབས་ཀྱི་ཡོད།
དེ་ནི་ཚིག་གསུམ་ནང་གི་དང་པོ་དེ་རེད། ང་ཚོས་ད་དུང་ཡང་ཙམ་ཞེས་པའི་ཚིག་དེ་ལ་འབྲེལ་བ་བྱས་མེད། དེ་ནི་མཐའ་མར་བསླེབ་ཀྱི་ཡོད། ཚིག་རྣམས་ཀྱི་གོ་རིམ་མི་འདྲ་བ་རེད། ང་ཚོས་ཁོ་ནའམ་ཙམ་ཞེས་པའི་ཚིག་དེ་དང་པོ་འཇོག་དགོས་ནའང་། སྐད་ཡིག་ནང་དེ་ནི་ཚིག་གསུམ་པ་དེ་རེད།
རིག་པ།
ཚིག་གཉིས་པ་དེ་ནི་རིག་པ་ཡིན་པ་དང་སླར་ཡང་འདི་ནི་བྱ་བ་ཞིག་རེད། དེ་ནི་ང་ཚོའི་སྐད་ཡིག་ནང་གི་བརྗོད་ཚུལ་ཡག་པོ་ཞིག་མིན། དེ་ནི་ཡུལ་འཛིན་པ་ཞིག་རེད།
ད་ཡུལ་ཞིག་འཛིན་པར་གནད་དོན་མང་པོས་ཡུལ་འཛིན་གྱི་ཡོད། བྱས་ཙང་། དཔེར་ན། གངས་འཕྱག་བྱེད་ཀྱི་སྦྱག་མས་གངས་འཛིན་གྱི་ཡོད་པ་ལྟ་བུ་རེད། ཁྱེད་ལ་གངས་ཡོད་པ་ལ་ལྟོས་མེད་རང་དབང་བའི་གངས་འཕྱག་བྱེད་ཀྱི་སྦྱག་མ་ཞིག་ཡོད་མི་སྲིད་པའི་དོན་རེད། གངས་མེད་པར་གངས་འཕྱག་བྱེད་ཀྱི་སྦྱག་མ་ཞིག་མི་སྲིད། སྲིད་དམ། གལ་ཏེ་གངས་མེད་ན། ཁྱེད་ཀྱིས་གངས་འཕྱག་བྱེད་ཀྱི་སྦྱག་མ་ཞིག་གསར་དུ་བསྐྲུན་ནས་དེ་ལ་གངས་འཕྱག་བྱེད་ཀྱི་སྦྱག་མ་ཞེས་འབོད་མི་ཐུབ། ཡིན་ནའང་གངས་འཕྱག་བྱེད་ཀྱི་སྦྱག་མས་རང་གི་ཡུལ་རྟག་པར་འཛིན་གྱི་མེད། དེ་དབྱར་དུས་སུ་གངས་འཕྱག་བྱེད་ཀྱི་སྦྱག་མ་དེ་སྣུམ་འཁོར་འཇོག་ཁང་དུ་དཔྱངས་ནས་བཞག་ཡོད་པས། དེས་རང་གི་ཡུལ་གངས་འཛིན་གྱིན་མེད། འོན་ཀྱང་ང་ཚོས་སེམས་ཀྱི་སྐོར་ཤོད་སྐབས། སེམས་ཀྱིས་སྐད་ཅིག་རེ་རེ་བཞིན་དུ་རང་གི་ཡུལ་ཞིག་འཛིན་གྱིན་ཡོད། ཡུལ་ཞིག་འཛིན་པ་དེ་ཡོད། རེད་དམ་མ་རེད། ང་ཚོ་གཉིད་ཁུག་པ་དང་དྲན་ཤེས་མེད་པའི་སྐབས་གང་ཡིན་རུང་ཁྱད་པར་མེད། དེས་འཛིན་པའི་ཡུལ་དེ་མུན་ནག་ཡིན་སྲིད། དེ་ནི་འོད་མེད་པའམ་ཡང་ན་སྒྲ་དང་ཚོར་བ་མེད་པ་ཞིག་ཀྱང་ཡིན་སྲིད། དེ་ནི་ཡུལ་ཞིག་རེད།
གང་མེད་པའི་ཆོས་དེ་ནི་ང་ཚོས་ཤེས་ཐུབ་པ་ཞིག་རེད། ང་ཚོ་ཚང་མས་ཁང་པ་འདིའི་ནང་གླང་ཆེན་མེད་པ་དེ་ཤེས་ཐུབ། གླང་ཆེན་མེད་པ་རེད། ང་ཚོས་གང་མཐོང་བཞིན་ཡོད་དམ། འོན་ཀྱང་དེ་ལས་དྲི་བ་གཞན་ཞིག་འབྱུང་གི་ཡོད་པ་སྟེ། ང་ཚོས་ཁང་པའི་ནང་གླང་ཆེན་མེད་པ་མཐོང་བའི་སྐབས། དོན་ངོ་མར་ང་ཚོས་གང་མཐོང་གི་ཡོད་དམ། གང་ཤར་གྱི་ཡོད་དམ། ཁང་པའི་ནང་གླང་ཆེན་མེད་པའི་ཁྱེད་ཀྱི་སེམས་ཀྱི་རྣམ་པ་དེ་གང་རེད་དམ། དེ་ནི་ཧ་ཅང་ཡིད་ལ་འཐད་པ་ཞིག་ཡོད། ད་དུང་ཡང་ང་ཚོས་དེ་ཤེས་ཀྱི་ཡོད། ང་ཚོ་ཚང་མས་དེ་མཐོང་ཐུབ།
འདིར་ང་ཚོས་སྐད་ཆ་ཤོད་བཞིན་པའི་ཡུལ་ཞིག་འཛིན་པ་ནི་རིག་པའམ་ཤེས་པ་ཞིག་རེད། དེའི་དོན་ནི་དེ་ཉམས་སུ་མྱོང་བའི་རིགས་ཤིག་རེད། ཡུལ་རྟོགས་ཚུལ་ལམ་ཡུལ་ཞིག་འཛིན་ཚུལ་མི་འདྲ་བ་ཧ་ཅང་མང་པོ་ཡོད། དེ་ཡང་ང་ཚོས་མཐོང་ཐུབ་པ་དང་། ཐོས་ཐུབ་པ། དྲི་མ་སྣོམ་ཐུབ་པ། རོ་མྱོང་ཐུབ་པ། རེག་བྱ་ (ཚ་གྲང་ལྟ་བུ་) ཚོར་ཐུབ་པ། ཡང་མིན་ན་བསམ་བློ་གཏོང་ཐུབ་ཀྱི་ཡོད། རེག་བྱའི་ཚོར་བ་ནི་འཇམ་པོ་དང་རྩུབ་པོ་ཡང་ན་གཞན་ཞིག་གི་རེག་པའི་ཚོར་བའི་ཚད་ལས་བརྒལ་མི་ཉན། ང་ཚོས་ད་དུང་ཚ་པོ་དང་གྲང་མོ་གཡོ་འགུལ་སོགས་དེ་དག་ཐམས་ཅད་ཀྱི་སྐོར་ཤོད་ཀྱིན་ཡོད། དེ་དག་ནི་རེག་བྱའི་ཆོས་རྣམས་རེད། དེ་འདྲ་སོང་ཙང་། དེ་ནི་ཡུལ་འཛིན་སྟངས་ཤིག་རེད། འཇུག་པ་ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་སྲོལ་ཡོད་པས། དེས་འགྲིག་པ་རེད། ཡིན་ནའང་སླར་ཡང་དེས་གོ་བ་ལོག་སྒྲུབ་འགའ་ཞིག་ལ་འཁྲིད་སྲིད།
ཡུལ་འཛིན་པ་ཞེས་འདི་ནི་ཡང་དག་པ་དང་མ་དག་པ་གཉིས་ཡིན་ཆོག་ལ་ངེས་པ་དང་མ་ངེས་པ་གཉིས་ཀ་ཡིན་ཆོག “ངས་དེ་གང་ཡིན་ནམ་བསམ་གྱི་འདུག་” ཅེས་དང་ “ངས་དེ་གང་ཡིན་ཚོད་དཔག་བྱེད་ཀྱི་ཡིན་” ཞེས་པ་ལྟ་བུ་རེད། དེ་ནི་ཡུལ་ཞིག་འཛིན་པ་དེ་རེད། འོན་ཀྱང་དེ་ལ་ངེས་པ་ཞིག་ནི་མེད། “དེ་གང་ཡིན་ངས་མི་ཤེས་” ཟེར་བ་ལྟ་བུ་རེད།
འདིར་ང་ཚོས་བཤད་དང་ཤོད་མུས་ཀྱི་བྱ་བ་གཉིས་ཏེ། སེམས་ཀྱི་རྣམ་པ་ཤར་བ་དང་ཡུལ་ཞིག་འཛིན་པ་གཉིས་ནི་ཁྱེད་ཀྱིས་དེ་གང་ཡིན་ཤེས་པ་ལྟ་བུ་ཞིག་ཡིན་དགོས་པའི་དོན་མིན་པར། དེ་ནི་ཡུལ་ལ་འཇུག་པ་ཙམ་ཞིག་ཡིན། དེ་ཡང་དེ་དག་རིམ་པ་བཞིན་དུ་འབྱུང་གི་ཡོད་དམ་ཡང་ན་དུས་གཅིག་ལ་འབྱུང་གི་ཡོད་དམ། དེར་དང་པོ་བསམ་བློ་ཞིག་ཤར་བའམ་སེམས་ཀྱི་རྣམ་པ་ཤིག་ཤར་བ་དང་། དེ་ནས་ང་ཚོས་བསམ་བློ་གཏོང་གི་ཡོད་པ་དེ་འདྲ་ཞིག་ཡོད་དམ། དང་པོ་གཟུགས་སུ་གྲུབ་པའི་ཡུལ་ཞིག་གི་སེམས་ཀྱི་རྣམ་པ་དེ་ཤར་བ་དང་དེ་ཤར་ཟིན་པ་དང་ང་ཚོས་མཐོང་བ་དེ་འདྲ་ཞིག་ཡོད་དམ། དེ་ལྟར་ཡིན་ན། ང་ཚོས་སེམས་ཀྱི་རྣམ་པ་དེ་ཤར་ཡོད་པ་ཇི་ལྟར་ཤེས་ངེས་སམ། མིག་ཤེས་ཀྱི་སེམས་ཀྱི་རྣམ་པ་ཞིག་དེར་ཡོད་པ་དང་། དེ་ནས་ང་ཚོས་དེར་ལྟ་དགོས་དང་མི་དགོས་ཞེས་ཐག་གཅོད་བྱེད་དགོས་པ་ཞིག་རེད་དམ། དེ་ནི་གང་འཚམ་གྱི་ཁྱད་མཚར་པོ་རེད། མ་རེད་དམ། བྱས་ཙང་། སེམས་ཀྱི་རྣམ་པ་ཞིག་སྐྲུན་པ་ནི་གཅིག་མཐོང་བ་དེ་རེད། དེ་ནི་དེ་མཐོང་བ་དེ་རེད། དུས་ཚོད་གཅིག་གི་ནང་བྱ་བ་གཉིས་མཉམ་དུ་འབྱུང་བཞིན་ཡོད་པ་དེ་འདྲ་མ་རེད། དེ་ནི་བྱ་བ་གཅིག་པ་དེ་ལྟ་ཚུལ་མི་འདྲ་བ་གཉིས་ཀྱི་སྒོ་ནས་འགྲེལ་བརྗོད་བྱས་པ་ཙམ་དེ་རེད། འགྲིག་གི་འདུག་གམ།
ཙམ།
ཚིག་གསུམ་པ་ནི་ནམ་རྒྱུན་ (གང་ཡིན་ཞེ་ན། འདི་ནི་ཨིན་སྐད་ནང་གོ་དོན་ཡག་ག་ཡོད་པའི་བཟོ་འདྲ་ཡོད་) ཨིན་སྐད་ནང་ (merely) ཞེས་བསྒྱུར་ཡོད་ནའང་། དེ་ནི་ཨིན་སྐད་ནང་གི་ (only) ཞེས་པའི་ཚིག་དེའང་ཡིན་སྲིད། བྱས་ཙང་། (only) ཞེས་པའི་ཚིག་དེས་གནད་དོན་ཞིག་ཟུར་འདོན་བྱེད་ཀྱི་ཡོད། དེའི་དོན་ནི་ཚིག་ངོ་མ་དེའི་དོན་ལྟར་བྱས་ན། དེ་ནི་གནད་དོན་ཞིག་ཟུར་འདོན་བྱེད་པར་བཀོལ་སྤྱོད་བྱས་ཡོད། ང་ཚོའི་སྐད་ཡིག་ནང་དུའང་། “དེ་ནི་འདི་ཁོ་ན་རེད་” བསམ་གྱི་འདུག །དེའི་དོན་ནི་དེ་མ་རེད། འདི་ཁོ་ན་རེད། འདིར་གནད་དོན་གཉིས་ཟུར་འདོན་བྱས་ཡོད་དེ།
- གཅིག་ནི་འཕྲུལ་ཆས་ཏེ་སེམས་ལྟ་བུའི་ཆོས་ཤིག་ཡོད་པ་དེས་བྱ་བ་འདི་བྱེད་བཞིན་ཡོད།
- གཉིས་པ་ནི་དེ་ལས་ཤེས་རྒྱུ་གལ་འགངས་ཆེ་བ་རེད། དེ་ནི་བྱ་བ་འདི་བྱེད་བཞིན་པའི་གནད་དོན་ཧྲིལ་པོ་འདི་ལས་ལོགས་སུ་བདག་གམ་གང་ཟག་ཟེར་བ་ཞིག་གིས། ཕ་གིར་བདག་ཟེར་བ་ཞིག་ཡོད་པ་དང་ད་ངས་འཕྲུལ་ཆས་སེམས་འདི་བླངས་ནས་དེ་ནུས་ལྡན་དུ་བཟོ་གི་ཡིན། དེ་ནས་འཕྲུལ་ཆས་དེས་བསམ་བློ་གཏོང་བ་དང་མཐོང་བ་འདྲ་པོ་བྱེད་ཀྱི་རེད་ཅེས་བཀོལ་སྤྱོད་བྱེད་བཞིན་པ་ཞིག་ནི་མེད། དེ་དག་གང་ཡང་ཡོང་གི་མེད། དེ་ལྟར་བྱེད་པོ་གང་ཟག་ལོགས་སུ་མེད། འཕྲུལ་ཆས་ནང་བཞིན་གྱི་བྱ་བ་དེ་བྱེད་མཁན་སེམས་ཤིག་མེད། དེ་ནི་འབྱུང་བཞིན་པ་ཙམ་རེད། གང་ཟག་ཅིག་གིས་བསམ་བློ་གཏོང་བཞིན་ཡོད་ངེས་རེད། ངས་བསམ་བཞིན་ཡོད་པ་ལས་ཁྱེད་ཀྱིས་བསམ་བཞིན་མེད། ངས་མཐོང་བཞིན་ཡོད་པ་ལས་ཁྱེད་ཀྱིས་མཐོང་བཞིན་མེད། ངས་དེ་ཁས་མི་ལེན་པ་མིན། འོན་ཀྱང་དེ་བྱེད་བཞིན་པའི་རྒྱུད་རིམ་ཡོངས་སུ་རྫོགས་པ་འདི་ལས་ལོགས་སུ་གྱུར་བའི་ངོ་བོ་ཞིག་ནི་མེད། གང་ལྟར་ཡང་། ང་ཚོས་འཆད་པར་བྱ་བའི་སྟོང་པ་ཉིད་ཀྱི་སྐོར་གྱི་སྐབས་སུ་འདིའི་སྐོར་བསླེབ་ཀྱི་རེད། དེ་ནི་གནད་དོན་ཧ་ཅང་གལ་ཆེན་པོ་ཡིན་པ་ནི་གསལ་པོ་རེད།
གང་ལྟར་ཡང་། མུ་མཐུད་ནས་འགྲོ་བཞིན་ཡོད་པ་ནི་སེམས་ཀྱི་བྱེད་ལས་འདི་ཙམ་རེད།
གལ་གནད་ཆེ་བའིི་ཐ་སྙད་གཞན་དག་ཁག
རྟོགས་པ།
འདིར་ཚིག་གཉིས་ལས་མང་བ་ཡོད། གང་ཡིན་ཞེ་ན། སེམས་ནང་ཚིག་གཞན་ཞིག་སླེབས་ཡོད། འོན་ཀྱང་ངས་འཆད་པར་འདོད་པའི་ཚིག་དང་པོ་དེ་ནི་རྟོགས་པའམ་ཨིན་སྐད་ནང་ (understanding) ཟེར་བ་དེ་རེད། རེད་དམ་མ་རེད། འདི་ནི་ཚིག་ཧ་ཅང་གཞི་རྐང་ཞིག་རེད། ང་ཚོས་གནད་དོན་ཞིག་རྟོགས་ཀྱི་འདུག་ཅེས་བརྗོད་པའི་སྐབས། དེའི་དོན་གང་རེད་དམ། ཁྱེད་ཀྱིས་ཚིག་རེ་རེ་ལ་དྲི་བ་འདོན་དགོས། དེ་ནི་ནམ་རྒྱུན་ཨིན་བསྒྱུར་བྱས་པའམ་མ་མཐར་ཡང་ངས་ཡུལ་ཞིག་རྟོགས་པ་ལ་ཨིན་སྐད་ནང་ (apprehend) ཞེས་སྒྱུར་གྱི་ཡོད་པ་དེ་དང་ཚིག་གཅིག་པ་རེད། དེ་ཡང་ཡུལ་དེ་ཡང་དག་པ་དང་ཐག་ཆོད་པོའི་སྒོ་ནས་འཛིན་པར་འགྲེལ་བརྗོད་བྱས་ཡོད། དེ་ནི་རྟོགས་པའམ་ཨིན་སྐད་ནང་གི་ (understanding) ཟེར་བའི་ཚིག་གི་སྐད་དོད་རེད།
མིའི་དབྱིབས་ལྟ་བུར་ཐོ་པོ་ལ་མི་ཞིག་ལྟར་འཛིན་པ་ནི་འཛིན་སྟངས་ནོར་བ་ཞིག་རེད། འོན་ཀྱང་འགྲོ་བ་མི་ཞིག་འགྲོ་བ་མི་ལྟར་འཛིན་པ་ནི་འཛིན་སྟངས་ཡང་དག་པའམ་མ་ནོར་བ་དེ་རེད། ཐེ་ཚོམ་ནི་དཔེར་ན། “ཕ་གི་དེ་མི་རེད་དམ་མིའི་དབྱིབས་ལྟ་བུའི་ཐོ་པོ་རེད། དེ་ནི་ཧ་ཅང་རྒྱང་ཐག་རིང་བས། ངས་མཐོང་ཐུབ་ཀྱི་མི་འདུག་” ཟེར་བ་ལྟ་བུ་ཡིན་ངེས་རེད། དེ་ནི་ཐེ་ཚོམ་རེད། དེ་ནི་ཡུལ་ལ་འཛིན་སྟངས་ཤིག་རེད། གང་ཡིན་ཞེ་ན། ང་ཚོས་གཅིག་མཐོང་བཞིན་ཡོད་པ་གསལ་པོ་རེད། ཡིན་ནའང་ང་ཚོས་དེ་ཡང་དག་པར་འགྲོ་བ་མི་ལྟར་མཐོང་བ་དང་དེ་མི་ལྟར་འཛིན་པའི་སྐབས། དེ་ནི་ཐེ་ཚོམ་མེད་པའམ་ངེས་པ་རེད། དེ་ནི་རྟོགས་པ་རེད། ཁྱེད་ཀྱིས་ཚིག་ཅིག་བཀོལ་སྤྱོད་བྱེད་པ་སོགས་གང་ཡང་བྱ་མི་དགོས། དེ་མིན་ཁྱེད་ཀྱིས་རྟོག་བཅས་ཁོ་ནའི་སྒོ་ནས་རྟོགས་ཐུབ་ཀྱི་ཡོད། དེ་འདྲ་ཞིག་མིན། (ཁྱེད་ཀྱིས་རྟོག་མེད་ཀྱི་སྒོ་ནས་ཀྱང་རྟོགས་ཐུབ།) དེ་ནི་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་ཡོད། དེར་བརྟེན་ང་ཚོས་ཡིན་གཅིག་མིན་གཅིག་ཚིག་བཀོལ་སྤྱོད་མ་བྱས་པར་དེ་གང་ཡིན་ང་ཚོས་ཤེས་ཀྱི་ཡོད། རེད་དམ་མ་རེད། ཁྱེད་ཀྱིས། “ཨོ། འགྲོ་བ་མི་ཞིག་དེར་འདུག་” ཅེས་བསམ་མི་དགོས། ཁྱེད་ཀྱིས་ངེས་པ་རྙེད་པའི་སྒོ་ནས་མི་ལ་མི་རུ་མཐོང་གི་ཡོད། ཁྱེད་ཀྱིས་དེ་གང་ཡིན་པ་རྟོགས་ཀྱི་ཡོད།
དངོས་སུ་རྟོགས་པ་དང་ཤུགས་ལ་རྟོགས་པ།
འདིར་འགྱུར་ལྡོག་ཅན་གྱི་རྣམ་པ་གཞན་ཞིག་ཡོད་པ་དེ་ལ་ཡང་སེ་ཨིན་སྐད་ནང་ (direct) དང་ (indirect) ཞེས་བསྒྱུར་ཡོད་ཀྱང་། ཁྱེད་རང་འདི་དང་འགྱུར་ལྡོག་ཅན་གྱི་རྣམ་པ་གཞན་བར་རྨོངས་བཞིན་ཡོད། འདིར་ཚིག་ཡག་ག་རྣམས་ནི་ཨིན་སྐད་ནང་གི་ (explicit) དང་ (implicit) གཉིས་ཏེ། དངོས་སུ་རྟོགས་པ་དང་ཤུགས་ལ་རྟོགས་པ་ཞེས་པ་དེ་རེད། དངོས་སུ་རྟོགས་པའི་དོན་ནི་ཡུལ་དེ་ཤེས་པ་རེད། གང་ཡིན་ཞེ་ན། ང་ཚོས་འདིར་འཛིན་པའམ་ཡང་ན་རྟོགས་པ་ཞིག་གི་སྐོར་ཤོད་ཀྱིན་ཡོད་པ་དང་། དེ་དངོས་སུ་རྟོགས་པ་ཡིན་པའི་སྐབས། དེའི་སེམས་ཀྱི་རྣམ་པ་ཞིག་གི་བཟོ་སྐྲུན་དེ་ཡོད། གལ་ཏེ་དེ་ཤུགས་ལ་རྟོགས་པ་ཡིན་ན། དེའི་སེམས་ཀྱི་རྣམ་པ་ཞིག་གི་བཟོ་སྐྲུན་དེ་མེད།
དེར་བརྟེན་ང་ཚོས་མི་འདི་མི་ལྟ་བུར་ངེས་པར་མཐོང་བའི་སྐབས། ང་ཚོས་ “ཕ་གིར་མི་ཞིག་འདུག་” ཅེས་དངོས་སུ་རྟོགས་པའམ་ཤེས་ཀྱི་ཡོད། དེར་མིའི་སེམས་ཀྱི་རྣམ་པ་ཞིག་ཡོད། ཡིན་ནའང་དེ་དང་ཆབས་ཅིག་ང་ཚོས་དེ་ “མིའི་དབྱིབས་ལྟ་བུའི་ཐོ་པོ་ཞིག་མིན་པ་” དེའང་ཤུགས་ལ་རྟོགས་ཐུབ། ཐོ་པོ་མིན་པའི་སེམས་ཀྱི་རྣམ་པ་མེད། མིའི་སེམས་ཀྱི་རྣམ་པ་ཁོ་ན་ཡོད་པ་རེད། ཐོ་པོའི་སེམས་ཀྱི་རྣམ་པ་ཞིག་མེད་པ་ངེས་པ་རེད། འོན་ཀྱང་ང་ཚོས་དེ་ནི་ཐོ་པོ་མིན་པར་ཤེས་ཀྱི་ཡོད་པ་དང་དེའང་ཡང་དག་པ་དང་ངེས་པའི་སྒོ་ནས་ཤེས་ཀྱི་ཡོད། བྱས་ཙང་། ང་ཚོས་དེ་ཤུགས་ལ་རྟོགས་པ་རེད། དོན་དག་ནི་ནང་པའི་སེམས་ཀྱི་བྱེད་ལས་ཐད་བརྟག་དཔྱད་བྱེད་ཚུལ་འདི་ནི་དངོས་གནས་ཡག་པོ་ཞིག་དང་ཧ་ཅང་གནད་དུ་འཁེལ་བ་ཞིག་རེད།
རྟོག་པ་དང་རྟོག་མེད་ཤེས་པ།
དེའི་རྗེས་ཀྱི་ཧ་ཅང་མགོ་རྙོག་ཅན་གྱི་ཚིག་ཆ་གཅིག་ཡོད་པ་ནི། རྟོག་པ་དང་རྟོག་མེད་གཉིས་རེད། ནང་ཆོས་ཀྱི་ནང་ཚིག་འདི་དག་བཀོལ་སྤྱོད་བྱེད་པའི་སྐབས། དོན་ངོ་མར་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་དག་ཡུལ་ཞིག་འཛིན་སྟངས་ཡིན་པ་གསལ་པོ་རེད། ཆོས་གང་ཞིག་ཉམས་སུ་མྱོང་སྟངས་ཤིག་རེད། ད་ཆོས་གང་ཞིག་རྟོག་པ་དང་བཅས་ཤེས་པའི་ཁོངས་སུ་གང་གཏོགས་ཀྱི་ཡོད་པ་ནི་སྤྱི་དེ་རེད། ངས་གོང་དུ་ཁ་ཟས་གཏུབ་བྱེད་ལ་དཔེ་བཞག་ནས་བརྗོད་གཞི་ངོ་སྤྲོད་བྱས་ཡིན།
སྤྱི་ལ་རིགས་མི་འདྲ་བ་མང་པོ་ཡོད། འོན་ཀྱང་སྤྱི་དེ་ལ་རིགས་གཅིག་ཡོད་པ་ནི་སྒྲ་སྤྱི་ཟེར་བ་དེ་རེད། དེ་ནི་ཚིག་གི་སྒྲ་ཞིག་ཡིན་དགོས་པའི་ངེས་པ་མེད། དེ་ནི་ (དཔེར་ན། ཧུ་དང་ཨ་ཡ་ལྟ་བུ་) ཚིག་ལྟ་བུར་བཀོལ་སྤྱོད་བྱས་པའི་སྒྲའང་ཡིན་ཆོག་པའམ། ཡང་ན་ཆུ་ཚོད་དྲིལ་བརྡའི་སྒྲ་ལྟ་བུའང་ཡིན་ཆོག །བྱས་ཙང་། གནད་དོན་མི་འདྲ་བ་མང་པོར་སྤྱོད་ཆོག་པའི་སྤྱི་ཞིག་ཡིན་པ་རེད། འཇིག་རྟེན་ནང་གནད་དོན་སྒེར་པ་གཅིག་ཙམ་གྱི་ཆེད་དུ་ང་ཚོར་ཚིག་དེ་འདྲ་མེད། གལ་ཏེ་གནད་དོན་ཆུང་ཙག་རིགས་ཡོད་དོ་ཅོག་དང་། ལྕོག་ཙེ་ཟེར་བའི་ཚིག་དེ་མེད་པ། ལྕོག་ཙེ་ཡིན་སྲིད་པ་ཚང་མ་ཚིག་མི་འདྲ་བ་ཞིག་ཡིན་ན། དེ་ནི་དངོས་གནས་དཀའ་ངལ་ཅན་ཆགས་ངེས་རེད། དེ་ནི་སྤྱི་ཟེར་བའི་དོན་དེ་རེད། ལྕོག་ཙེ་ཟེར་བའི་སྤྱི་ཞིག་ཡོད། དེ་ནི་ “ཅ་ག་ཙ་ལ་” ཞེས་སྒྲ་དབྱངས་ཀྱི་འགྲོས་ཙམ་ཞིག་རེད། དེ་གང་རེད་དམ། བྱས་ཙང་། སྟོང་ཟིན་པའི་མིའི་ཉེ་རིགས་འགའ་ཞིག་གིས་བསྐྲུན་པའི་རང་སྣང་གང་དྲན་གྱི་སྒྲ་ལ། “འགྲིག་གི་འདུག །དཔེ་ཡག་པོ། དེ་ལ་ཚིག་ཅིག་འབོད་ཀྱི་ཡིན། དེ་ནི་གང་ལ་གོ་བར་འགྱུར་བའི་སྤྱི་ཞིག་རེད།” དེར་བརྟེན་དང་པོ་ང་ཚོར་སྤྱི་ཟེར་བའི་ཚིག་དང་སྒྲ་ཞིག་ཡོད། དེ་ནི་ཧ་ཅང་དོ་སྣང་བྱ་འོས་ཤིག་རེད། གང་ཡིན་ཞེ་ན། དེ་སྒྲ་སྐད་གང་གིས་བཟོས་པ་དང་དེ་ག་ཚོད་མགྱོགས་པོ་བརྗོད་པ་ལ་ཁྱད་པར་མེད། གང་ཡིན་ཞེ་ན། དེའང་གང་འཚམ་གྱི་མི་འདྲ་བ་ཆགས་སྲིད། བྱས་ཙང་། དེ་ནི་སྤྱི་ཞིག་རེད། དེ་ཡང་མཐོན་པོ་དང་། དམའ་པོ། ཆེན་པོ། འཇམ་པོ། ཕྲུ་གུ་མ་འབྱར་གྱི་སྐད་ལྟ་བུ་སྒྲ་གདངས་སམ་ང་རོ་གང་འདྲ་ཞིག་བྱིན་ནའང་འདྲ་སྟེ། དེ་ནི་ཚིག་ཅིག་ཡིན་པ་རེད། ཡང་ན་དེ་ཅི་ལྟར་བྲིས་ཡོད་ནའང་འདྲ་སྟེ། དེ་ནི་ད་དུང་ཁྱད་མཚར་བ་ཡོད། བྱས་ཙང་། ང་ཚོས་རྟག་ཏུ་ལྕོག་ཙེ་ཞེས་བརྗོད་དུས་ཚིག་མི་འདྲ་བ་ཞིག་བརྗོད་ཀྱི་ཡོད་པ་དེ་འདྲ་མ་རེད། ཡང་མི་གཞན་དག་གིས་ལྕོག་ཙེ་ཟེར་བའི་ཚིག་དེ་བརྗོད་སྐབས། ཁོང་ཚོས་ཚིག་རྦད་དེ་མི་འདྲ་བའི་འབྲེལ་བ་མེད་པ་ཞིག་བརྗོད་ཀྱི་ཡོད་པ་དེ་འདྲའང་མ་རེད། དེ་ནི་སྤྱི་ཞིག་ཡིན་པ་རེད། སྤྱི་དེའང་སྒྲ་སྤྱི་ཡིན་པ་རེད། སྐབས་འགར་འདི་ལ་སྤྱི་ལ་ཁྱབ་པ་ཞེས་ཨིན་སྐད་ནང་ (universal) ཟེར་གྱི་ཡོད། ཡིན་ནའང་སྤྱིའམ་ཨིན་སྐད་དུ་ (category) དེས་གོ་དོན་ཡག་ག་སྤྲོད་ཀྱི་འདུག་སྙམ།
ཡང་སྤྱི་དེ་ལ་དོན་སྤྱི་ཟེར་བ་ཞིག་ཡོད། དེ་ནི་བོད་སྐད་ནང་དོན་སྤྱི་ཞེས་པ་དང་ཚིག་གཅིག་པ་རེད། ཡིན་ནའང་ཁྱད་པར་ཅུང་ཟད་ཅིག་ཡོད། དེ་ནི་སྒྲ་སྤྱི་གང་ལ་གོ་བའི་རྣམ་གྲངས་སྣ་ཚོགས་པ་རན་པར་ཤོང་བའི་སྤྱི་ཡིན་པ་སྟེ། དཔེར་ན། སྒྲ་སྤྱི་ལྕོག་ཙེ་ལྟ་བུ་རེད། དོན་སྤྱི་ནི་དངོས་པོ་མི་འདྲ་བ་ཚང་མར་ཚད་མའི་སྒོ་ནས་ལྕོག་ཙེ་ཞེས་བརྗོད་ཆོག་པའི་སྤྱི་ཡིན་ངེས་རེད། དངོས་པོ་ཡོད་དོ་ཅོག་ནི་སྤྱི་གཅིག་གི་ནང་རན་པར་ཤོང་གི་མེད། དོན་སྤྱི་ལ་མཚན་ཉིད་ཡོད་པ་དང་བྱེ་བྲག་རྣམས་ཀྱིས་མཚན་ཉིད་ཀྱི་དགོས་དོན་སྒྲུབ་དགོས་ཀྱི་ཡོད། འོན་ཀྱང་མཚན་ཉིད་རྣམས་ནི་ཀུན་རྫོབ་ཙམ་དུ་མི་རྣམས་ཀྱིས་བཟོས་པ་ཞིག་མིན། དཔེར་ན། ལྕོག་ཙེ་ལྟ་བུ་ནི་རྐང་པ་ཡོད་པའི་བཟོ་དབྱིབས་ལེབ་མོ་སྟེ། དེའི་སྒང་ལ་ཅ་དངོས་འཇོག་རུང་བ་དེ་རེད། མཚན་ཉིད་འདི་དགོས་དོན་སྒྲུབ་པར་བྱེད་པའི་དངོས་པོ་མི་འདྲ་བ་མང་པོ་ཡོད་ངེས་རེད། ལྕོག་ཙེ་ནི་རྣམ་གྲངས་གཅིག་གི་ཚིག་ཙམ་དེ་མིན།
བོད་སྐད་ནང་གི་དོན་སྤྱི་ནི་ཡུལ་སྤྱི་དང་ཚིག་གཅིག་པ་ཡིན་ནའང་། སེམས་ཅན་ཞིག་གི་ཤེས་པའི་ནང་གི་ཡུལ་སྤྱི་དེ་ནི་ཚིག་ཅིག་གི་དོན་སྤྱི་ཡིན་དགོས་པའི་ངེས་པ་མེད། དཔེར་ན། བ་ཕྱུགས་ལྟ་བུ་ལ་ལྷས་རའམ་ཡང་ན་ངའི་ཕྲུ་གུ་ཟེར་བ་ལྟ་བུའི་ཡུལ་སྤྱི་ཞིག་ཡོད། ཡིན་ནའང་དེ་ནི་བ་ཕྱུགས་ཀྱི་ཆེད་དུ་ཚིག་གི་དོན་མིན་པར། དེ་ནི་ང་ཚོའི་ཆེད་དུ་ཚིག་ཅིག་གི་དོན་ཡིན་པ་རེད། འོན་ཀྱང་བ་ཕྱུགས་ཀྱི་ཁ་ལག་ལྟ་བུ་བཟའ་རྒྱུ་ཞིག་ཤེས་ཀྱི་ཡོད། དེས་ཁ་ལག་དང་ལམ་ཁའི་ཨར་འདམ་བར་ཁྱད་པར་དེ་ཤེས་ཀྱི་ཡོད། དེས་རྩྭའི་དུམ་བུ་མི་འདྲ་བ་མང་པོ་ཁ་ལག་ལྟ་བུར་མཐོང་ཐུབ། བྱས་ཙང་། དེ་ནི་ང་ཚོ་འགྲོ་བ་མིའི་དོན་སྤྱི་ཞིག་དང་མཐུན་གྱི་ཡོད་ནའང་། ཡུལ་སྤྱི་ཡིན་པ་ལས་དོན་སྤྱི་མིན། ཁྱི་ལྟ་བུར་མཚོན་ན། དྲིའི་སེམས་ཀྱི་རྣམ་པ་ཞིག་ཡོད་ངེས་རེད། འདི་ནི་ཁྱི་དེའི་བདག་པོའི་དྲི་མ་ཡིན་པ་དེས་ཅི་ལྟར་ཤེས་སམ། དེས་ཇི་ལྟར་ཤེས་ཀྱི་ཡོད་དམ། དེ་འདྲ་སོང་ཙང་། སེམས་ཀྱི་དྲི་ཞིག་དང་ངའི་བདག་པོའི་དྲི་ཟེར་བའི་སྤྱིའི་རྣམ་པ་ཞིག་ཡོད། ཁྱི་དེས་ “དེ་ནི་ངའི་བདག་པོའི་དྲི་རེད་” ཅེས་ག་དུས་ཡིན་ནའང་ཤེས་ཀྱི་ཡོད། འོན་ཀྱང་དེ་ལ་ཚིག་མེད་པ་ནི་ངེས་པ་རེད། རེད་དམ་མ་རེད།
དེར་བརྟེན་སྤྱི་ཞིག་གི་བརྒྱུད་ནས་གནད་དོན་ཞིག་ཤེས་པའམ་རྟོགས་པ་དེ་ནི་རྟོག་པ་རེད། སྤྱི་རྣམས་ནི་གང་ལྟར་ཡང་རང་སོ་སོའི་རྣམ་པ་ཞིག་མེད། བྱས་ཙང་། སྤྱི་དེའི་སྒང་ལ་ད་དུང་ཡང་སེམས་ཀྱི་རྣམ་གཉིས་པ་ཞིག་ཀྱང་ཡོད་པ་དང་དེས་ང་ཚོའི་ཆེད་དུ་སྤྱི་མཚོན་པར་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་། ང་ཚོར་སེམས་ཀྱི་རྣམ་པ་གཉིས་ཡོད་པ་དང་། སྤྱི་མཚོན་པའི་རྣམ་པ་འདི་བཞིན་དགེ་ལུགས་པའི་འགྲེལ་ཚུལ་ལྟར་བྱས་ན། འདི་ནི་ཕྱེད་ཕྱི་གསལ་ནང་གསལ་རེད། ང་ཚོས་གཅིག་མཐོང་བའམ་ཐོས་པའི་སྐབས། འདི་ནི་སེམས་ཀྱི་རྣམ་པ་དང་པོ་དེའི་སྟེང་ལ་གཅིག་ཐོག་གཅིག་རྩེག་བྱས་པའམ་ཡང་ན་རྟོག་པས་བསྐྲུན་བཞག་ཡོད་པ་དང་། དེ་ནི་ཕྱེད་ཕྱི་གསལ་ནང་གསལ་ཡིན་པའི་དོན་ནི། དེའི་བརྒྱུད་ནས་ང་ཚོས་ཕྱིའི་དངོས་པོ་ཞིག་གི་སེམས་ཀྱི་རྣམ་པ་ཞིག་ཀྱང་རྟོགས་ཀྱི་ཡོད་ནའང་། དེ་གསལ་པོའི་སྒོ་ནས་རྟོགས་ཀྱི་མེད། དེར་བརྟེན་དེ་ནི་ཕྱེད་ཕྱི་གསལ་ནང་གསལ་ཡིན་པ་རེད།
ཐ་ན་ང་ཚོས། མིག་གིས་མཐོང་བའི་ཡུལ་ཞིག་གི་སྤྱི་མཚོན་པའི་སེམས་ཀྱི་རྣམ་པ་ཞིག་ཡོད་པའམ། ཡང་ན་སྒྲ་སྤྱིའི་སྒྲ་སྐད་ཅིག་ཡོད་བསམ་པའི་སྐབས་སུའང་། གནས་སྟངས་དེ་དག་གི་ནང་དུའང་སེམས་ཀྱི་རྣམ་པ་དེ་དག་ཕྱེད་ཕྱི་གསལ་ནང་གསལ་ཡིན་པ་རེད། ང་ཚོས་བསམ་བཞིན་པའི་གནད་དོན་དེ་ངེས་པར་དུ་ཡོད་མི་དགོས་ནའང་། བོད་པ་ཚོས་ཁྱེད་རང་དོན་ངོ་མར་དེ་ལ་འཇུག་གི་ཡོད་ཅེས་བརྗོད་ངེས་རེད། གལ་ཏེ་ངས་ཨ་མར་བསམ་བློ་གཏོང་བཞིན་ཡོད་ན། ཁོང་འདས་གྲོངས་སུ་གྱུར་ནས་ཐ་ན་ལོ་དྲུག་ཕྱིན་ཟིན་པ་དང་ཁོང་ད་ལྟ་དངོས་གནས་མེད་ནའང་ད་དུང་ངས་ཁོང་ལ་འཇུག་གི་ཡོད། སེམས་ཀྱི་པར་རིས་ཤིག་ཡོད་པ་དེ་ནི་སེམས་ཀྱི་རྣམ་པ་དེ་རེད། དེ་ནས་ངའི་ཨ་མ་ཟེར་བའི་སྤྱི་ཞིག་ཡོད། ངས་སེམས་ཀྱི་རྣམ་པ་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་པ་དེ་འདྲ་མིན་པར། ངས་ཨ་མ་ལ་བསམ་བློ་གཏོང་བཞིན་ཡོད། དེ་ནི་གསལ་པོ་ཞིག་མེད། གང་ཡིན་ཞེ་ན། དེ་ནི་སེམས་ཀྱི་རྣམ་པ་འདྲེས་མ་ཞིག་རེད། ངས་ཨ་མ་ག་ཚོད་ཀྱིས་ཡང་དག་པའི་སྒོ་ནས་དམིགས་རྣམ་དུ་བྱེད་ཐུབ་ནའང་། དེ་ནི་ཁོང་དངོས་སུ་མཐོང་བ་ནང་བཞིན་གསལ་པོ་མེད།
དེར་བརྟེན་འདི་ནི་རྟོག་པ་དང་རྟོག་མེད་ཟེར་བའི་དོན་རེད། དུད་འགྲོ་རྣམས་ལའང་རྟོག་བཅས་ཤེས་པ་ཡོད་པ་ལས་རྣམ་དཔྱོད་དེ་མེད། རྣམ་དཔྱོད་དམ་ཨིན་སྐད་ནང་ (intellectual) ཟེར་བ་འདི་ནི་ནུབ་ཕྱོགས་ཀྱི་ཚིག་ཅིག་དང་ནུབ་ཕྱོགས་ཀྱི་ཁ་ཟས་ལྟ་བུ་ཞིག་རེད། ནང་པའི་ཁ་ཟས་ཤེལ་དམ་ནང་ཁ་ཟས་དེ་དང་མཐུན་པ་ཞིག་མེད།
བསམ་པ།
ང་རང་བགྲོ་གླེང་བྱེད་འདོད་ཡོད་པའི་ཚིག་མཐའ་མ་དེ་ནི་བསམ་པ་ཟེར་བའི་ཚིག་འདི་རེད། འདིའི་སྐོར་མང་པོ་ཞུ་གི་མིན། བསམ་པ་ཞེས་པའི་དོན་གང་རེད་དམ། ང་ཚོས་བསམ་པ་ཞེས་པ་དེ་གང་ལ་གོ་བའི་ཕྱིར་ང་ཚོས་བེད་སྤྱོད་བྱེད་ཀྱི་ཡོད་དམ་ཞེ་ན། དེ་ནི་ནམ་རྒྱུན་ངག་དང་བསམ་བློའི་རིམ་པ་ཆ་ཚང་བ་ཞིག་རེད། མ་རེད་དམ། ཡུལ་ཞིག་འཛིན་པའི་གནས་སྟངས་གང་འདྲ་ཞིག་གི་ནང་འཛིན་སྟངས་དེ་ཡང་དག་པའམ་ཡང་དག་མིན་པ། ཡང་ན་ངེས་པའམ་མ་ངེས་པ་གང་ཡིན་རུང་གལ་ཏེ་སྤྱི་ཞིག་ཚུད་ཡོད་ན། དེ་ནི་བསམ་པ་རེད། བྱས་ཙང་། ཁྱིས་བསམ་གྱི་ཡོད། ཁྱི་དེས་རང་གི་བདག་པོ་ལ་བསམ་བློ་གཏོང་གི་ཡོད་པ་སྟེ། དྲི་མ་དང་ངའི་བདག་པོ་ཟེར་བའི་སྤྱི་དེ་ལ་བསམ་གྱི་ཡོད། དེར་བརྟེན་ཚིག་མེད་པ་རེད། དེ་ནི་རྣམ་དཔྱོད་ཅིག་མིན་ངེས་རེད། ནང་པའི་ལྟ་ཚུལ་ལྟར་བྱས་ན། དེའི་སྐད་ཅིག་གཅིག་དང་སྐར་ཆ་གཅིག་ནི་བསམ་པ་རེད། བསམ་པ་ནི་བསམ་བློའི་རིམ་པ་ཡོངས་སུ་རྫོགས་པ་ཞིག་ཡིན་དགོས་པའི་ངེས་པ་མེད།།