སེམས་ཀྱི་རིམ་པ།

སེམས་ཅན་དང་སེམས་ཅན་མིན་པའི་དབར་ལ་ས་མཚམས་ཤིག་ཡོད་པ་དང་། སེམས་ཅན་དང་ང་ཚོའི་ཉིན་རེའི་མི་ཚེའི་ནང་གི་སེམས་ཀྱི་བྱེད་ལས་ལ་ཆ་བཞག་ན། དེ་ལའང་རིམ་པ་མི་འདྲ་བ་ཡོད། ང་ཚོ་གཉིད་ལས་སད་པ་དང་། རྨི་ལམ་ནང་ཡོད་པ། གཉིད་གཏིང་རིང་པོའི་ནང་ཡོད་པ། དེ་བཞིན་དྲན་ཤེས་མེད་པའི་སྐབས། གནས་སྐབས་དེ་དག་རེ་རེའི་སྐབས་སུ་གཏིང་ཟབ་ལ་ཤིན་ཏུ་ཕྲ་བའི་སེམས་ཀྱི་རིམ་པ་ཞིག་ཡོད། ཐ་ན་ང་ཚོ་འཆི་བའི་དུས་སུ་སེམས་ཀྱི་ཐིམ་རིམ་དེ་ང་ཚོའི་དབུགས་ཆད་ཟིན་པའི་རྗེས་སུའང་མུ་མཐུད་ནས་འགྲོ་གི་ཡོད། དེའི་དུས་སྐབས་སུ་སེམས་ཀྱི་རིམ་པ་དེ་ལས་གཏིང་ཟབ་པ་ཞིག་ཀྱང་ཡོད། འཆི་བའི་དུས་སུ་ང་ཚོར་གང་འབྱུང་རྒྱུ་ཡིན་པའི་ཐད་ལ་ཉམས་མྱོང་གང་ཡང་མེད། འོན་ཀྱང་གཉིད་སད་པ་དང་། རྨི་ལམ་གཏོང་བཞིན་པ། དེ་བཞིན་གཉིད་གཏིང་ཟབ་པོའི་ནང་ཡོད་པ་དེ་གང་འདྲ་ཞིག་ཡོད་པའི་ཉམས་མྱོང་དེ་ང་ཚོས་ཤེས་ཀྱི་ཡོད། 

སེམས་དང་སེམས་བྱུང་དབར་ཀྱི་ཁྱད་པར། 

གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ལམ་ལུགས་ལྟར་ན། ཆོས་ཕྱོགས་ཀྱི་ཉམས་ལེན་གཙོ་བོ་ཁག་ནི་རྟག་ཏུ་སེམས་དང་འབྲེལ་བ་ཆགས་ཀྱི་ཡོད། དཔེར་ན། ཏིང་ངེ་འཛིན་དང་། མཉམ་བཞག །ལྷག་མཐོང་བསྐྱེད་པ་བཅས་ལ་བརྟེན་ནས་ཆོས་ཉམས་ལེན་བྱེད་ཀྱི་ཡོད། དེ་གཉིས་ཀ་ནི་སེམས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། བསམ་བློ་གཏོང་ཚུལ་གྱི་རྣམ་པ་དང་སེམས་བཀོལ་སྤྱོད་བྱེད་ཚུལ་དང་འབྲེལ་ནས་ཡོད། སེམས་ཟེར་བ་དེ་གང་ཡིན་པར་ངོས་འཛིན་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཅན་ཆགས་ཡོད། 

སེམས་ཟེར་བ་དེ་གང་ཡིན་པ་དང་སེམས་ཀྱི་དབྱེ་བའི་རིགས་མི་འདྲ་བའི་སྐོར་ལ་འགྲེལ་བརྗོད་ཧ་ཅང་མང་པོ་ཡོད། དཔེ་ཆ་བཞག་ན། ནང་ཆོས་ནང་སེམས་དང་སེམས་བྱུང་དབར་ལ་ཁྱད་པར་ཞིག་ཡོད། དོན་ངོ་མར་ཁྱད་པར་འདི་ནི་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ལམ་ལུགས་ཚང་མའི་ནང་ཡོད། 

ནང་པའི་སྲོལ་རྒྱུན་རང་གི་ནང་དུའང་སེམས་དང་སེམས་བྱུང་དབར་ཀྱི་ཁྱད་པར་ལ་འགྲེལ་ཚུལ་མི་འདྲ་བ་འགའ་ཞིག་ཡོད། དེ་དག་ལས་གཙོ་བོ་གཉིས་ཡོད་དེ། གཅིག་ནི་སེམས་ཀྱི་ཡུལ་མི་འདྲ་བའི་ཆ་ནས་ཁྱད་པར་འབྱེད་པ་དང་། གཞན་དེས་སེམས་ཀྱི་རང་བཞིན་ལ་གཞིར་བཞག་ཐོག་ཁྱད་པར་འབྱེད་ཀྱི་ཡོད། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་དབུ་མཐའ་རྣམ་འབྱེད་ཀྱི་ནང་འགྲེལ་ཚུལ་དང་པོ་བཞེད་ཀྱི་ཡོད། ཁྱད་པར་འབྱེད་ཚུལ་དང་པོ་དེ་ནི་སེམས་ཀྱི་ཡུལ་ལ་གཞིགས་ནས་ཁྱད་པར་འབྱེད་ཀྱི་ཡོད་པ་སྟེ། སེམས་ཀྱིས་ཡུལ་ཞིག་ལ་ཆ་ཚང་བར་དམིགས་པའམ་དོན་གྱི་ངོ་བོ་རིག་པར་བྱེད་པ་དང་། སེམས་བྱུང་གིས་ཡུལ་དེའི་ནང་ཡོད་པའི་ཁྱད་པར་ལ་དམིགས་ཀྱི་ཡོད། གཉིས་པ་དེས་ཡུལ་གྱི་ཕྱོགས་ནས་མི་འདྲ་བའི་ཁྱད་པར་འབྱེད་ཀྱི་ཡོད། སེམས་ལ་བརྟེན་ནས་ཡུལ་རྣམས་སེམས་ཀྱིས་ཆ་ཚང་བར་ཉམས་སུ་མྱོང་བ་དང་། སེམས་བྱུང་ལ་མཚོན་ན་ཡུལ་རྣམས་སེམས་ཀྱི་དམིགས་བསལ་རྣམ་པའམ་བྱེད་ལས་ཀྱིས་ཉམས་སུ་མྱོང་གི་ཡོད། 

ད་སེམས་དང་སེམས་བྱུང་དེ་གཉིས་ཀའི་ནང་།  ང་ཚོས་རྒྱ་ཆེ་བའི་སྡེ་ཚན་གྱི་རིམ་པ་གཉིས་ཀྱི་སྐོར་ཤོད་ཆོག་པ་ནི། རྫས་ཀྱི་དབང་པོ་དགོས་པའི་རིགས་གཅིག་དང་ལུས་ཀྱི་དབང་པོ་མི་དགོས་པའི་རིགས་བཅས་གཉིས་ཡོད། ལུས་ཀྱི་དབང་པོ་དགོས་པའི་རིགས་ནི་དབང་པོའི་ཤེས་པ་ཡིན་པ་དང་། མི་དགོས་པ་ནི་ཡིད་ཀྱི་ཤེས་པ་ཡིན། ད་ང་ཚོའི་སེམས་དང་སེམས་བྱུང་དང་འབྲེལ་བའི་གོ་བསྡུར་འདི་ཚན་རིག་པ་ཚོས་གང་ཤོད་ཀྱིན་ཡོད་པ་དང་ཐག་ཉེ་རུ་འགྲོ་གི་ཡོད། བྱས་ཙང་། སྐབས་འགར་སེམས་ནི་ཡིད་ཀྱི་ཤེས་པར་གོ་བར་བཀོལ་སྤྱོད་བྱེད་ནའང་། ང་ཚོར་དབང་པོའི་ཤེས་པ་དང་ཡིད་ཀྱི་ཤེས་པ་གཉིས་ཡོད། 

ད་ཡིད་ཀྱི་ཤེས་པར་ཆ་བཞག་ན། དེ་ལ་དབྱེ་བ་གཉིས་ཡོད་དེ། གཅིག་ནི་དེ་མ་ཐག་རྐྱེན་དུ་དབང་པོའི་ཤེས་པ་ལ་བརྟེན་ནས་བྱུང་བ་དང་། གཞན་དེ་ལ་ནི་དེ་མ་ཐག་རྐྱེན་དུ་དབང་པོའི་ཤེས་པ་མེད། གཞུང་གི་ནང་དུ་ང་ཚོས་ཀུན་འགྲོ་ལྔའི་སྐོར་ཤོད་ཀྱི་ཡོད་པ་དང་། དེ་དག་ནི་དབང་པོའི་ཤེས་པ་ཐེ་བའི་སེམས་ཚང་མའི་ནང་ཡོད་པ་རེད། དེར་བརྟེན། དཔེར་ན། ང་ཚོར་འདུ་ཤེས་དང་བདེ་བའི་རིམ་པ་ཞིག་ཚོར་བ་སོགས་ཡོད། འདུ་ཤེས་ཞེས་པའི་དོན་ནི། “འདི་འདི་རེད་དམ་ཕ་གི་རེད་” ཅེས་འདུ་ཤེས་པ་དེ་རེད། ཚན་རིག་པ་ཚོས་འདི་ནི་མིག་གི་དབང་པོར་གཞི་བྱས་ནས་འབྱུང་གི་མེད་པར་ཀླད་པ་ཁོ་ནའི་ནང་དུ་འབྱུང་གི་ཡོད་ཅེས་ཤོད་ཀྱི་ཡོད། ང་ཚོས་དབང་པོའི་ཤེས་པ་དེ་རང་གི་ངོས་ནས་ “དངོས་པོ་ཞིག་འདི་རེད་” ཅེས་དང་། “དངོས་པོ་ཞིག་ཕ་གི་རེད་” ཅེས་བསམ་གྱི་མེད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་དབང་པོའི་ཤེས་པ་ལ་འདུ་ཤེས་པའི་སེམས་བྱུང་དེ་ཡོད་དེ། དཔེར་ན། མུན་པ་ལས་འོད་ལྟ་བུ་རེད། 

ཁྱད་པར་གཞན་ཁག

ད་ནང་པའི་བསམ་བློ་དང་ལྟ་གྲུབ་ཁག་གི་ནང་། འདིའི་ཐད་ལ་བསམ་ཚུལ་མི་འདྲ་བ་དང་ཤེས་པས་བྱ་བ་ཇི་ལྟར་བྱེད་པ་དང་འབྲེལ་བའི་བསམ་ཚུལ་མི་འདྲ་བ་ཡོད། བྱེ་བྲག་སྨྲ་བའི་ལུགས་ལ་དཔེ་ཆ་བཞག་ན། ཆོས་གང་ཞིག་རྟོགས་པར་རྒྱུད་ལམ་ལྟ་བུ་ཞིག་ཏུ་བཟུང་བའི་ཡིད་ཀྱི་རྣམ་པ་མེད་པར་བཞེད་པ་དང་། མདོ་སྡེ་པས་དེ་ལྟ་བུའི་ཡིད་ཀྱི་རྣམ་པ་ཞིག་ཡོད་པ་དང་དེ་ནི་དོན་ངོ་མར་གང་ཉམས་སུ་མྱངས་པ་དེ་ཡིན་པར་བཞེད། བཞེད་ཚུལ་གཉིས་པ་དེ་ནི་ཚན་རིག་གི་ལྟ་ཚུལ་དང་མཐུན་ཆེ་བ་ཡོད། 

དེར་བརྟེན་ནང་པའི་གྲུབ་མཐའ་ཁག་གི་ནང་། དཔེར་ན། མིག་ཤེས་ལྟ་བུ་ཤེས་པས་བྱ་བ་ཇི་ལྟར་བྱེད་པའི་དཔེ་མཚོན་དང་འབྲེལ་བའི་རྩོད་གླེང་ཧ་ཅང་མང་པོ་ཡོད། དབུ་མ་རང་རྒྱུད་པ་དང་སེམས་ཙམ་པའི་གྲུབ་མཐའི་དབར་ང་ཚོས་ཁ་དོག་སྣ་ཚོགས་པའི་ཡུལ་ཞིག་ལ་ལྟ་བའི་སྐབས། ཡུལ་གྱི་རྣམ་པ་སྣ་ཚོགས་པ་དང་མིག་ཤེས་ཀྱི་རྣམ་པ་སྣ་ཚོགས་པའི་གྲངས་ཀ་མཉམ་པ་ཞིག་ཡོད་དང་མེད་ཅེས་པའི་ཐད་ལ་བགྲོ་གླེང་ཡོད། ཡང་ན་མིག་ཤེས་ཀྱི་རྣམ་པ་གཅིག་གིས་ཡུལ་གྱི་རྣམ་པ་སྣ་ཚོགས་པ་ཀུན་རྟོགས་པ་ཞིག་ཡོད་དམ། ཡང་མིན་ན་མིག་ཤེས་ཀྱི་རྣམ་པ་གཅིག་གིས་ཡུལ་གྱི་ཁ་དོག་སྣ་ཚོགས་པ་ཐམས་ཅད་ཀྱི་རྣམ་པ་གཅིག་ཡོད་དམ། ཁ་དོག་སྣ་ཚོགས་པར་མ་ལྟོས་པའི་འགྲེལ་བརྗོད་དུ་སེམས་ཀྱིས་དེ་དག་ཐམས་ཅད་ཧྲིལ་པོ་གཅིག་ཏུ་རྟོགས་ཀྱི་ཡོད་པ་དེ་ནི་ཚན་རིག་གི་ལྟ་ཚུལ་དང་མཐུན་ཆེ་བ་ཡོད་པ་ལྟ་བུར་སྣང་གི་ཡོད། 

སེམས་ཚོར་ལ་མཚོན་ན། ཚན་རིག་དང་མཐུན་པའི་ཐ་སྙད་མེད། དཔེ་ཆ་བཞག་ན། ད་ཡོད་ཀྱི་ཚན་རིག་པ་པཽལ་ཨེཀྨེན་ (Paul Eckman) གྱིས། སེམས་ཚོར་དང་། སེམས་ཁམས་ཀྱི་ཉམས་འགྱུར། རང་གཤིས་བཅས་ཀྱི་དབར་རྣམ་པར་འབྱེད་དཀའ་བར་བཤད། ཚན་རིག་པ་ཚོས་གཞུང་ལུགས་ཀྱི་ལུང་འདྲེན་ལ་གཞི་མི་བྱེད་པར་བརྟག་དཔྱད་ལ་གཞི་བྱེད་ཀྱི་ཡོད། དེར་བརྟེན་ཕན་ཚུན་མུ་མཐུད་ནས་ཟུང་སྦྲེལ་གྱི་ཉམས་ཞིབ་བྱ་རྒྱུ་དེ་འགྲུབ་འབྲས་ལྡན་པ་ཞིག་ཡོང་སྲིད་ལ། ནང་པ་དང་ཚན་རིག་པ་གཉིས་ཀར་ཕན་ཡོན་ཆེན་པོ་ཡོང་ངེས་རེད། 

ཡུལ་རྣམས་ལ་མཚོན་ན། ལུས་ཀྱི་ཁྱད་ཆོས་ཡིན་པ་དང་། དངོས་པོ་རྣམས་རྟག་ཏུ་རྟོགས་པའི་ཚུལ་ཡིན་པ། དེ་བཞིན་སྡེ་ཚན་དེ་གཉིས་ཀ་མིན་པ་བཅས་ཡོད། འོན་ཀྱང་དེ་ནི་དུས་ཚོད་ནང་བཞིན་རྟག་ཏུ་འགྱུར་བ་འགྲོ་གི་ཡོད། 

སེམས་ཀྱི་ངོ་བོ།

ད་རིག་པའམ་ཤེས་པ་ལ་ཆ་བཞག་ན། འདི་ནི་སེམས་ཀྱི་བྱེད་ལས་ལ་གཞིགས་ནས་འགྲེལ་བརྗོད་བྱས་ཡོད་པའི་ཆོས་ཞིག་སྟེ། རིག་པའམ་ཆོས་གང་ཞིག་རྟོགས་པའི་སེམས་ཀྱི་བྱེད་ལས་དེ་རེད། དེའི་མཚན་ཉིད་ནི། ༡༽ གསལ་བ་སྟེ། དེའི་དོན་ནི་སྣང་བྱེད་དང་། ༢༽ རིག་པ་སྟེ། ཆོས་གང་ཞིག་རིག་པའམ་ཤེས་པ། ༣༽ ཆོས་གང་ཞིག་མྱོང་བ་བཅས་རེད། མྱོང་བའི་ནང་དགེ་མི་དགེའི་སེམས་ཚོར་མི་འདྲ་བ་ཡོད་ནའང་། སེམས་ཀྱི་བྱེད་ལས་ཀྱི་ངོ་བོའམ་རང་བཞིན་ཁོ་རང་ནི་བཏང་སྙོམས་ཡིན་པ་རེད། སེམས་ཀྱི་བྱེད་ལས་དེ་ཕན་ཐོགས་ཅན་དང་གནོད་གཞི་ཅན་གང་ཡིན་དང་མིན་ནི་དོན་ངོ་མར་དེ་སེམས་བྱུང་གང་ཡིན་པར་རག་ལུས་ཡོད་པ་ལས། སེམས་ཀྱི་བྱེད་ལས་ལྟ་བུ་དེའི་ངོ་བོ་ལ་རག་ལུས་མེད། 

དཔེར་ན། ཁོང་ཁྲོ་ནི་སེམས་ཀྱི་ངོ་བོའི་ཆ་ཤས་ཤིག་མིན་པར། དེ་ལས་ལྡོག་སྟེ། ཁོང་ཁྲོ་འབྱུང་བར་རྒྱུ་དང་རྐྱེན་སྣ་ཚོགས་པར་རག་ལུས་ཡོད། (ཕྱོགས་གཞན་ཞིག་ནས་ཆོས་གང་ཞིག་གི་ངོ་བོ་འབྱུང་བ་དང་གནས་པར། དེ་རེ་འགའ་བ་མ་ཡིན་ལ་རྒྱུ་དང་རྐྱེན་ལ་རག་ལུས་མེད། དེ་ནི་མུ་མཐུད་དེ་འབྱུང་བ་དང་གནས་ཀྱི་ཡོད།) ཁོང་ཁྲོ་ལྟ་བུའི་སེམས་བྱུང་གི་རིགས་འགའ་ཞིག་ནི་རྒྱུ་རྐྱེན་ལ་བརྟེན་ནས་བསྐྲུན་པའི་སྐབས་ཁོ་ནར་དེ་དག་ཤུགས་ཆེན་པོ་ཆགས་ཀྱི་ཡོད། 

ཁོང་ཁྲོ་དེ་ཡོངས་སུ་བསྐྱེད་པའི་རྗེས་སུ་ཁོང་ཁྲོ་དང་སེམས་སམ་སེམས་ཀྱི་བྱེད་ལས་དབར་ཁྱད་པར་འབྱེད་དཀའ་མོ་ཡོད། ཡིན་ནའང་ཉམས་ལེན་ལ་བརྟེན་ནས་ཁོང་ཁྲོ་དེ་སྐྱེད་པའི་སྐབས། ང་ཚོས་ཁོང་ཁྲོ་ལ་རྩེ་གཅིག་ཏུ་ལྟ་ཞིབ་བྱེད་ཐུབ་པ་དང་། ཁོང་ཁྲོ་དེ་འབྱུང་གི་ཡོད་པ་དང་འགག་གི་ཡོད་པ་བརྟག་ཞིབ་བྱེད་ཐུབ། དེ་ལྟ་བུའི་དེ་ལ་བརྟག་ཞིབ་བྱེད་པའི་བྱ་བ་དེ་ག་རང་ལ་ཁོང་ཁྲོའི་ནུས་ཤུགས་དེ་ཉུང་དུ་གཏོང་བའི་ནུས་པ་དེ་ཡོད། དེར་བརྟེན་སེམས་ཀྱི་གནས་བབས་སམ་སེམས་བྱུང་འགའ་ཞིག་འབྱུང་བའི་སྐབས། དེས་ཤུགས་རྐྱེན་སྤྲོད་སྲིད་པ་རེད། 

དེ་ནི་སེམས་ཀྱི་རང་བཞིན་གྱི་སྐོར་ཅུང་ཟད་ཙམ་སྨྲོས་པ་དེ་རེད།

སེམས་ཚོར་དང་ལུས་དབར་གྱི་འབྲེལ་བ། 

ངས་ཉམས་ཞིབ་མང་བ་བྱེད་པར་འདོད་པའི་དོ་སྣང་བྱ་འོས་ཅན་གྱི་གནད་དོན་གཞན་ཞིག་ནི་གཤམ་གསལ་ལྟར་ལགས། དེ་ཡང་ང་ཚོའི་ལུས་པོའི་འབྱུང་བ་འགའ་ཞིག་འགྱུར་བ་འགྲོ་བའི་རྐྱེན་གྱིས་སེམས་ཚོར་འགའ་ཞིག་འབྱུང་སྲིད་པ་རེད། བསམ་བློའི་ཁྱེར་སོ་ཞིག་ཡར་རྒྱས་གཏོང་བ་དེས་ལུས་པོའི་ནང་གི་འགྱུར་ལྡོག་འགའ་ཞིག་ལ་ཤུགས་རྐྱེན་སྤྲོད་སྲིད་པ་སྟེ། དཔེར་ན། ཁོང་ཁྲོ་དང་ཞེ་སྡང་ལྟ་བུ་རེད། ཁོང་ཁྲོ་སྐྱེ་བའི་སྐབས། ཀླད་པའི་ཆ་ཤས་འགའ་ཞིག་གི་ཁྲག་རླུང་འཁོར་སྐྱོད་དེ་ཆེ་བ་ཡོད་པ་དང་། ཀླད་པའི་ཆ་ཤས་མི་འདྲ་བ་དེ་དག་སྙིང་རྗེ་ལ་བརྟེན་ནས་གྲུང་པ་དང་ཧུར་བརྩོན་ཆེ་བ་ཆགས་ཀྱི་ཡོད། བྱས་ཙང་། ཕྲ་བའི་རིམ་པའི་ཐོག་ནས་ང་ཚོས་དང་པོ་གང་བསླེབ་ཀྱི་ཡོད་མེད་བརྟག་དགོས། དེ་ཡང་ཀླད་པའི་ནང་གི་འགྱུར་བ་དེས་སེམས་ཚོར་ཞིག་སྐྱེད་པར་བྱེད་པའམ། ཡང་ན་སེམས་ཚོར་ཞིག་གིས་ཀླད་པའི་ནང་འགྱུར་བ་ཞིག་གཏོང་གི་ཡོད། འདི་ལ་ད་དུང་ཉམས་ཞིབ་བྱེད་དགོས། 

དཔེར་ན། དབང་རྩའི་ཕྲ་ཕུང་ནང་འགྱུར་བ་འགྲོ་གི་ཡོད་པ་ལྟ་བུ་རེད། དེ་ནི་ཅུང་ཟད་ཕྲ་བའི་གནད་དོན་ཞིག་རེད། ཡིན་ནའང་ང་ཚོར་ཤིན་ཏུ་ཕྲ་བའི་རིམ་པའི་ནང་འགྱུར་བའི་ཕུང་གསོག་ཅིག་ཡོད་པའི་སྐབས། ང་ཚོས་འགྱུར་བ་རགས་པའི་རིམ་པ་རྣམས་མཐོང་གི་ཡོད། དཔེ་ཆ་བཞག་ན། ཞེད་སྣང་སྐྱེ་བའི་སྐབས། ཁྲག་རླུང་མང་བ་དེ་རྐང་པའི་སྒང་ལ་འགྲོ་གི་ཡོད་པ་སོང་ཙང་། ང་ཚོ་རྒྱུག་གི་ཡོད། ཁོང་ཁྲོ་བཟའ་བའི་སྐབས། ཁྲག་རླུང་མང་བ་དེ་དཔུང་ལག་སྟེང་ལ་བསླེབ་ཀྱི་ཡོད་པ་སོང་ཙང་། ང་ཚོ་འཛིང་རེས་བྱེད་ཀྱི་ཡོད། དཔེ་མཚོན་དེ་དག་ལས་སེམས་ཚོར་དང་ལུས་རགས་པའི་བར་གྱི་འབྲེལ་བ་དེ་འགྱུར་བ་འགྲོ་གི་ཡོད་པ་ང་ཚོས་མཐོང་ཐུབ། ཁྲག་རྒྱུ་བ་ལ་དཔེ་ཆ་བཞག་ན། དེ་ནི་འགྱུར་ལྡོག་མངོན་པར་གསལ་བའི་རྣམ་པ་རགས་པ་ཞིག་ཡིན། འོན་ཀྱང་རིམ་པ་དེའི་སྐབས་སུ་སེམས་ཀྱི་གནས་བབས་ནང་གི་འགྱུར་ལྡོག་དང་ལུས་པོའི་འགྱུར་ལྡོག་གི་དབར་ལ་འབྲེལ་བ་འདི་ཡོད་དམ། 

ནང་པ་དང་ཧིནྡུའི་ཆོས་ལུགས་ཀྱི་གསང་སྔགས་ནས་རླུང་ཕྲ་བའི་རིམ་པའི་སྐོར་ཤོད་ཀྱི་ཡོད། དེའི་ཐོག་ལ་སེམས་སམ་སེམས་ཀྱི་བྱེད་ལས་སྐྱོད་ཀྱི་ཡོད། དེ་ལ་ནང་གི་རླུང་ཞེས་བཤད་ཡོད་པ་དང་། དེ་ནི་ནུས་པ་ལྟ་བུ་ཞིག་ལ་གོ་དགོས་ཤིང་། དེས་ལུས་ཀྱི་རིམ་པ་རགས་པ་ཞིག་དང་སེམས་ཀྱི་བྱེད་ལས་དབར་འབྲེལ་བ་བཟོ་གི་ཡོད། འདི་ནི་ནང་པ་དང་ཧིནྡུའི་བརྟག་དཔྱད་ཐུན་མོང་ཞིག་རེད། བྱས་ཙང་། དེ་ནི་ཚན་རིག་པ་ཚོས་བརྟག་དཔྱད་བྱེད་དགོས་པའི་དྲི་བ་ངོ་མ་དེ་རེད། དེ་ཡང་སེམས་དང་ལུས་པོའི་དབར་འབྲེལ་བ་མཐུད་པའི་རྒྱུད་ལམ་མམ་ཐབས་ཚུལ་དེ་གང་རེད་དམ། 

གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་དུ་ནང་པ་དང་ཕྱི་རོལ་པ་གཉིས་ཀའི་ནང་། “ནང་གི་རེག་བྱ་” ཟེར་བ་ཞིག་ཡོད། (དེ་ནི་ཤེས་པའི་ཡུལ་དང་འབྲེལ་བ་བྱེད་པའི་སེམས་བྱུང་ཞིག་དང་། ཡུལ་འདི་ནི་ཡིད་དུ་འོང་བ་དང་། མི་འོང་བ། བར་མའམ་བཏང་སྙོམས་བཅས་ཡིན་པར་ཁྱད་པར་འབྱེད་ཀྱི་ཡོད། དེར་བརྟེན་ཚོར་བ་དེ་སྡུག་བཏང་སྙོམས་ལ་བརྟེན་ནས་དེ་མྱོང་བའི་གཞི་རྟེན་ལྟ་བུའི་བྱ་བ་བྱེད་ཀྱི་ཡོད་ཅེས་ནང་པས་འགྲེལ་བརྗོད་དེ་ལྟར་བྱེད་ཀྱི་ཡོད།) ནང་གི་རེག་བྱ་འདིའི་ཉེར་ལེན་གྱི་རྒྱུ་ལྟར་འཛིན་པའི་ཐོག་ལ་གཞི་བྱས་ཏེ། ལུས་ཀྱི་ཤེས་པ་འབྱུང་གི་ཡོད་པ་དེ་ནི་བདེ་བ་དང་སྡུག་བསྔལ་གྱི་ཡིད་ཤེས་ཀྱི་དེ་མ་ཐག་རྐྱེན་རེད། 

དེར་མ་ཟད། དབང་པོ་གཞན་དག་ལ་དབང་པོ་ངེས་ཅན་ཞིག་ལ་ཤེས་པའི་ས་སྟེ། དཔེར་ན། མིག་གི་སྐྱེ་མཆེད་དེ་མིག་ལ་ཡོད་པ་ལྟ་བུ་ཞིག་ཡིན་ནའང་། རེག་བྱའི་སྐྱེ་མཆེད་ནི་ལུས་ཀྱི་དབང་པོ་ལ་གཞི་བྱས་ནས་འབྱུང་གི་ཡོད་པ་དང་། དེ་ལུས་པོ་ཡོངས་སུ་རྫོགས་པ་དང་དབང་པོ་གཞན་ཚང་མར་ཁྱབ་ཀྱི་ཡོད། ཚན་རིག་ལྟར་བྱས་ན། མཐོང་བ་དང་ཐོས་པའི་དབང་པོའི་ཐབས་ཚུལ་ལ་སོགས་པ་རེ་རེ་ལ་ཤེས་པའི་རྟེན་རེར་ཡོད། འོན་ཀྱང་དེ་དག་ཐམས་ཅད་ཀླད་པ་དང་འབྲེལ་བ་ཆགས་ཡོད། དེ་དག་ཐམས་ཅད་ཀླད་པར་ཁྱབ་ཀྱི་ཡོད། དེ་ལྟ་བས་ན། འདིར་ནང་ཆོས་དང་ཚན་རིག་གཉིས་ཀས་རིམ་པ་དེ་འདྲ་ཡོད་པའི་བཟོ་འདྲ་ཞིག་བརྗོད་ཀྱི་ཡོད་སྟབས། ང་ཚོས་ཤེས་པའི་རིམ་པ་གཞན་ཚང་མར་ཁྱབ་པའི་ཤེས་པའི་རིམ་པ་འགའ་ཞིག་གི་བསམ་བློ་ལ་བརྟག་དཔྱད་བྱེད་དགོས། 

ང་ཚོས་ཀླད་པ་དང་དབང་རྩ་ལ་བརྟག་དཔྱད་བྱེད་སྐབས། སེམས་ཀྱི་རིམ་པ་རགས་པ་དང་དེ་ལས་ཕྲ་བའི་རིམ་པའི་དབར་གྱི་ཁྱད་པར་ཞིག་བཟོ་དགོས། ད་ང་ཚོས་སེམས་ཀྱི་རིམ་པ་རགས་པ་དེ་མི་དང་ཁྱི་གཉིས་ཀའི་དབང་པོའི་ཤེས་པའི་རིམ་པར་ངོས་འཛིན་བྱེད་ཆོག །འོན་ཀྱང་དེ་གཉིས་དབར་གྱི་ཀླད་པའི་ཁྱད་པར་ལ་བརྟེན་ནས་དེ་དག་གི་སེམས་དང་། དེ་དག་གིས་རིམ་པ་རགས་པའི་སྒང་ལ་བྱ་བ་ཇི་ལྟར་བྱེད་པའི་ཐད་ལའང་ཁྱད་པར་ཡོད། (དེར་བརྟེན། དཔེར་ན། ཁྱི་རྣམས་ལ་མི་ལས་ཀྱང་ཚད་མཐོ་བའི་དྲི་ཚོར་གྱི་དབང་པོ་དང་ལྡན་པ་ལྟ་བུ་རེད།) ཡིན་ནའང་དབང་པོ་རགས་པ་ལས་ཕྲ་བའི་སེམས་སམ་སེམས་ཀྱི་བྱེད་ལས་ཀྱི་རིམ་པ་ཞིག་དགོས་ཀྱི་ཡོད། 

སེམས་ལུས་ལ་རག་ལུས་པའི་ཚད་ལ་གཞིགས་ནས་སེམས་ཕྲ་བའི་རིམ་པ་མི་འདྲ་བ་ཡོད། དབང་ཤེས་ཀྱི་རགས་པའི་རིམ་པ་ནི་ལུས་ལ་རག་ལུས་ཆེ་ཤོས་དེ་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་ཉོན་མོངས་པ་རྣམས་ནི་སེམས་ཀྱི་ཕྲ་བའི་རིམ་པ་ཤུགས་ཆེ་བ་ཡིན་ངེས་པ་དང་། དེ་ནི་ལུས་ལ་བརྟེན་ཆུང་བ་ཡོད། རྨི་ལམ་གྱི་རིམ་པའི་སྐབས་སུའང་དེ་དང་གཅིག་མཚུངས་རེད། ད་དུང་དེ་ལུས་ལ་བརྟེན་ནས་ཆུང་བ་ཡོད། དེ་བས་ན་སེམས་ཚོར་དང་རྨི་ལམ་གྱི་རིམ་པ་ཕྲ་བ་འདི་དག་དང་འབྲེལ་བའི་མི་དང་དུད་འགྲོའི་དབར་ཁྱད་པར་གང་ཡོད་དམ། 

ད་ང་ཚོར་འཆི་བའི་རྒྱུད་རིམ་ལ་བརྟག་དཔྱད་བྱེད་ཆེད་ཚན་རིག་གི་ལག་ཆ་ཡོད། འདི་ལྟ་བུའི་ཉམས་ཞིབ་ནི་འདས་པའི་ལོ་ངོ་བཅོ་ལྔའི་རིང་ནས་འགྲོ་མུས་རེད། འོན་ཀྱང་འཆི་བཞིན་པའི་མི་ཞིག་གི་མགོ་བོར་གློག་སྣེ་ (electrodes) མཐུད་ནས་ཡོད་པའི་སྐབས་སུ་མི་དེའི་སེམས་ཀྱི་གནས་བབས་ཚོད་ལྟ་བྱ་རྒྱུ་ཡོད་ནའང་། བརྟག་དཔྱད་དེ་བྱེད་བཞིན་པའི་སྐབས་དེར་དངོས་སུ་མི་ཤི་མཁན་བྱུང་མེད། ཡིན་ནའང་ད་གཟོད་ང་ཚོས་བརྟག་དཔྱད་དེ་ལྟ་བུར་སྔར་ལས་དོ་གལ་ཆེ་བ་བྱ་དགོས་ཤིང་། མི་ཞིག་ལ་ང་ཚོས་སྐུ་མཁྱེན་མགོ་བོར་གློག་སྣེ་མཐུད་ནས་ཡོད་སྐབས་འཆི་རོགས་གནང་ཞེས་ཞུ་འབོད་བྱེད་དགོས། འོན་ཀྱང་དེ་ལྟར་ཞུ་འབོད་བྱ་རྒྱུ་ནི་ཤིན་ཏུ་དཀའ་ལས་ཁག་པོ་རེད། ང་ཚོས་གོ་སྐབས་མ་ནོར་བ་ཞིག་ལ་སྒུག་དགོས། 

འཆི་བའི་རྒྱུད་རིམ་དངོས་ཀྱི་སྐབས་སུ་གང་འབྱུང་བཞིན་ཡོད་པའི་ཐད་ཚོད་དཔག་བྱ་ཕྱིར་ཛ་དྲག་དང་དོ་གལ་ཆེ་བའི་ཚན་རིག་གི་ཚོད་ལྟའི་རིགས་མེད་ནའང་། རྒྱ་གར་གྱི་གཞུང་ལུགས་ནང་སེམས་ཀྱི་བྱེད་ལས་ཀྱི་རིམ་པ་གསུམ་ཤོད་ཀྱི་ཡོད། རིམ་པ་གསུམ་པ་དེ་ནི་འཆི་བའི་དུས་སྐབས་ཁོ་ནར་འབྱུང་གི་ཡོད། ད་དུང་གསལ་དུ་བཏང་ན། རིམ་པ་གསུམ་པ་དེ་ནི་དབུགས་དང་སྙིང་གི་བྱེད་ལས་འགགས་པའི་སྐབས་འབྱུང་གི་ཡོད། ཡིན་ནའང་སེམས་ཀྱི་ཐིམ་རིམ་འགའ་ཞིག་ནི་ད་དུང་ཡང་འབྱུང་བཞིན་ཡོད། རིམ་པ་འདི་ནི་ཐ་ན་སེམས་ཀྱི་རིམ་པ་གཞན་གང་ལས་ཀྱང་ལུས་པོར་བརྟེན་ཆུང་བ་ལྟ་བུར་སྣང་གི་ཡོད། དེ་ལྟ་བས་ན། རགས་པའི་རིམ་པ་ནི་ཀླད་པ་དང་དབང་རྩར་བརྟེན་ནས་ཡོད་ཀྱང་། ཤིན་ཏུ་ཕྲ་བའི་རིམ་པ་འདི་ནི་ད་དུང་ཡང་དྲི་བ་ཞིག་རེད། 

དེར་མ་ཟད། ནང་པའི་དབྱེ་བ་འབྱེད་ཚུལ་ལྟར་བྱས་ན། ང་ཚོའི་ཉོན་མོངས་པ་རྣམས་རགས་པའི་རིམ་པའི་སྒང་ལ་མིན་པར། ཕྲ་བའི་རིམ་པའི་སྒང་ལ་ཚུད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་བསམས་སོང་། དེ་དག་ལུས་རགས་པའི་སྒང་ལ་རག་ལུས་ཆུང་བ་ཡོད་པའི་རྒྱུ་མཚན་གང་རེད་དམ། ཐེངས་པ་ཞིག་ལ་ཚན་རིག་པ་དང་མཉམ་དུ་ཚོགས་འདུ་ཞིག་འཚོགས་པའི་སྐབས། ངས་ “ལུས་ཀྱི་བྱ་བའི་རྒྱུད་རིམ་གང་ཡང་མེད་པར་སེམས་ཀྱི་བྱེད་ལས་ཁོ་ནར་བརྟེན་ནས་ལུས་ཀྱི་ཤུགས་རྐྱེན་ཞིག་འབྱུང་བར་བྱེད་ཐུབ་བམ་” ཞེས་དྲིས་ཡིན། དེ་ལ་ཚན་རིག་པ་ཚོས། “ལྟ་བའི་རྣམ་བཞག་གི་ཐོག་ནས་བཤད་ན། ཤུགས་རྐྱེན་འབྱུང་བར་བྱེད་ཐུབ་ཀྱང་། དངོས་དོན་ཐོག་ལ་དེ་ནི་མི་སྲིད་པ་ཞིག་རེད་” ཅེས་བཤད་སོང་། 

འདི་ནི་ཧ་ཅང་ཚན་རིག་གི་ཐབས་ཚུལ་ཞིག་མིན། ང་ཚོས་བྱེད་ཐུབ་པའི་བརྟག་དཔྱད་སྟབས་བདེ་ཞིག་ཡོད། ངུ་བའམ་མིག་ནས་མཆི་མ་ཐོན་པ་ནི་སེམས་ཀྱི་གནས་བབས་ཤིག་ལ་ལུས་ཀྱིས་རྣམ་འགྱུར་དང་ཡ་ལན་ཞིག་ཡིན་པ་རེད། ཡིན་ནའང་དེ་ནི་དགའ་བ་དང་སྡུག་པ་གང་རུང་ལས་འབྱུང་ཆོག་པ་ཞིག་རེད། དེ་གཉིས་ཀྱི་བར་ལ་སེམས་ཀྱི་རིམ་པའི་ཐོག་ནས་ཁྱད་པར་ཆེན་པོ་ཞིག་ཡོད་ཀྱང་། ལུས་ཀྱི་རྣམ་འགྱུར་དེ་ནི་གཅིག་པ་རེད། གལ་ཏེ་དགའ་སྐྱིད་ལ་བརྟེན་ནས་མིག་ཆུ་དེ་མིག་གཡས་པ་ནས་ཐོན་པ་དང་སྡུག་བསྔལ་ལ་བརྟེན་ནས་མིག་ཆུ་དེ་མིག་གཡོན་པ་ནས་ཐོན་གྱི་ཡོད་ན། ལུས་ཀྱི་རིམ་པའི་ཐོག་ནས་ང་ཚོས་དེ་དག་ཁྱད་པར་འབྱེད་ཐུབ། འོན་ཀྱང་གནས་སྟངས་དེ་འདྲ་མ་རེད། ཁྱད་པར་ནི་དེ་འདྲ་བའི་རགས་པའི་རིམ་པའི་ཐོག་ནས་མིན། དེར་བརྟེན་སེམས་ཚོར་གྱི་རིམ་པར་བརྟག་དཔྱད་བྱེད་པར། ང་ཚོས་ལུས་རགས་ཤོས་ཀྱི་རིམ་པ་འདི་ལས་གཏིང་ཟབ་པར་ལྟ་ཞིབ་བྱེད་དགོས། ཡིན་ནའང་ཀླད་པའི་ལུས་ཀྱི་རིམ་པ་ཙམ་ལ་བརྟག་དཔྱད་བྱེད་པའི་སྒོ་ནས་སེམས་ལ་བརྟག་དཔྱད་བྱེད་པར། གལ་ཏེ་འདིས་ད་དུང་ཡང་གནད་དོན་ཞིག་ཟུར་འདོན་བྱེད་པའམ། ཡང་ན་གལ་ཏེ་དེ་ནི་ད་དུང་ཡང་ཧ་ཅང་སྤྱིར་བཏང་ཡིན་ན། དེ་ལ་ང་ཚོས་དྲི་བ་གཏོང་དགོས། 

ནང་པའི་གཏན་ཚིགས་རིགས་པའི་ནང་། ང་ཚོས་རྗེས་དཔག་ཚད་མའི་རིགས་མི་འདྲ་བའི་སྐོར་ཤོད་ཀྱི་ཡོད། དཔེར་ན། དངོས་པོ་འདྲ་མཚུངས་ཀྱི་ནང་ཁྱད་ཆོས་འདྲ་མཚུངས་ལ་ལྟ་ཞིབ་བྱེད་པའི་སྒོ་ནས་ང་ཚོས་སྤྱིར་བཏང་བཟོ་ཐུབ་པ་དང་སྤྱི་ཞིག་རྗེས་སུ་དཔོག་ཐུབ། ཡང་ན་དངོས་པོ་ཞིག་ཁྱད་ཆོས་བཟང་པོ་ལ་བརྟེན་ནས་ལྟ་ཞིབ་བྱས་མེད་ན། དེ་ནི་སྤྱི་མི་འདྲ་བའི་ནང་ལྷུང་གི་ཡོད་པར་ང་ཚོས་རྗེས་སུ་དཔག་ཐུབ་པ་ལྟ་བུ་རེད། འོན་ཀྱང་སེམས་ཚོར་དང་ལུས་བར་གྱི་འབྲེལ་བ་ལ་གཞིགས་པའི་གནད་དོན་འདི་རིགས་ཐག་གཅོད་ཅིག་ལ་བསླེབ་པར། འདི་དག་ནི་རྒྱ་ཆེ་དྲགས་པ་དང་མཇུག་བསྡོམས་མེད་པའི་རྒྱུ་མཚན་རིགས་པའི་རྣམ་པ་ཁག་ཡིན་པ་རེད།།

Top