མནྟྲའམ་སྔགས་ཤེས་པ་དེ་ག་རེ་ཡིན་ནམ། །

00:51
ང་རང་ཚོར་སེམས་ངལ་བྱུང་བའམ། སེམས་དབང་མེད་དུ་མི་དགེ་བའི་བསམ་བློའི་ཟང་ཟིང་གི་ནང་དུ་ཡོད་པའི་སྐབས་སུ། སྔཌ་བགྲང་པས་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་ནི་མི་འདོད་པའི་ཟུར་ཕོག་དང་བྲལ་བའི་ཐབས་ལམ་སྟེ། དེ་ཡིས་ལུས་སེམས་ཞི་ལྷོད་པོར་ཡོང་བ་དང་། སེམས་ནང་གི་རྙོག་ཟིང་ཞི་འཇམ་དུ་གཏང་བ་དང་། དེ་བཞིན་ཡིད་དང་སེམས་ཚོར་གྱི་དགེ་བའི་ཕྱོགས་དེ་སྐྱེད་སྤེལ་བྱེད་པ་ཡིན། སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་ནང་། སྔགས་བྱེ་བྲག་དེ་འདྲས་སེམས་སྙིང་རྗེ་ཇེ་ཆེར་་དང་ཇེ་གསལ། གོ་རྟོགས་གཏིང་ཇེ་ཟབ་ཏུ་གཏོང་བར་བེད་སྤྱོད་བྱེད་ཆོག མནྟྲའམ་སྔགས་ནི། ཆོས་ཉམས་ལེན་པ་ཙམ་མ་ཡིན་པར་། མི་སུ་འདྲ་ཞིག་ལ། དེང་དུས་ཡར་ལྡན་ཅན་གྱི་མི་ཚེའི་ནང་དཀའ་ངལ་དང་གདོང་ལེན་གང་འདྲ་ཞིག་འཕྲད་ནའང་ཕན་ཐོགས་པའི་ཐབས་ལམ་ཞིག་ཡིན།

མནྟྲའམ་སྔགས། མི་ཁ་ཤས་ལ། ཚིག་དེ་གོ་བ་དང་ལམ་སེང་སེམས་ནང་རྫུ་འཕྲུལ་དང་འདོད་ཀུན་འཇོ་བའི་ཡིག་འབྲུའི་གཟུཌ་བརྙན་ལྟ་བུ་ཞིག་ཡིད་ལ་ཤར་བ་དང་། ཡང་ཁ་ཤས་ཀྱིས། དེ་ནི་དད་པ་དང་གསོལ་བ་སྨོན་ལམ་ཀྱི་གཟུགས་སུ་ཁ་ཏོན་བྱ་དགོས་པ་ཞིག་ལ་བསམ་བློ་འཁོར་གྱི་ཡོད། དེང་སང་གི་དུས་ཚོད་ལ། ཆབ་སྲིད་ཀྱི་རུ་ཁག་དང་ཚོང་བསྒྲགས་ཀྱི་ལས་རྟགས་སོགས་བརྒྱུད་དེ་ཁོ་ཚོའི་མནྟྲ་དེ་ཡིག་འབྲུ་བསྡུས་ལ་བདེ་བའི་འབོད་ཚིག་གི་གཟུགས་སུ་བཀོད་ནས་དེ་ཁོ་ཚོའི་མནྟྲ་ཡིན་པར་ང་ཚོ་ལ་ཚུར་ཁྱབ་བསྒྲགས་བྱེད་ཀྱི་ཡོད། དེ་དག་ཐམས་ཅད་ཀྱང་ནང་པའི་ཉམས་ལེན་དང་འབྲེལ་བའི་ཐོག་ནས་བེད་སྤྱོད་བྱེད་ཀྱི་ཡོད་པའི་འདུན་པ་ཞིག་ནི་མ་ཡིན། སངས་རྒྱས་པའི་ཆོས་ལུགས་ཀྱི་ནང་། སྔགས་ནི་ང་ཚོའི་སེམས་དགེ་བའི་ཕྱོགས་དེ་ལ་དམིགས་པ་གཏད་དེ་གནས་པ་དང་། དེ་སྐྱེད་སྤེལ་བྱེད་པ་ལ་ཕན་ཐོགས་པའི་ཐབས་ཟབ་མོ་ཞིག་ལ་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། གཞན་ལ་རྣམ་པར་དག་པའི་སྙིང་རྗེའི་བསམ་བློ་ལྟ་བུའོ།།

སྔགས་སམ་མནྟྲ་ནི། རྗོད་བྱེད་ཚིག་དང་ཡིག་འབྲུ་རྣམས་ཡང་ནས་ཡང་དུ་བཟླས་བརྗོད་བྱེད་པ་ཞིག་ཡིན། དེ་བྱེད་པས་ང་ཚོའིསེམས་དགེ་བའི་ཕྱོགས་སུ་རྣལ་དུ་གནས་པར་བྱེད་པ་ལ་ཕན་གྲོགས་བྱེད་ཅིང་། སེམས་མི་དགེ་བའམ་ཉོན་མོངས་པའི་དབང་དུམ་ཤོར་བར་སྲུང་བའི་ཕྱིར་དུ་ཡིན།

ལེགས་སྦྱར་སྐད་དུ་མནྟྲ་ཞེས་པའི་ཚིག་གི་འབྱུང་ཁུངས་ནི། མན་ཞེས་པ་སེམས་སམ་ཡིད་ཀྱི་དོན་དང་། དེ་ལ་རྗེས་འཇུག་ཏྲ་ཞེས་པ་ཐབས་སམ་ལག་ཆ་ལྟ་བུའི་དོན་ལ་འཇུགས་པས། དོན་བསྡུས་ཏེ་བརྗོད་ན། སངས་རྒྱས་པའི་ཆོས་ཀྱི་ནང་མནྟྲ་ནི་སེམས་ཀྱི་ཐབས་ལྟ་བུ་ཞིག་ཡིན། རྒྱ་གར་གྱི་ཆོས་ལུགས་ཚང་མ་དང་། དེ་ལས་འདས་པའི་ཆོས་ལུགས་གཞན་གྱི་ནང་དུའང་མནྟྲ་ཞེས་པ་དེ་གསལ་ཡོད། བོད་པ་ལྟ་བུར་མཚོན་ན། མནྟྲ་པ་ནི་སེམས་རྣམ་རྟོག་དང་མི་དགེ་བའི་ཚོར་བ་དག་ལས་སྐྱོབ་པའི་ཐབས་ལམ་ཞིག་ཡིན་པས་ན། ཡིད་སྲུང་ངམ་ཡིད་སྐྱོབ་ཞེས་པར་གོ་བ་ཡིན།

མནྟྲ་ནི་སྒོམ་བརྒྱབ་པའི་སྐབས་དང་མ་བརྒྱབ་པའི་སྐབས་གང་རུང་ལ་ཡིད་ངག་གཉིས་ཀའི་སྒོ་ནས་འདོན་པ་དང་། དེས་ང་ཚོའི་སེམས་ཞི་བར་བྱེད་པ་དང་། དགེ་བའི་ལས་ལ་དྲན་པ་རྒྱུན་སྐྱོང་ཐུབ་པའི་ཕན་ཐོགས་ཡོད། སྐབས་འདིར། དྲན་པ་ཞེས་པ་ནི་ཡིད་ཀྱི་སྦྱར་རྩི་ལྟ་བུའི་བྱེད་ལས་ཅན་གྱི་ཤེས་རབ་ཅིག་ལ་གོ་བ་ཡིན། དྲན་པས་ང་ཚོའི་རྣམ་གཡེང་དང་བྲལ་བའི་དམིགས་གཏད་མནྟྲའམ་སྔགས་དང་། དེ་འབྲེལ་ཡིད་ཀྱི་གནས་བབས་སྟེང་དུ་རྩེ་གཅིག་ཏུ་འཛིན་པར་བྱེད་པ་དང་། རྣམ་གཡེང་དང་བྱིང་རྨུགས་ཀྱི་དབང་དུ་མི་འགྲོ་བའི་སྔོན་འགོག་བྱེད་པ་ཡིན།

ང་ཚོའི་ངག་གི་སྦྱོར་བ་དེ་ལུས་དང་ཡིད་ལ་མཉམ་སྡེབ་ཡོང་བ་ལ། སྔགས་ཉམས་ལེན་བྱེད་པའི་ཐོག་མུ་མཐུད་མདུན་བསྐྱོད་བྱ་ཆོག་པ་ཡིན། དཔེར་ན། གལ་ཏེ་མི་གཞན་ཞིག་ལ་རོགས་ཕན་བྱེད་པའི་ཚེ། རང་ཉིད་ཀྱི་སེམས་ནང་སྙིང་རྗེ་ཤུགས་ཆེན་ཞིག་བསྐྱེད་པར་འདོད་པའམ། ཡང་ན་གཞན་དཀའ་ངལ་ཐམས་ཅད་ལས་བྲལ་བའི་རེ་སྨོན་ཞིག་ཡོད་ན། ང་ཚོས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ ༼སངས་རྒྱས་ཆོས་ལུགས་ནང་སྔགས་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཤོས་༽ དེ་ཞི་འཇམ་པོ་དང་ལྷོད་པོའི་སྒོ་ནས་རང་ཉིད་ཀྱི་དབུགས་དང་ལྷན་དུའམ། ཡང་ན་སེམས་ནང་འདོན་ན་འགྲིག་བསྡད་ཡོད། འདི་ལྟར་བྱེད་པས་རང་ཉིད་སྙིང་རྗེའི་ཚོར་བའི་སྟེང་ལ་དམིགས་པ་གཏད་ཐུབ་པ་དང་། གཞན་ལ་རོགས་ཕན་སྒྲུབ་སྐབས་སྙིང་རྗེའི་སྒོ་ནས་སྐད་ཆ་བཤད་པ་དང་བྱ་བར་འཇུག་པའི་གྲ་སྒྲིག་བྱེད་དུ་འཇུག་པ་ཡིན།

སྔགས་ཁ་ཤས་ནི་ལེགས་སྦྱར་གྱི་ཚིག་ཡིག་འབྲུ་དང་འདྲེས་པ་དེ་འདྲ་དང་། ཡང་ཁ་ཤས་ནི་ཡི་གེའམ་ཡིག་འབྲུ་གཅིག་པུ་དང་ལྡན་པ་དེ་འདྲའང་ཡོད། ཚིག་དང་ཡིག་གེ་དེ་དག་གིས། སངས་རྒྱས་པའི་ཆོས་ཚུལ་རྣམ་པ་མི་འདྲ་བ་རེ་མཚོན་པ་ཡིན། དེ་ཡང་ཨོཾ་མ་ཎི་པདྨེ་ཧཱུྃ་ལྟ་བུར་དཔེ་བཞག་ན།

  • ཨོཾ་ནི། ཡིག་འབྲུ་གསུམ་མམ་སྐད་གདངས་གསུམ་སྟེ། ཨ་ཨུ་མ་གསུམ་གྱིས་གྲུབ་པ་ཞིག་ཡིན། དེ་ཡི་མཚོན་དོན་ནི། རང་ཉིད་སངས་རྒྱས་པའི་སྐབས་སུ་འཐོབ་པའི་སྐུ་གསུང་ཐུགས་གསུམ་དང་། དེ་ལྟར་འཐོབ་པར་བྱེད་པ་ལ་ལྡེང་མིན་གྱི་སྐྱོན་ཆ་རྣམས་དག་སྦྱོང་བྱ་དགོས་པའི་སོ་སྐྱེ་ཕལ་པའི་གནས་སྐབས་ཀྱི་ལུས་ངག་ཡིད་གསུམ་པོ་མཚོན་པ་ཡིན།
  • མ་ཎི་ནི། ནོར་བུ་ལ་གོ་བ་དང་། དེ་ཡང་གོང་གི་དག་སྦྱོང་ལ་རྒྱུ་རྐྱེན་བྱེད་པའི་ཆ་གཉིས་ལས། ཆ་དང་པོ་ཐབས་ཀྱི་ཆ་དེ་ཡིན། སྐབས་དོན་འདིར། ཐབས་ཀྱི་ཆ་ནི་སྙིང་རྗེ་ཡིན། སྙིང་རྗེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་གང་ཐུབ་ཅི་ཐུབ་བསྒྲུབ་པ་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་པའི་བྱང་ཆུབ་ཀྱི་སེམས་དེ་ཡིན།
  • པདྨེ་ནི། མེ་ཏོག་པདྨ་ལ་གོ་བ་དང་། དེ་ཡང་ཆ་གཉིས་པ་ཤེས་རབ་ཀྱི་ཆ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་མཚོན་པ་ཡིན། སྟོང་པ་ཉིད་ཟེར་བ་ནི། མི་སྲིད་པའི་ལམ་གྱི་ཡོད་པ་ལས་ཡོངས་སུ་སྟོང་པའམ་རང་བཞིན་གྱིས་གྲུབ་པ་ལས་སྟོང་པ་དེ་ཡིན། སྤྱིར་བཏང་ང་ཚོས། རང་ཉིད་དང་གཞན། དེ་བཞིན་དུ་འཇིག་རྟེན་ཇི་ལྟར་གྲུབ་པའམ་ཡོད་པའི་ཐད་ལ་དོན་མེད་རྟོག་པའི་འཆར་སྣང་སྣ་ཚོགས་པ་ཞིག་འཆར་གྱི་ཡོད་ཀྱང་། དེ་ལྟ་བུའི་འཆར་སྣང་ཐམས་ཅད་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ནི་མ་ཡིན། ང་ཚོས་འཆར་སྣང་འདི་དག་དངོས་ཡོད་ཡིན་པར་ཡིད་ཆེས་ཤིང་། རྒྱུ་མཚན་དེ་ལ་བརྟེན་ནས་རང་གཅེས་འཛིན་ཅན་དུ་གྱུར་བ་དང་། རང་རྒྱུད་ལ་ཡོད་པའི་ལྷག་པའི་བསམ་པ་གཞན་ཕན་སྙིང་རྗེ་དེ་གོང་འཕེལ་དུ་གཏོང་མི་ཐུབ་པ་ཡིན།
  • ཧཱུྃ་ནི། དབྱེར་མེད་ཀྱི་དོན་བསྟན་པ་ཡིན། དེ་ཡང་སྐབས་འདིར་ཐབས་ཀྱི་ཆ་དང་ཤེས་རབ་ཀྱི་ཆ་གཉིས་པོ་དབྱེ་བ་མེད་པ་ཡིན་པར་གོ་དགོས་ཤིང་། དེ་གཉིས་དབྱེར་མེད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པ་ཡིན།

གང་ལྟར་ཡང་། སྔགས་གཞན་མང་ཆེ་བ་དང་འདྲ་བར། མ་ཎིའི་སྔགས་འདི་ལའང་དོན་དག་རིམ་པ་མི་འདྲ་བ་དུ་མ་ཞིག་ཡོད། སྔགས་འགྲང་པའི་སྐབས་སུ། རང་ཉིད་ཀྱི་སྙིང་རྗེའི་ཉམས་ལེན་དེ། སྒོམ་པའི་ཡུལ་དཀའ་ངལ་བྱེ་བྲག་པ་ཞིག་མྱོང་བཞིན་པ་ལ་ཁ་ཕྱོགས་གཏད་དེ་བསྒོམ་ན་ཕན་ནུས་ཆེ་བ་ཡོད། ༼སྙིང་རྗེ་ཞེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽ ཡིག་འབྲུ་རེ་རེ་བཞིན་ཚབས་ཆེ་བའི་ཉོན་མོངས་ཚན་པ་གཅིག་དང་ཕན་ཚུན་འབྲེལ་ནས་ཡོད་པ་ནི།

  • ཨོཾ་ནི། ང་རྒྱལ།
  • མ་ནི། ཕྲག་དོག
  • ཎི་ནི། འདོད་ཆགས།
  • པད་ནི། གཏི་མུག
  • མེ་ནི། སེར་སྣ།
  • ཧཱུྃ་ནི། ཁོང་ཁྲོ།

དེ་ནས་མུ་མཐུད་དེ་སྙིང་རྗེའི་རང་བཞིན་དང་ལྡན་པའི་སེམས་ཞིབ་ཚགས་དོད་པོའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དྲན་པས་དམིགས་གཏད་བཞག་པའི་སྐབས་སུའང་། དེ་དག་ཡིག་འབྲུ་དྲུག་པོ་དང་ཕན་ཚུན་འབྲེལ་ནས་ཡོད་པ་ནི།

  • ཨོཾ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ།
  • མ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ།
  • ཎི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ།
  • པད་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ།
  • མེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། སེམས་བརྟན་ཚུགས་པའི་རང་བཞིན།
  • ཧཱུྃ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཆོས་རབ་ཏུ་རྣམ་འབྱེད།

ངག་ནས་སྔགས་འདོན་པའི་སྐབས་དབུགས་དང་འབྲེལ་ནས་ཡོད། དེ་ཡང་སངས་རྒྱས་པའི་ལུགས་ལྟར་ན། དེས་ཤིན་ཏུ་ཕྲ་བའི་ལུས་ཀྱི་རླུང་ལ་ཤུགས་རྐྱེན་བྱེད་པ་ཡིན། སེམས་ནང་སྔཌ་འདོན་པས་ཀྱང་རླུང་དེ་དག་ལ་ཤུགས་རྐྱེན་ཐེབ་ཀྱི་ཡོད། དབུགས་དང་ཕྲ་བའི་རླུང་ལ་རྒྱུན་ལྡན་གྱི་འགྱུར་ཁུགས་སམ་འགྲོས་ཤིག་སྦྱིན་པའི་སྒོ་ནས་སྔགས་བཟླས་བརྗོད་ཀྱིས་རང་དབང་མེད་པར་བྱུང་བའི་མི་དགེ་བའི་སེམས་ཚོར་རྣམས་ཞི་བར་བྱེད་པ་དང་། རང་ཉིད་ཀྱང་ཞི་ལྷོད་འགྱུར་དུ་འཇུག་པ་དང་། བློ་གྲོས་རྣོ་རུ་དང་གསལ་དུ་ཡོང་བ་བཅས་ལ་ཕན་ཐོགས་ཐུབ་པ་ཡིན།

སྔགས་ཚད་མཐོ་པོར་ཉམས་ལེན་ཀྱི་སྐབས་སུ། ང་ཚོས་དབུགས་དང་ཕྲ་བའི་རླུང་ལ་དངོས་གནས་བཟོ་ལྟ་བཟོ་བའི་ཐོག་ནས་རིམ་བཞིན་སེམས་ཤིན་ཏུ་ཕྲ་བ་དེར་འཇུག་པ་ལ་གྲོགས་བྱེད་པ་ཡིན། དེ་ལྟ་བུའི་ཤིན་ཏུ་ཕྲ་བའི་སེམས་དེ་སྟོང་ཉིད་ཀྱི་སྟེང་དུ་དམིགས་པ་གཏད་པའི་སྐབས། དེ་ཧང་སང་དགོས་པའི་ནུས་མཐུ་ཅན་དུ་གྱུར་བ་ཡིན། དེ་ཡང་ནུས་སྟོབས་ཆེ་ཤོས་ཏེ། དངོས་པོའི་གནས་ལུགས་ལ་འཁྲུལ་གཞི་དང་། མ་རྟོགས་པ་ཐམས་ཅད་ལས་རྟག་ཏུ་འབྲལ་བར་བྱེད་པའི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་པ་ཡིན། ངའི་བླ་མའི་གཙོ་བོ་༧སྐྱབས་རྗེ་མཚན་ཞབས་སེར་ཀོང་རིན་པོ་ཆེས་དུས་ནས་དུས་སུ་གསུངས་དོན། འཛམ་གླིང་འདིའི་ནང་དངོས་པོ་ནུས་སྟོབས་ཆེ་ཤོས་གསུམ་གྱིས་སེམས་ཅད་ཐམས་ཅད་ལ་ཕན་ཐོགས་པ་ཡིན། དེ་ཡང་སྨན་དང་།

འཕྲུལ་ཆས་དང་། སྔགས་གསུམ་ཡིན་ཞེས་གསུངས་སོ། །སྔགས་ཀྱིས་ཕན་ཐོགས་ལུགས་དེ་ཁོང་གིས་ཤེས་རབ་སྙིང་པོ་ལ་གོ་དགོས་པ་གསུངས་པ་ཡིན། དེའི་ནང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་སྟོང་ཉིད་རྟོགས་པའི་ཤེས་རབ་ནི། བླ་ན་མེད་པ་སྡུག་བསྔལ་ཐམས་ཅད་ཡོངས་སུ་ཞི་བར་བྱེད་པའི་ཡིད་སྐྱོབ་ཀྱི་སྔགས་དེ་ཡིན།

སངས་རྒྱས་པའི་ལུགས་ལ་སྔགས་ཉམས་ལེན་བྱེད་སྟངས་སྐོར་རྒྱ་ཆེན་པོ་ཡོད། ཉམས་ལེན་ཐོག་མར་བྱེད་པའི་སྐབས་དབུགས་དང་ཕྲ་བའི་རླུང་ལ་སྟངས་འཛིན་བྱེད་ཅིང་། ང་རང་ཚོའི་སེམས་དེ་ཞི་ལྷོད་པོར་ཡོང་བར་བྱེད་དུ་འཇུག་པ་ཡིན། དེ་དག་གིས་ང་ཚོ་སེམས་ཀྱི་དགེ་བའི་ཆ་བྱམས་པ་དང་སྙིང་རྗེ་ལྟ་བུ་ལ་དམིགས་པ་གཏད་པར་རོགས་བྱེད་ཀྱི་ཡོད། གཞན་ཡང་ང་རང་ཚོའི་ལུས་དང་ངག་ཡིད་བཅས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡོང་བ་ལ་ཕན་ཐོགས་པ་ཡིན། མཐར་ཉམས་ལེན་གཏིང་ཟབ་པོ་བྱེད་པ་ལ་བརྟེན་ནས། སྔགས་བཟླས་བརྗོད་ཀྱིས་སྟོང་ཉིད་ལ་དམིགས་པ་གཏད་པའི་སྒོ་ནས་ཤིན་ཏུ་ཕྲ་བའི་གཉུག་མའི་སེམས་དེ་རྟོགས་པ་ལ་ཕན་ཞིང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་དངོས་ལ་འགོད་པར་བྱེད་དོ།།

བརྙན་པར། བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། “སྒྲའི་གསོ་ཐབས་ཀྱི་ནུས་པ།” 
Top