བཅར་འདྲི།
རྩོམ་ཡིག ༡ / ༣
རྗེས། Arrow right

སེར་ཀོང་མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་དང་འདྲི་མོལ།

ནང་ཆོས་སྦྱོངས་ཀྱི་དྲྭ་ལྗོངས་ནས་སེར་ཀོང་མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ཉེ་ཆར་ཡུ་རོབ་ཁུལ་དུ་ཆིབས་བསྒྱུར་གནང་སྐབས། ཁོང་དང་ལྷན་དུ་ཧེམ་བྷརྒ་ Hamburg དང་ཉེ་བའི་གྲོང་རྡལ་གྱི་མངའ་ཁུལ་དུ་ཡོད་པའི་སྐྱེད་མོས་ཚལ་ཞིག་ཏུ་འདྲི་མོལ་ཞུས།
Study buddhism tsenzhab serkong rinpoche 2

ནང་ཆོས་སྦྱོངས། ཁྱེད་ངོ་སྤྲོད་ཅིག་གནང་རོགས།

སེར་ཀོང་རིན་པོ་ཆེ། ངའི་མིང་ལ་མཚན་ཞབས་སེར་ཀོང་རིན་པོ་ཆེ་ཟེར། མཚན་ཞབས་ཞེས་པ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོས་གནང་བའི་མཚན་གནས་ཤིག་རེད། ང་རང་ཆུང་དུས་ལོ་གསུམ་དང་ཕྱེད་ཀ་ཙམ་ནས་ཡང་སྲིད་ལ་ངོས་འཛིན་གནང་ཡོད། ང་རང་དགོན་པར་འཛུལ་བཞུགས་བྱས་ནས་གཞུང་ལུགས་སྣ་ཚོགས་ལ་སློབ་གཉེར་བྱས་ཡིན། 

ང་རང་སྤི་ཏི་ལ་ཁྱིམ་ཚང་ཆེན་པོ་ཞིག་གི་ནང་སྐྱེས་པ་དང་། ང་ལ་གཅེན་པོ་དགུ་དང་གཅུང་མོ་དགུ་ཡོད། ང་རང་ཕྲུ་གུ་བཞི་པ་དེ་རེད། ཡིན་ནའང་། ང་རང་གཅེན་གཅུང་དང་ནང་མི་མཉམ་དུ་དུས་ཚོད་མང་པོ་བཏང་ཡག་བྱུང་མ་སོང་། གང་ཡིན་ཟེར་ན། ང་རང་དགོན་པའི་ནང་ཡོད་པ་རེད། སྤི་ཏི་ནི་ས་ཐག་རིང་པོ་དང་། ས་ཆ་སྐམ་པོ་བྱེ་ཐང་དང་འདྲ་བ་ཞིག་རེད། ས་ཆ་གང་ལ་གང་འཚམ་གྱི་མཐོ་པོ་རེད། རིག་གཞུང་དང་ཡུལ་མི་རྣམས་བོད་པ་དང་འདྲ་པོ་རེད། བོད་པ་ནང་བཞིན་ང་ཚོ་ཡང་ཕན་ཚུན་ཧ་ཅང་གུས་ཞབས་ལྡན་པ་དང་། མི་རྣམས་ཧ་ཅང་སེམས་པ་བཟང་པོ་ཡོད། མི་མང་པོ་ཞིག་ལ་རྨོངས་དད་ཡོད་པ་ནི་བཤད་མི་དགོས་པ་རེད།

ནང་ཆོས་སྦྱོངས། ཁྱེད་རང་བོད་ཀྱི་བླ་ཆེན་སེར་ཀོང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་བ་རེད། ཁྱེད་རང་སེར་ཀོང་རིན་པོ་ཆེ་སྐུ་ཐོག་གོང་མ་དེ་དང་མི་གཅིག་ཡིན་པའི་ཚོར་སྣང་ཡོང་གི་འདུག་གམ།

སེར་ཀོང་རིན་པོ་ཆེ། ཨོའོ། དེ་ནི་ལན་རྒྱག་རྒྱུ་མགོ་རྙོག་ཚ་པོ་ཞིག་རེད། ཐོག་མར་ཞུ་རྒྱུར། ངས་སྐུ་ཐོག་གོང་མ་དེ་ནམ་ཡང་མཇལ་མྱོང་མེད། ལུས་པོ་གཅིག་པ་མ་རེད་ལ། སེམས་ལའང་མི་འདྲ་བའི་ཁྱད་པར་ཁ་ཤས་ཡོད། བྱས་ཙང་། སྤྱི་ཡོངས་ནས་ཞུས་ན། ང་རང་ཁོང་ཡིན་པ་འདྲ་པོ་ཚོར་གྱི་མི་འདུག་ཅེས་བཤད་ཐུབ། སྐུ་ཐོག་གོང་མ་དེས་ཉམས་ལེན་གནང་སྟངས་དང་། ཁོང་ལ་ཡོད་པའི་བླ་མར་མོས་གུས་ལ་མཚོན་ན། ངས་ཁོང་གི་ཡོན་ཏན་དང་ཁྱད་ཆོས་བཟང་པོ་རྣམས་ཐོས་དུས་དངོས་གནས་དྲང་གནས་ཡི་རངས་དང་ངོ་མཚར་སྐྱེ་ཡི་འདུག 

གང་ལྟར་སེར་ཀོང་རིན་པོ་ཆེས་གཞན་དོན་གྱི་མཛད་པ་བསྐྱངས་པའི་འགན་འཁྲི་དེ་ལ་ང་རང་འབྲེལ་བ་དམ་པོ་ཡོད་པ་ཚོར་གྱི་འདུག །མཚམས་མཚམས་ངས། “ང་རང་ཁོང་གི་ཡང་སྲིད་ཡིན་རུང་མིན་རུང་། ང་རང་ལ་གོ་སྐབས་ཆེན་པོ་ཞིག་ཡོད།” ཅེས་བསམ་གྱི་ཡོད། བྱས་ཙང་། ང་རང་ལ་གོ་སྐབས་འདི་ཡོད་པ་ཧ་ཅང་སྐལ་བ་བཟང་པོ་རེད་བསམ་གྱི་འདུག 

ནང་ཆོས་སྦྱོངས། ཁྱེད་ཀྱི་འགན་འཁྲིའི་སྐོར་ལ་མདོར་བསྡུས་ཤིག་གསུངས་རོགས།

སེར་ཀོང་རིན་པོ་ཆེ། སེར་ཀོང་རིན་པོ་ཆེ་སྐུ་ཐོག་གོང་མས་མཛད་རྗེས་ཁྱད་དུ་འཕགས་པ་ཞིག་ནི། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྲི་ཞུ་ཞབས་འདེགས་བསྒྲུབས་གནང་བ་དེ་རེད། དེར་མ་ཟད། ཁོང་གིས་སྤི་ཏི་མི་དམངས་ལ་ཐུགས་བརྩེ་བས་གཟིགས་སྐྱོང་གནང་བ་ལ་བརྟེན་ནས་ཁོང་ཚོ་དང་མཉམ་དུ་འབྲེལ་བ་ཧ་ཅང་དམ་པོ་བཟོས་གནང་ཡོད། དེ་ག་ནང་བཞིན་བོད་པ་དང་ཡུ་རོབ། དེ་བཞིན་ཨ་རིའི་ནང་ཡོད་པའི་ནུབ་ཕྱོགས་པ་ཁ་ཤས་དང་འབྲེལ་བ་དམ་པོ་བཟོས་གནང་ཡོད། 

དེར་བརྟེན་ང་རང་ལའང་༧གོང་ས་མཆོག་ལ་ཞབས་ཕྱི་དང་སྲི་ཞུ་བསྒྲུབ་རྒྱུའི་འདོད་འདུན་གཅིག་མཚུངས་སུ་ཡོད། ལས་དོན་དེ་ཏོག་ཙམ་མི་འདྲ་བ་ཞིག་ཡོད་པ་ནི་བཤད་མི་དགོས་པ་རེད། གང་ཡིན་ཞེ་ན། ངའི་སྐུ་ཐོག་གོང་མ་ནི་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་ཞིག་རེད། ང་རང་ཁོང་གི་ཟུར་ཙམ་དུའང་སླེབ་ཀྱི་མེད། ང་རང་ད་དུང་སློབ་གཉེར་དང་ཉམས་ལེན་བྱ་རྒྱུ་མང་པོ་ལྷག་ཡོད། འོན་ཀྱང་༧གོང་ས་མཆོག་གི་གཟིགས་རྟོག་དང་ལམ་སྟོན་འོག་ཁོང་གི་ཐུགས་བཞེད་ལྟར་གང་ཐུབ་ཅི་ཐུབ་བྱ་རྒྱུ་ཡིན། 

དེའི་སྒང་ལ་སྐུ་ཐོག་གོང་མས་གང་མཛད་པ་བསྐྱངས་གནང་བ་རྣམས་མུ་མཐུད་རྒྱུ་དེ་རེད། དད་ལྡན་གྱི་མི་ཧ་ཅང་མང་པོས་ཁོང་ཚོར་ཆོས་ཁྲིད་བྱེད་དགོས་པ་དང་། ཁོང་ཚོས་ང་དང་མཉམ་དུ་ལས་ཀྱི་འབྲེལ་བ་ཞིག་བཟོ་འདོད་ཡོད་པ་རེད། བྱས་ཙང་། ང་རང་ངོས་ནས་ཁོང་ཚོའི་ཆེད་དུ་དེ་ལྟར་བྱ་དགོས་ངེས་ཡིན་པ་ཚོར་གྱི་འདུག 

ནང་ཆོས་སྦྱོངས། ཁྱེད་སྲོལ་རྒྱུན་གྱི་དགོན་པ་ཞིག་གི་ནང་འཚར་ལོངས་བྱུང་ཡོད་པ་དང་། ཉེ་ཆར་ཁྱེད་ཁེ་ན་ཌར་ལོ་གསུམ་རིང་བཞུགས་གནང་འདུག་པས། དེ་ནི་འགྱུར་བ་གང་ལ་གང་འཚམ་གྱི་ཤུགས་ཆེན་པོ་ཞིག་རེད། ཁྱེད་ཀྱིས་ནང་ཆོས་ཉམས་ལེན་བྱས་པ་དེས་འདི་ལ་གདོང་ལེན་བྱེད་པར་ཕན་ཇི་ལྟར་ཐོགས་སོང་ངམ།

སེར་ཀོང་རིན་པོ་ཆེ། ང་རང་གི་དགོན་པའི་ནང་འཚོ་བ་སྐྱེལ་སྟངས་དང་ཁེ་ན་ཌའི་ནང་འཚོ་བ་སྐྱེལ་སྟངས་གཉིས་ཀྱི་དབར་མི་འདྲ་བའི་ཁྱད་པར་མང་པོ་ཡོད། དགོན་པའི་ནང་། ང་ཚོས་སྒྲིག་ཁྲིམས་ཀྱི་རིགས་མི་འདྲ་བ་མང་པོ་འཁུར་དགོས་པ་དང་དེ་དག་ལ་གུས་བརྩི་ཞུ་དགོས་ཀྱི་ཡོད། འོན་ཀྱང་། ཁྱེད་ཀྱིས་དེ་ལྟར་སྒྲིག་ཁྲིམས་འཁུར་འདོད་མེད་པའི་ཚོར་བ་ནམ་བྱུང་ན། དེ་ནི་ཁྱེད་རང་བཙོན་ཁང་ནང་ཡོད་པ་འདྲ་པོ་ཚོར་སྲིད་པ་རེད། ང་རང་ལ་མཚོན་ན། དགོན་པའི་འཚོ་བ་སྐྱེལ་སྟངས་དང་ཧ་ཅང་སེམས་ཐག་ཉེ་བའི་འབྲེལ་བ་ཡོད་པའི་ཚོར་སྣང་བྱུང་། ཡིན་ནའང་མཚམས་རེར་སྒྲིག་ཁྲིམས་འཁུར་འདོད་མེད་པ་དེ་འདྲའང་བྱུང་སོང་། 

ཁེ་ན་ཌར་གནས་སྤོས་པའི་སྐབས། ང་རང་ཁེ་ན་ཌའི་མི་སེར་གཙང་མ་ཆགས་མེད་པ་གསལ་པོ་རེད། ང་རང་ཨིན་སྐད་སྦྱོང་དུ་ཕྱིན་པ་དང་། ངའི་གྲོགས་པོ་ཚང་མས་ང་ལ་སེར་ཀོང་ཟེར་ནས་འབོད་ཀྱི་ཡོད་པས། དེ་ནི་ཆོབ་ཚ་པོ་འདྲ་མཐོང་སོང་། ཡིན་ནའང་ངས་གྲོགས་པོ་ཡག་པོ་ཁ་ཤས་བཟོས་པ་དང་། རིམ་པས་ཁོང་ཚོའི་ཁོངས་སུ་གཏོགས་ཡོད་པའི་ཚོར་བ་བྱུང་། ངས་རང་ཡུལ་དུ་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་དང་། ཁེ་ན་ཌའི་ནང་གི་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་དབར་ཁྱད་པར་ཆེན་པོ་མཐོང་ངེས་རེད། “འདི་ནི་སྤྱིར་བཏང་འཆར་ཅན་གྱི་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་དེ་རེད།” ཅེས་བསམས་སོང་། 

ང་རང་དགོན་པར་ཡོད་པའི་སྐབས། མི་ཚང་མས་ང་ལ་ཧ་ཅང་གུས་ཞབས་ཀྱི་སྒོ་ནས་ལྟ་ཚུལ་འཛིན་གྱི་རེད། ཡིན་ནའང་། ཁེ་ན་ཌར་ཡོད་པའི་ངའི་གྲོགས་པོའི་ནང་ནས་དེ་འདྲ་བྱེད་མཁན་རྩ་ནས་མེད། དེས་ང་རང་མི་དཀྱུས་མ་ཞིག་ཡིན་པར་དྲན་གསོ་བྱེད་པ་ལ་དངོས་གནས་ཕན་ཐོགས་བྱུང་། དགོན་པའི་ནང་ཡོད་སྐབས། ང་རང་ལ་སྒེར་གྱི་སྡེར་མ་དང་། ཕོར་པ། ཟ་གྲིའི་རིགས་ཟུར་དུ་ལོགས་སུ་ཡོད་པ་དང་། དེ་གཞན་སུས་ཀྱང་བེད་སྤྱོད་བྱེད་ཀྱི་མ་རེད། ཁེ་ན་ཌར་ངའི་གྲོགས་པོ་ཚོས་འཁྱགས་པ་བྱེ་རིལ་ཟས་ནས། “འདི་ལ་བྲོ་བ་ཞིག་མྱོང་དང་། འདི་ཧ་ཅང་ཞིམ་པོ་འདུག” །ཅེས་ཟེར་གྱི་རེད། འདིས་ང་རང་གཞན་དང་འབྲེལ་བ་མཐུད་ཀྱི་ཡོད་པའི་ཚོར་སྣང་ཞིག་ཡོང་གི་འདུག 

ནང་ཆོས་སྦྱོངས། ཁྱེད་ཀྱིས་མི་ཚེ་དེ་ནང་ཆོས་སློབ་གཉེར་ཆེད་བཏང་ཡོད། གལ་ཏེ་ཁྱེད་ཀྱིས་དེ་ལྟར་སློབ་གཉེར་བྱེད་དགོས་པའི་རྒྱུ་མཚན་ཡང་དག་ཅིག་གསུངས་དགོས་ན། དེ་ག་རེ་ཡིན་ངེས་རེད་དམ།

སེར་ཀོང་རིན་པོ་ཆེ། མི་ཚོས་ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་སོ་སོ་སྒེར་ལ་རག་ལུས་ཡོད། དེ་ནི་མི་རེ་ངོ་རེའི་དོ་སྣང་དང་སྤྲོ་བ་ལ་རག་ལུས་ཡོད། ༧གོང་ས་མཆོག་ནས་དུས་རྟག་ཏུ་ནང་པའི་ཆོས་ལུགས་དང་། ནང་པའི་ལྟ་གྲུབ། ནང་པའི་ཚན་རིག་བཅས་གསུང་གི་ཡོད། བྱས་ཙང་། གང་ཟག་མི་འདྲ་བ་རེ་རེ་ལ་ཕན་པའི་ཆོས་ཀྱི་གནད་དོན་མི་འདྲ་བའང་མང་པོ་ཡོད་པ་རེད། 

བརྙན་པར། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢། “ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།” 

དཔེར་ན། སྙིང་རྗེ་ལྟ་བུ། ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་སྙིང་རྗེའི་སྐོར་ལ་ཧ་ཅང་མང་པོ་གསུང་གི་ཡོད། ཡིན་ནའང་། སྙིང་རྗེ་ཉམས་ལེན་བྱེད་པ་ཙམ་གྱིས་ཁྱེད་རང་ནང་པ་ཞིག་ཆགས་ཀྱི་མེད། འོན་ཀྱང་། སྙིང་རྗེ་དེ་དངོས་གནས་ཡག་པོ་ཞིག་རང་རྒྱུད་ལ་སྦྱོང་བར་བྱེད་པ་ལ་ང་ཚོ་ཚང་མས་ནང་པའི་ཐབས་ལམ་ཁག་ལ་སློབ་སྦྱོང་བྱེད་ཆོག་པ་ཡིན། ཁྱེད་ཀྱིས་སྙིང་རྗེ་དེ་འདྲའི་ཐོག་གོང་འཕེལ་གཏོང་ཐུབ། སྙིང་རྗེ་གོང་འཕེལ་གཏོང་འདོད་མེད་མཁན་སུ་གཅིག་ཀྱང་ཡོད་ཀྱི་མ་རེད་བསམ་གྱི་འདུག །གང་ཡིན་ཟེར་ན། སྙིང་རྗེ་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་རེད། རེད་དམ་མ་རེད། 

ཁྱེད་ཀྱིས་འཁོར་བ་ཟེར་བ་དེ་ལས་ཐར་འདོད་དང་། སྡུག་བསྔལ་དང་དཀའ་ངལ་ཚང་མ་ལས་ཐར་འདོད་ཀྱི་བློ་ཞིག་སྐྱེས་པའི་སྐབས། དེ་ནས་སོ་སོས་སློབ་སྦྱོང་མུ་མཐུད་བྱེད་དགོས་དང་མི་དགོས་ཀྱི་དྲི་བ་དེ་ཡོང་གི་ཡོད། ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ནང་པ་ཞིག་ཆགས་མི་དགོས་པར། ང་ཚོས་ནང་ཆོས་སློབ་སྦྱོང་བྱེད་པ་ལ་བརྟེན་ནས་ཐོབ་ཐུབ་པའི་ཁྱད་ཆོས་བཟང་པོ་མང་པོ་ཡོད་པ་རེད། 

ནང་ཆོས་སྦྱོངས། ཁྱེད་ཀྱིས་ཨེ་ཤི་ཡ་དང་ནུབ་ཕྱོགས་གཉིས་ཀྱི་དབར་ལ་ནང་པའི་ཐབས་ལམ་ཁག་ཉམས་ལེན་བྱེད་པ་དང་དངོས་སུ་ལག་བསྟར་བྱེད་པ་ལ་ཁྱད་པར་གཟིགས་ཀྱི་འདུག་གམ། ནུབ་ཕྱོགས་པ་ཚོར་དམིགས་བསལ་དཀའ་ངལ་དེ་འདྲ་ཡོད་དམ།

སེར་ཀོང་རིན་པོ་ཆེ། ཁྱད་པར་ཧ་ཅང་ཆེན་པོ་ཡོད་རེད་བསམ་གྱི་འདུག །ཨེ་ཤི་ཡ་ལྟ་བུར་མཚོན་ན། བཤད་མི་དགོས་པ་ང་ཚོ་སྲོལ་རྒྱུན་དེའི་ནང་འཚར་ལོངས་བྱུང་ཡོད། བྱས་ཙང་། ང་ཚོའི་ཕ་མ་ཚོས། “སོང་སོང་། སྐོར་ར་སོང་ནས་མ་ཎི་ཏོག་ཙམ་བགྲང་དགོས།” ཞེས་ཟེར་གྱི་རེད། ང་ཚོས་ཀྱང་དེ་ལྟར་རང་འགུལ་ངང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་མི་རྣམས་ལ་ནང་ཆོས་ཀྱི་སྐོར་ཤེས་ཡོན་སློབ་སྦྱོང་ཆེན་པོ་མེད། ཁོང་ཚོས། “འདི་ནི་ང་ཚོའི་སྲོལ་རྒྱུན་ལམ་ལུགས་ཙམ་ལས་གཞན་གང་ཡང་མ་རེད།” ཅེས་ཚོར་གྱི་ཡོད། 

ངས་སྤི་ཏི་ལ་ཆོས་ཁྲིད་བྱེད་སྐབས། ཚང་མས་ཧ་ཅང་དོ་སྣང་ཆེན་པོའི་སྒོ་ནས་ཉན་གྱི་རེད། ངས་ག་རེ་བཤད་ནའང་ཁོང་ཚོས་མགོ་བོ་འདུད་ཙམ་བྱས་ནས་ལགས་སོ་ཟེར་གྱི་རེད། དེ་ནས་ངས་གང་བཤད་པའི་ཐོག་དྲི་བ་ཡོད་ན་བསམས་ནས་སྒུག་གི་ཡོད། ཡིན་ནའང་ནམ་རྒྱུན་དྲི་བ་འདོན་མཁན་གཅིག་ཀྱང་མེད། དེ་ནི་ཏོག་ཙམ་དཀའ་ངལ་ཞིག་རེད་བསམ་གྱི་འདུག །གལ་ཏེ་དྭོགས་པ་མེད་ན། དེས་ག་རེ་སྟོན་གྱི་ཡོད་ཟེར་ན། དོ་སྣང་མེད་པ་སྟོན་གྱི་ཡོད། 

ནུབ་ཕྱོགས་སུ་དེ་འདྲ་མ་རེད། མི་ཚོས་ནང་ཆོས་ཀྱི་སློབ་ཁྲིད་ཁག་ལ་ཕྱིན་ནས་གནད་དོན་གཙོ་བོ་ཁག་ལ་ཉན་གྱི་རེད། ཆོས་ཀྱིས་ཁོང་ཚོའི་ཡིད་དབང་མེད་དུ་འཕྲོག་པར་བྱེད་ཀྱི་ཡོད། ངས་ནུབ་ཕྱོགས་སུ་གང་བཤད་ནའང་། མི་རྣམས་ཀྱིས་བརྟག་དཔྱད་བྱས་ནས་དྲི་བ་འདྲི་ཡི་རེད། དེ་ལ་བརྟེན་ནས་དད་པ་ཤུགས་ཆེ་རུ་དང་བརྟན་དུ་འགྲོ་ཡི་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་བརྩེ་དང་ལམ་སྟོན་ལ་བརྟེན་ནས་བོད་ཀྱི་རིག་གཞུང་དེ་རྦད་དེ་འགྱུར་བ་འགྲོ་བཞིན་ཡོད་པ་ནི་བཤད་མི་དགོས་པ་རེད། འོན་ཀྱང་། ང་རང་གི་མཐོང་སྣང་ལ། དེ་དག་ནི་ནུབ་ཕྱོགས་དང་ཧི་མ་ལ་ཡའི་སྤྱི་ཚོགས་དབར་གྱི་ཁྱད་པར་གཙོ་བོ་ཁག་རེད་འདུག་སྙམ། 

ནང་ཆོས་སྦྱོངས། ནུབ་ཕྱོགས་རང་གི་ནང་ནང་ཆོས་སློབ་སྦྱོང་དང་ཉམས་ལེན་ཆ་ཚང་བ་ཞིག་དངོས་གནས་བྱེད་ཐུབ་ཀྱི་རེད་དགོངས་ཀྱི་འདུག་གམ། ཡང་ན་ང་ཚོ་ཨེ་ཤི་ཡར་ནང་ཆོས་སྦྱོང་བར་ངེས་པར་དུ་འགྲོ་དགོས་སམ།

སེར་ཀོང་རིན་པོ་ཆེ། སྔོན་མ་རྒྱ་གར་དུ་ཡོང་ནས་དེར་ཡོད་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་རྣམས་དང་མཇལ་དགོས་ངེས་ཆགས་ཡོད། ཡིན་ནའང་དེང་སང་གི་དུས་སུ་འཕྲུལ་ཆས་ཡར་རྒྱས་ལ་བརྟེན་ནས་མི་རྣམས་ཀྱིས་ཆོས་ཀྱི་རྒྱུ་ཆ་ཁག་ལ་སྙོབ་འདོད་ཡོད་ན་ཧ་ཅང་སྟབས་བདེ་པོ་ཆགས་ཡོད། 

བརྙན་པར། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢། “ཤར་ཕྱོགས་དང་ནུབ་ཕྱོགས་སུ་ནང་ཆོས་སྦྱོང་བ།” 

དུས་རབས་མང་པོའི་ནང་དང་། ད་ལྟའི་ཆར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ནང་པའི་བསྟི་གནས་ཁག་མང་པོ་དང་། ཚད་ལྡན་གྱི་དགེ་བཤེས་དང་། བླ་མ་སློབ་དཔོན་མང་པོ་ཡོད་པས། རྒྱ་གར་ལ་ཡོང་དགོས་ཡག་མེད་པ་རེད། 

ནང་ཆོས་སྦྱོངས། གཞོན་སྐྱེས་ཚོས་མི་ཚེ་ཧ་ཅང་བྲེལ་བ་ཚ་པོ་སྐྱེལ་གྱི་ཡོད། ཁོང་ཚོ་ལས་ཀ་བྱེད་འདོད་ཡོད་པ་དང་སྐྱིད་པོ་གཏོང་འདོད་ཡོད་པ་རེད། ཡིན་ནའང་མང་པོ་ཞིག་ནི་ནང་ཆོས་སྦྱོང་འདོད་ཡོད་པ་རེད། ཁྱེད་ཀྱིས་ཁོང་ཚོར་བསླབ་བྱ་ཡག་ཤོས་གང་གནང་ཐུབ་བམ།

སེར་ཀོང་རིན་པོ་ཆེ། རེད། ཁོང་ཚོས་ད་དུང་སློབ་སྦྱོང་ཏོག་ཙམ་སྦྱོང་དགོས། ནུབ་ཕྱོགས་པ་ཚོར་གོམས་གཤིས་ཡག་པོ་ཞིག་ཡོད་པ་ངས་ཤེས། ཁོང་ཚོ་མེ་འཁོར་དང་གནམ་འགྲུ་སོགས་གང་དུ་བསྐྱོད་ཀྱང་། དཔེ་དེབ་ཀློག་རྒྱུ་དགའ་པོ་ཡོད། བྱས་ཙང་། ནང་ཆོས་ཀྱི་སྐོར་ལ་དཔེ་དེབ་ཁ་ཤས་ཀློག་དགོས། ཁྱེད་ཀྱིས་གང་བཀླགས་པ་ལ་དྭོགས་པ་ཡོད་ན། དགེ་རྒན་ཞིག་ལ་བཀའ་འདྲི་ཞུ་བའམ། ཡང་ན་དྲྭ་རྒྱའི་ལམ་ནས་འཚོལ་བཤེར་བྱེད་དགོས། 

གལ་ཏེ་ཁྱེད་ཀྱིས་སློབ་སྦྱོང་བྱས་ན། དེ་ལ་འབད་བརྩོན་གྱིས་སོ་སོའི་ཉིན་རེའི་མི་ཚེའི་ནང་ཉར་ཐབས་བྱེད་དགོས། ག་ལེར་ག་ལེར་ཁྱེད་རང་དམིགས་ཡུལ་ཆེན་པོ་ཞིག་བསྒྲུབ་ཀྱི་རེད། ཁྱེད་ལ་དམིགས་ཡུལ་ག་ཚོད་ཆེ་བ་ཡོད་པ་དེ་ཚོད་ཀྱིས་འབྲས་བུ་ཆེ་བ་སྨིན་ངེས་རེད། 

ནང་ཆོས་སྦྱོངས། སྡོམ་པ་ཧ་ཅང་མང་པོ་ཡོད། མི་ཁ་ཤས་ཀྱིས་སྡོམ་པ་དེ་དག་ལ་བཙོན་ཁང་ཞིག་དང་འདྲ་བར་ལྟ་གི་ཡོད། དེ་ནི་སྐྱིད་པོ་གཏོང་བ་ལ་བཀག་འགོག་བྱེད་མཁན་འདྲ་པོ་ལྟ་གི་ཡོད། དེའི་ཐོག་རིན་པོ་ཆེའི་དགོངས་ཚུལ་གང་ཡོད་དམ།

སེར་ཀོང་རིན་པོ་ཆེ། ཡིན་དང་ཡིན། གལ་ཏེ་སྡོམ་པ་ཁ་ཅིག་ལ་བརྟེན་ནས་ཁྱེད་ཀྱིས་གང་བྱེད་འདོད་ཡོད་པ་ལ་བཀག་འགོག་བྱེད་ཀྱི་ཡོད་པ་འདྲ་པོ་ཚོར་ན། དེ་ནས་བཙོན་ཁང་ཞིག་དང་འདྲ་པོ་ཚོར་གྱི་རེད། ཡིན་ནའང་སྡོམ་པ་ནི་སུས་ཀྱང་བཙན་དབང་དང་། ཨུ་ཚུགས་ཀྱིས་ལེན་དགོས་ཟེར་མཁན་མེད། ང་ཚོས་སྡོམ་པ་དེ་དྭང་བླངས་ཀྱིས་ལེན་གྱི་ཡོད་པ་དང་། དེ་དག་ནང་ཆོས་ཉམས་ལེན་ལ་གོ་སྐབས་ཆེན་པོ་ཞིག་ཆགས་ཀྱི་ཡོད། 

ནང་ཆོས་སྦྱོངས། ནུབ་ཕྱོགས་སུ་ཡོད་པའི་གཞོན་སྐྱེས་ཚོའི་ཆེད་དུ་སྒོམ་ཐུན་ཐུང་ཐུང་གི་བསླབ་བྱ་ཞིག་གནང་རོགས།

སེར་ཀོང་རིན་པོ་ཆེ། སྙིང་རྗེ་དང་དྲན་ཤེས་སྐོར་ལ་བསམ་བློ་མང་ཙམ་གཏོང་རོགས་ཞུ་རྒྱུ་ཡིན། སྙིང་རྗེ་མེད་ན་ང་ཚོ་ལ་གང་ཡང་མེད་པ་རེད། ང་ཚོར་སྙིང་རྗེ་ནི་རང་གཞན་གཉིས་ཀའི་ཆེད་དུ་དགོས་ཀྱི་ཡོད།

ནང་ཆོས་སྦྱོངས། བྱིན་བརླབས་ཟེར་ན་གང་རེད་དམ།

སེར་ཀོང་རིན་པོ་ཆེ། འདི་དངོས་གནས་དྲི་བ་ཡག་པོ་ཞིག་རེད། ཨེ་ཤི་ཡའི་ནང་། མི་མང་པོ་ཞིག་གིས་རྫས་དང་དངོས་པོ་འདི་དང་དེ་རྩ་ཆེན་པོ་རེད་། བྱས་ཙང་། ང་ཚོས་བྱིན་བརླབ་ཏུ་བརྩིས་ནས་ཟ་དགོས་བསམ་གྱི་ཡོད། དེ་འདྲ་བྱས་ན་བྱིན་བརླབ་འཇུག་གི་ཡོད་རེད་བསམ་གྱི་མི་འདུག །བྱིན་བརླབས་འཇུག་པར་དད་པ་དགོས་ཀྱི་ཡོད། 

ང་ལ་གྲོགས་པོ་ཞིག་ཡོད། ཁོང་གི་པཱ་ལགས་སྨན་ཁང་དུ་ཉིན་མ་ཧ་ཅང་མང་པོ་ལྷག་པ་རེད། ཁོང་རང་གཉིད་ཁུག་ཐུབ་ཀྱི་མེད། བྱས་ཙང་། སྨན་པས་བདུན་ཕྲག་ཁ་ཤས་འདང་བའི་སྨན་སྤྲད་པ་རེད། དེ་ནས་སྨན་པས་ཁོང་རང་བདེ་པོ་རེད་འདུག །སྨན་དེ་དག་དགོས་ཀྱི་མ་རེད། ཁྱེད་རང་ནམ་རྒྱུན་ནང་བཞིན་གཉིད་ཁུག་ཐུབ་ཀྱི་རེད་ཅེས་ལབ་འདུག །ཁོས་ཐབས་ཤེས་གང་དྲག་བྱས་ཀྱང་སྨན་མེད་པར་གཉིད་ཁུག་ཐུབ་ཀྱི་མེད། དེ་ནས་ཁོས་སྨན་པ་ལ་ཁ་པར་རྒྱག་ནས་སྨན་དགོས་པའི་རེ་བ་ཞུས་པ་བཞིན་སྨན་པས་མོས་མཐུན་བྱས། ཕྱི་ཉིན་དེར་སྨན་པས་ཁོང་ལ། གཉིད་གང་འདྲ་ཁུག་སོང་ཞེས་དྲིས་པས། དེ་ནས་ངའི་གྲོགས་པོའི་པཱ་ལགས་ཀྱིས། གཉིད་དཔེ་ཡག་པོ་ཁུག་སོང་ལབ་པ་རེད། དེ་ནས་སྨན་པ་དེས་གཞི་ནས་ཁོང་ལ། དངོས་གནས་བྱས་ན་ངས་ཁྱེད་རང་བློ་བདེ་ཡོང་ཆེད་བཟི་གནོད་མེད་པའི་སྨན་པླེ་སི་བྷོ་ Placebo ཟེར་བ་དེ་སྤྲད་ཡིན་ཞེས་བཤད་པ་རེད། 

འདིས་ག་རེ་སྟོན་གྱི་ཡོད་ཟེར་ན། ང་ཚོར་དད་པ་དང་ཡིད་ཆེས་ཏོག་ཙམ་ཡོད་པའི་ཡུལ་ཞིག་ཡོད་པའི་སྐབས། དེ་ནས་དེ་ལ་ནུས་མཐུ་ཞིག་ཡོད་པ་རེད། དེ་ནི་བྱིན་བརླབས་ཆགས་ཀྱི་ཡོད།།

འབུམ་རམས་པ་ཨེ་ལེགས་ཛེན་ཌར་བྷར་ཛིན། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢།
འབུམ་རམས་པ་ཨེ་ལེགས་ཛེན་ཌར་བྷར་ཛིན། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་ ༢།

མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་༢་དང་ལྷན་དུ་བརྙན་འཕྲིན་དེ་ལས་མང་བ་གཟིགས།

Top