མེཊ་ལིན་ཌེན་དང་ཡུ་ར་མིལ་ཡུ་ཊིན་ནས་འདྲི་མོལ་ཞུས།

ནང་ཆོས་སྦྱོངས་ཞེས་པའི་དྲྭ་ལྗོངས་ནས་རྗེ་བཙུན་མ་བསྟན་འཛིན་དཔལ་མོ་ལ་འདྲི་མོལ་བྱས་ཡོད། ཁོང་ནི་འཛམ་གླིང་ནང་ནུབ་ཕྱོགས་ཀྱི་ནང་པའི་དགེ་རྒན་ཐོག་མའི་གྲས་ཤིག་རེད། ཁོང་དགུང་ལོ་ཉེར་གཅིག་ལ་རབ་ཏུ་བྱུང་སྟེ་བཙུན་མ་ཆགས་པ་དང་། དེ་ནས་རྒྱ་གར་ལ་ཧུལ་གངས་ཀྱི་རི་ལ་ལོ་བཅུ་གཉིས་ཆ་ཚང་སྒོམ་ཉམས་ལེན་ལ་རྩེ་གཅིག་ཏུ་འབུངས་ནས་བཞུགས་གནང་ཡོད། ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་སུ་ཁོང་ཉིད་ཀྱི་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་ཆེད་དུ་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་ནས་ཆོས་ཁྲིད་དང་དཔལ་འབྱོར་འདུ་འགོད་གནང་བཞིན་ཡོད།
1

ནང་ཆོས་སྦྱོངས། ཁྱེད་ཀྱི་སྐོར་ངོ་སྤྲོད་ཅིག་གནང་རོགས།

བསྟན་འཛིན་དཔལ་མོ། ང་རང་ཨིངྒ་ལེནྜ་ England ལ་སྐྱེས་པ་དང་། དེའི་རྒྱལ་ས་ལནྜན་ལ་འཚར་ལོངས་བྱུང་བ་རེད། ང་རང་ལོ་བཅོ་བརྒྱད་སོན་པའི་སྐབས་དེབ་གཅིག་བཀླགས་ནས་ཆོས་ལ་རྒྱུས་མངའ་ཆགས་སོང་། ངས་དེབ་དེའི་དཀྱིལ་ཙམ་ཀློག་བཞིན་དུ་ངས་ཨ་མ་ལགས་ཀྱི་ཕྱོགས་སུ་བལྟས་ནས། “ང་རང་ནང་པ་ཞིག་ཡིན།” ཞེས་ལབ་ཡིན། དེ་ལ་ཁོང་གིས། “ཨོའོ། ཁྱེད་ནང་པ་ཞིག་ཡིན་ཨེ། རེད། དང་པོ་དེབ་ཀློག་ཚར་བ་བྱོས་དང་། དེ་ནས་ཁྱེད་ཀྱིས་དེའི་སྐོར་ང་ལ་བཤད་ན་འགྲིགས།” ཞེས་གསུངས་སོང་། ང་རང་སྔོན་མ་ནས་ནང་པ་ཞིག་ཡིན་པར་རྟོགས་ཀྱང་། ངས་དེ་ཡོད་མེད་ཀྱང་ཤེས་ཀྱི་མེད། གང་ཡིན་ཟེར་ན། དུས་ཚོད་དེ་འདྲའི་སྐབས་སུ་ང་ཚོས་“སངས་རྒྱས་”ཞེས་པའི་ཚིག་ཙམ་ལའང་དུས་ནམ་ཡང་སྐད་ཆ་བཤད་མེད། དེ་ནི་ཕྱི་ལོ་ ༡༩༦༠ ནང་རེད། བྱས་ཙང་། ཐ་ན་ཨིན་ལེནྜའི་རྒྱལ་ས་ལནྜན་ལ་ཡིན་ནའང་ནང་པའི་སྐོར་གནས་ཚུལ་ཐོབ་བདེ་ཞིག་རྩ་ནས་མེད། དེ་ནས་རྗེས་མ་ང་རང་བོད་ཀྱི་སྲོལ་སྒྱུན་ནང་ཆོས་ཀྱི་ཕྱོགས་སུ་འདུན་ཤུགས་ཆེ་བ་ཡོད་པ་ཤེས་སོང་། དེ་ནས་ང་རང་ལོ་ཉི་ཤུར་སླེབས་དུས་རྒྱ་གར་ལ་ཕྱིན་པ་ཡིན། ང་རང་ལོ་ཉེར་གཅིག་གི་སྐྱེས་སྐར་ཉིན་མོར་ངའི་བླ་མ་༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཇལ་སོང་། དེ་ནས་བདུན་ཕྲག་གསུམ་གྱི་རྗེས་ལ་ངས་བཙུན་མའི་སྡོམ་པ་དང་པོ་དེ་ཞུས་པ་དང་། རིན་པོ་ཆེ་དང་མཉམ་དུ་ལས་ཀ་བྱེད་དུ་ཕྱིན་པ་ཡིན། 

དེ་ནས་༧སྐྱབས་རྗེ་རིན་པོ་ཆེས་ང་རང་ལ་ཧུལ་ལ་འགྲོ་དགོས་ཞེས་གསུངས་སོང་། ང་རང་ལ་ཧུལ་ལ་ཕྱིན་པ་དང་དེར་ལོ་བཅོ་བརྒྱད་རིང་བསྡད་པ་ཡིན། དེའི་རྗེས་ངས་ལོ་ཁ་ཤས་རྒྱ་གར་ནང་བསྡད་པ་དང་། བཙུན་མའི་དགོན་པ་ཞིག་གསར་འཛུགས་དགོས་སྐོར་གསུངས་པའི་རྗེས་ལ་ང་རང་རྒྱ་གར་ལ་ཕྱིར་ལོག་བྱས་ཡིན། དེ་ནས་བཟུང་ང་རང་རྒྱ་གར་ནང་བསྡད་པ་དང་། གཞན་ཡང་འཛམ་གླིང་གང་སར་འགྲུལ་སྐྱོད་དང་ཆོས་ཁྲིད་བྱེད་བཞིན་ཡོད། 

ནང་ཆོས་སྦྱོངས། ཁྱེད་རང་ནང་ཆོས་ལ་དེ་འདྲའི་ཡིད་དབང་འཕྲོག་དགོས་པའི་དམིགས་བསལ་གང་ཡོད་དམ།

བསྟན་འཛིན་དཔལ་མོ། ང་རང་ཆུང་དུས་ནས་ང་ཚོ་ཚང་མ་རང་བཞིན་གྱིས་ཡང་དག་པ་ཡིན་པ་དང་། ང་ཚོས་ལྷན་སྐྱེས་ཀྱི་རང་བཞིན་དག་པ་དེ་ངོས་འཛིན་མ་བྱས་བར་དུ་འཁོར་བར་ཡང་ནས་ཡང་དུ་འཁོར་དགོས་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། དྲི་བ་དེ་གང་རེད་ཅེ་ན། བཤད་མི་དགོས་པ་ལྟར། ཡང་དག་པའམ་མཐར་ཕྱིན་པ་ཟེར་བདེ་ངོ་མ་གང་ཡིན་པ་དང་། ང་ཚོས་དེ་ཇི་ལྟར་འཐོབ་ཀྱི་ཡོད་དམ། ཟེར་བ་དེ་རེད། ཆོས་ཕྱོགས་ཀྱི་སྲོལ་རྒྱུན་མང་ཆེ་བ་ནི་འཇིག་རྟེན་བཀོད་པ་པོའམ་ལྷ་ཡོད་པར་སྨྲ་མཁན་ཡིན་པས། ཕྱིའི་འཇིག་རྟེན་བཀོད་པ་པོ་དེས་ང་ཚོའི་ཐ་གུ་འཐེན་གྱི་ཡོད་པའི་བསམ་ཚུལ་དེ་ང་རང་ལ་ཡོངས་སུ་མཐུན་པ་ཞིག་བྱུང་མ་སོང་། དེ་ནས་ངས་ནང་ཆོས་གསར་རྙེད་བྱུང་བ་དང་ལམ་ཡང་དག་པ་དེ་རྙེད་སོང་། དེ་ལྟ་བུའི་ལམ་ཞིག་ང་ཚོར་སྟོན་མཁན་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ང་རང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་། ཁོང་གིས་མཐར་ཐུག་གི་འབྲས་བུའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། འབྲས་བུ་དེ་ཇི་ལྟར་འཐོབ་པའི་ཚུལ་དེ་ཡང་ཧ་ཅང་གསལ་པོར་བསྟན་གནང་ཡོད། 

ནང་ཆོས་སྦྱོངས། ཁྱེད་རང་ལནྜན་ནས་ཡིན་པའི་བུ་མོ་ཞིག་མཐར་ས་ཐག་རིང་བའི་ཧི་མ་ལ་ཡའི་རི་བརྒྱུད་ལ་འཚོ་གནས་ཐུབ་པ་བྱུང་བ་དེས་ཁྱེད་རང་ལ་ཚོར་སྣང་ཁྱད་མཚར་འདྲ་པོ་ཞིག་སྟེར་མྱོང་ཡོད་དམ།  

བསྟན་འཛིན་དཔལ་མོ། ངས་ལནྜན་ནས་ལ་ཧུལ་ལ་སླེབས་ཀྱི་རེད་ནམ་ཡང་བསམས་མ་སོང་། དེ་དག་ཐམས་ཅད་ནི་རང་བཞིན་ངང་བྱུང་བའི་ཡར་རྒྱས་ཀྱི་རྒྱུད་རིམ་འདྲ་པོ་ཞིག་ཆགས་སོང་། ལནྜན་ལ་ཡོད་དུས་ང་རང་ས་ཆ་ནོར་བ་ཞིག་ལ་ཡོད་པའི་ཚོར་བ་བྱུང་ཞིང་། དེ་ནས་ཐོན་འགྲོ་འདོད་སྐྱེ་ཡི་ཡོད། ངས་ཨོ་སི་ཊྲེ་ལི་ཡ། Australia ཡང་ན་ནེའུ་ཛེ་ལེནྜ་ New Zealand གང་རུང་ཞིག་ལ་འགྲོ་དགོས་བསམས་སོང་། དེ་ནི་ཨིངྒ་ལེནྜ་ལ་རྒྱབ་འགལ་དང་ཁ་གཏད་བྱེད་པ་དེ་འདྲ་གང་ཡང་མ་རེད། ཡིན་ནའང་། ང་རང་ས་ཆ་དེ་ལ་སྡོད་རྒྱུའི་ལས་སྐལ་མེད་པ་སྔོན་ཚུད་ནས་ཤེས་སོང་། འོན་ཀྱང་ང་རང་ཆོས་ཉམས་ལེན་ལ་ཞུགས་ནས་བཟུང་ང་རང་འགྲོ་འདོད་ཡོད་སའི་ས་ཆ་ནི་ང་རང་གི་བླ་མའམ་དགེ་བའི་བཤེས་གཉེན་ཡོད་ས་དེར་ཡིན་པར་ར་འཕྲོད་བྱུང་བ་དང་། སྐབས་དེ་དུས་དེ་འདྲའི་ས་ཆ་ནི་རྒྱ་གར་ཡིན་པ་རེད། 

ནང་ཆོས་སྦྱོངས། དེང་དུས་འཛམ་གླིང་ནང་ང་ཚོའི་གནས་ཚུལ་ཆ་འཕྲིན་ཚང་མའི་ཆེད་དུ་དྲྭ་རྒྱ་ལ་བརྟེན་ན་འགྲིག་གམ། ཡང་མིན་ན་ང་ཚོས་མི་ཚེ་དངོས་ཀྱི་དགེ་བའི་བཤེས་གཉེན་དང་འབྲེལ་གཏུགས་བྱེད་དགོས་སམ།

བསྟན་འཛིན་དཔལ་མོ། དཔེ་དེབ་ཀྱིས་ཕན་ཐོགས་ཆེན་པོ་ཡོད་པ་ནང་བཞིན་དྲྭ་རྒྱ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་ནང་ཆོས་དངོས་གནས་ཉམས་ལེན་བྱེད་པ་ལ། དེ་ནི་ཡོད་ན་མེད་ནའི་རྒྱུ་གཙོ་བོ་དེ་རེད་བསམ་གྱི་མི་འདུག །དུས་དང་གནས་སྐབས་བྱེ་བྲག་པ་ཅིག་གི་ནང་། སྒྱུ་རྩལ་གང་འདྲ་ཞིག་སྦྱོང་བར། ང་ཚོར་གང་ཟག་བྱེ་བྲག་པ་ཞིག་ནས་སྒེར་གྱི་གདམས་ངག་ཐོབ་དགོས་ཀྱི་ཡོད། གང་ཟག་དེ་ཡང་སོ་སོ་ལས་གནས་ཚད་མཐོ་བ་ཞིག་དགོས། གལ་སྲིད་ང་ཚོ་རོལ་དབྱངས་ལ་མཁས་པ་དང་། གཞས་འཁྲབ་མཁན། རྩེད་མོ་མཁན་ཞིག་ཆགས་འདོད་ཡོད་ན། ང་ཚོས་དྲྭ་རྒྱའི་ལམ་ནས་དེ་དག་དང་འབྲེལ་བའི་གནས་ཚུལ་གང་ལ་གང་འཚམས་ཕབ་ལེན་བྱེད་པ་དང་། བརྙན་འཕྲིན་ལྟ་བ། དཔེ་དེབ་ཀློག་པ་སོགས་བྱེད་ཆོག །འོན་ཀྱང་མཐར་ཐུག་ང་ཚོ་ལ་དཔྱད་ཞིབ་བྱེད་མཁན་ཞིག་དང་གདམས་ངག་གནང་མཁན་ཞིག་དགོས་ཀྱི་ཡོད། བྱས་ཙང་། དེ་གཉིས་མཉམ་དུ་འགྲོ་དགོས། ང་ཚོ་ག་དུས་ཡིན་ནའང་དགེ་བའི་བཤེས་གཉེན་གྱི་སྐུ་མདུན་དུ་སྡོད་མི་དགོས་ཀྱང་། དུས་ནས་དུས་སུ་ང་ཚོ་ལ་ཆོས་ཀྱི་སྙིང་དོན་འགྲེལ་ཐུབ་པ་དང་ཁ་ཕྱོགས་མི་ནོར་བའི་ལམ་སྟོན་གནང་ཐུབ་མཁན་ཞིག་དགོས་ཀྱི་ཡོད། 

བརྙན་པར། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། “དྲ་རྒྱ་དང་དགེ་རྒན།”

ནང་ཆོས་སྦྱོངས། ང་ཚོས་བླ་མའམ་དགེ་བའི་བཤེས་གཉེན་ཞིག་ཇི་ལྟར་རྙེད་ཐུབ་བམ།

བསྟན་འཛིན་དཔལ་མོ། རྒྱ་གར་ལ་མི་མང་པོ་ཞིག་ང་དང་མཉམ་དུ་གནད་དོན་ཁག་གི་ཐད་གྲོས་བསྡུར་བྱེད་དུ་སླེབས་ཀྱི་རེད། ངས་མཚམས་རེར་ལབ་ཀྱི་ཡོད། ཁོང་ཚོ་ཕྱེད་ཀ་ཙམ་སླེབས་ནས། “ང་ལ་དཀའ་ངལ་ཞིག་འདུག །ང་རང་དགེ་བའི་བཤེས་གཉེན་ཞིག་འཚོལ་དགོས་ཀྱི་འདུག” ཅེས་ཟེར་གྱི་རེད། ལྷག་མ་ཕྱེད་ཀ་ཙམ་གྱིས། “ང་ལ་དགེ་བའི་བཤེས་གཉེན་ཞིག་ཡོད། བྱས་ཙང་། ང་ལ་དཀའ་ངལ་ཞིག་འདུག” །ཅེས་ཟེར་གྱི་རེད།  བྱས་ཙང་། གནད་དོན་དེ་ནི་ལས་སླ་པོ་ཞིག་མེད། 

བླ་མའམ་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ། ཁྱད་དུ་འཕགས་པ་དེ་འདྲ་མང་པོ་ཡོད། འོན་ཀྱང་དེ་ནི་དགེ་བའི་བཤེས་གཉེན་རེ་རེ་གང་ཟག་གཅིག་པ་གཅིག་རྐྱང་ཞིག་ལ་འོས་ཞིང་འཚམས་པ་ཡིན་པའི་དོན་མ་རེད། མི་ཚང་མ་མི་གཅིག་རང་ལ་དགའ་པོ་ཆགས་ཀྱི་མེད་པ་ནང་བཞིན་རེད། ང་ཚོ་ཚང་མ་ལ་སོ་སོའི་ལས་རེ་ཡོད་པ་རེད། བྱས་ཙང་། དགེ་བའི་བཤེས་གཉེན་མི་འདྲ་བ་ཡོད་པ་དེ་སློབ་མ་མི་འདྲ་བ་རྣམས་ལ་དོན་སྙིང་ལྡན་པ་ཆགས་ཀྱི་ཡོད། 

ཡང་དགེ་བའི་བཤེས་གཉེན་ཁ་ཤས་ནི་དགེ་བའི་བཤེས་གཉེན་བྱེད་མི་འོས་པ་དེ་འདྲའང་ཡོད། ཡིན་ནའང་སྐབས་འདིར་གནད་དོན་གཙོ་བོ་ནི། ང་ཚོ་ཧ་ཅང་བྱིས་བློའི་རང་བཞིན་ལྟ་བུའམ། ལམ་སེང་ཡིད་དབང་འཕྲོག་རྒྱུ་མེད། མི་ཁ་ཤས་ཧ་ཅང་ཡིད་དབང་འཕྲོག་པོ་ཡོད་པའི་རྒྱུ་མཚན་ཙམ་གྱིས་ཁོང་ཚོ་དངོས་གནས་དྲང་གནས་ཚད་དང་ལྡན་པ་དང་མཚན་ཉིད་ཚང་བ་ཞིག་ཡིན་པའི་ངེས་པ་མེད། ཆོས་ཀྱི་གཞུང་ལུགས་ཁག་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་དྲན་གསོ་གནང་བ་

ལྟར། ང་ཚོས་གང་ཟག་དེའི་སྤྱོད་ལམ་ལ་བརྟག་ཞིབ་བྱེད་དགོས་ཤིང་། དེ་ཡང་མི་དེ་ཁྲིའི་སྒང་ལ་བཞུགས་པའི་སྐབས་ཀྱི་སྤྱོད་ལམ་ཙམ་མིན་པར། མང་ཚོགས་ཀྱིས་ཧ་མི་གོ་བའི་རྒྱབ་ལྗོངས་ཀྱི་སྤྱོད་ལམ་ཚང་མར་བརྟག་ཞིབ་བྱེད་དགོས། དཔེར་ན། ཁོང་ཚོས་སྦྱིན་བདག་ཆེན་པོ་དེ་དག་ལ་གཟིགས་ཚུལ་ག་འདྲ་ཡོད་མེད་ཙམ་མིན་པར། མི་དམངས་ཕལ་པ། ཁོང་ཚོར་དམིགས་བསལ་གལ་གནད་མེད་མཁན་ཚོ་ལ་ཇི་ལྟར་གཟིགས་ཚུལ་ཡོད་པའི་ཐད་ལ་བརྟག་ཞིབ་བྱེད་དགོས། ང་རང་ལྟ་བུར་མཚོན་ན། ངའི་བླ་མ་ལ། ཁྱེད་ཀྱིས་དཔེ་ཡག་པོ་ངོ་མཁྱེན་མཁན་གྱི་བླ་མའམ་དགེ་བའི་བཤེས་གཉེན་ལྷག་པར་དུ་རྙོག་དྲའི་ནང་ཡོད་མཁན་ཞིག་ལ་གཟིགས་ཕྱོགས་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་ཡིན། ཁོང་གིས། དེ་ནི་བཤད་དཀའ་མོ་རེད། ང་ཚོས་ལོ་ཉི་ཤུའི་ནང་ཁོང་གི་སློབ་མ་ཚོ་ག་འདྲ་ཆགས་ཀྱི་ཡོད་མེད་བརྟག་ཞིབ་བྱེད་ཆོག་ཅེས་གསུངས་སོང་། 

ང་རང་ལ་ཆ་བཞག་ན། ངའི་བླ་མའི་མཚན་ཐོས་པ་དང་ཁོང་ནི་ང་རང་གི་བླ་མ་ཡིན་པ་ཤེས་སོང་། བྱས་ཙང་། འདིར་སོ་སོ་རང་ཉིད་ཀྱི་བསླབ་བྱ་དང་ཡོངས་སུ་རྒྱབ་འགལ་བྱས་པ་རེད། དེ་ལྟར་ཡིན་ནའང་། ཁོང་ནི་སངས་རྒྱས་ཤིག་ཡིན་པས། དེ་ནི་ཧ་ཅང་སྐལ་བ་བཟང་པོ་རེད། གཞན་རྣམས་ལ་ངས་དགེ་བའི་བཤེས་གཉེན་གྱི་སློབ་མ་ཚོར་ལྟོས། ཁྱེད་རང་ཚོ་ཁོ་ཚོ་འདྲ་པོ་ཆགས་འདོད་ཡོད་དམ། ཞེས་ཤོད་རྒྱུ་ཡིན། གལ་ཏེ་ཁྱེད་ཀྱིས་སློབ་མའི་ཚོགས་ཡག་པོ་དང་མཐུན་སྒྲིལ་ཡོད་པ་མཐོང་བ་དང་། ཁོང་ཚོས་ཉམས་ལེན་ཡག་པོ་བྱེད་པ། མི་བཟང་པོ་དང་སེམས་བཟང་པོ་ཡིན་ན། དེ་ནས་ཁྱེད་རང་ལ་ཡིད་ཆེས་བྱེད་འོས་པའི་རྒྱུ་རྐྱེན་ཞིག་ཡོད་པ་རེད། 

ནང་ཆོས་སྦྱོངས། ལྟ་གྲུབ་དང་བསམ་ཚུལ་གྲངས་མེད་ཅིག་ཡོད་པའི་དུས་རབས་འདིའི་ནང་ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།

བསྟན་འཛིན་དཔལ་མོ། ནང་ཆོས་ནས་ཁྱེད་རང་མི་བཟང་པོ་ཞིག་བྱེད་དགོས་གསུངས་པ་ཙམ་མིན་པར། མི་བཟང་པོ་ཇི་ལྟར་བྱེད་དགོས་པའི་སྐོར་ལའང་གསུང་གི་ཡོད། དེ་ནི་ནང་ཚོ་ཆོས་ཀྱི་གཙོ་གནད་དེ་རེད། དཔེར་ན། ནང་ཆོས་ནས། “ཁོང་ཁྲོ་ཟ་རྒྱུ་མེད་” གསུངས་བ་ཙམ་དུ་མ་ཟད། ཁོང་ཁྲོ་མི་ཟ་བའི་ཐབས་ལམ་གང་ཡོད་པ་རྣམས་ཀྱང་སྟོན་གྱི་ཡོད། ནང་ཆོས་ནས་ང་ཚོས་གང་ལ་སྦྱོང་བརྡར་དང་ལེགས་བཅོས་དགོས་པའི་བསླབ་བྱ་གནང་བ་དེ་དག་ཐམས་ཅད་ལ་ཐབས་ཚུལ་ཁག་ཀྱང་སྟོན་གྱི་ཡོད་པ་དང་། རང་སོ་སོར་ཡོད་པའི་ཁྱད་ཆོས་ངན་པ་ཡོངས་སུ་རྫོགས་པ་ལས་ཐར་ནས་ཁྱད་ཆོས་བཟང་པོར་བསྒྱུར་བའི་ཐབས་ལམ་ཁག་སྟོན་གྱི་ཡོད། 

བརྙན་པར། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། “ཁོང་ཁྲོ་མྱུར་དུ་བཅོས་ཐབས།”

འདི་ནི་ཧང་སངས་དགོས་པའི་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཟེར་ན། གལ་ཏེ་མི་ཞིག་སེམས་ཐག་ཆོད་པོའི་ནང་པ་ཞིག་མིན་ནའང་། དེས་ང་ཚོ་མི་བཟང་པོ་ཞིག་ཆགས་པར་ཕན་ཐོགས་ཀྱི་ཡོད། ནང་པའི་ཆོས་བེད་སྤྱོད་བྱས་ནས་མི་བཟང་པོ་ཞིག་ཆགས་ཐབས་བྱེད་མཁན་ཡེ་ཤུ་རྣམ་དག་ཆོས་ལུགས་དང་འཇེའུ་ཆོས་ལུགས་ཀྱི་ཆོས་པ་དང་ཨ་ནེ་མང་པོ་ངས་ངོ་ཤེས་ཀྱི་ཡོད། ཡིན་དང་ཡིན། དེས་ང་རང་ཚོའི་རང་བཞིན་ངོ་མ་གང་ཡིན་པ་དེ་གཏིང་ཟབ་པོའི་སྒོ་ནས་ངོས་འཛིན་བྱེད་དུ་འཇུག་གི་ཡོད། དེ་ནི་གང་ལྟར་ང་རང་ཚོ་ཚང་མས་གང་མཉམ་སྤྱོད་བྱེད་ཀྱི་ཡོད་པ་དེ་རེད། 

ནང་ཆོས་སྦྱོངས། ཉེ་བའི་ལོ་ཤས་ནས་དྲན་པ་ཉེར་བཞག་དེ་ཧ་ཅང་དར་སྲོལ་ཆེན་པོ་ཆགས་ཡོད། ཁྱེད་ལ་དེའི་ཐད་དགོངས་ཚུལ་གང་ཡོད་དམ།

བསྟན་འཛིན་དཔལ་མོ། དེང་སང་དྲན་པ་ཉེར་བཞག་ནི་སྤྱིར་བཏང་གང་སར་སྤྱོད་པའི་མིང་ཚིག་ཆགས་ཡོད། ཡིན་ནའང་། ང་རང་ཚོའི་ཉིན་རེའི་མི་ཚེའི་ནང་སྔར་ལས་དྲན་ཤེས་ལྡན་པ་དང་གོ་རྟོགས་ཡོང་ཐབས་ཀྱི་སྤྱི་ཡོངས་ཀྱི་རྩ་དོན་ལག་བསྟར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་དང་ཆབས་ཅིག་ང་ཚོས་ཉམས་སུ་མྱོང་བའི་དཀའ་ངལ་རྣམས་འགྱུར་བ་གཏོང་ཆེད་དུ་བཀོད་སྒྲིག་བྱས་པའི་བློ་སྦྱོང་གི་ཚིགས་བཅད་ཁ་ཤས་ལ་བསམ་མནོ་བཏང་ན་ཕན་ཐོགས་པོ་ཡོད། ཕྱིའི་གནས་སྟངས་འདྲ་མིན་དང་།  ནམ་རྒྱུན་ང་ཚོར་ཐུག་པའི་མི་སྤྱོད་ངན་དང་རྩུབ་པོ་རྣམས་ལ་ཁོང་ཁྲོ་ཟ་བ་དང་། སེམས་སྡུག་བྱེད་པ། བསུན་སྣང་སྐྱེ་རྒྱུའི་ཚབ་ལ། དེ་དག་ཐམས་ཅད་དང་དུ་བླངས་ནས་ལམ་དུ་ལག་ལེན་བསྟར་བ་དང་། དེ་དག་གིས་སོ་སོའི་སྟོབས་དང་ནུས་ཤུགས་སྤེལ་བའི་ཆེད་དུ་བེད་སྤྱོད་བྱེད་དགོས་པ་ལས། དེ་དག་གིས་སོ་སོ་ཕམ་དུ་འཇུག་རྒྱུ་མེད། དེ་དག་ཐམས་ཅད་ནི་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ་ཁག་རེད། དེ་འདྲ་སོང་ཙང་། ངའི་ངོས་ནས་ཉིན་རེའི་མི་ཚེའི་ནང་ཆོས་ཉམས་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་ཡང་ནས་ཡང་དུ་ཤོད་ཀྱི་ཡོད། དེ་ལྟར་མ་བཤད་ན། རེ་བ་ཟད་པ་དང་རོགས་མགོན་མེད་པ་ཚོར་རྒྱུ་ལས་སླ་པོ་ཆགས་ཀྱི་ཡོད།

ང་ཚོ་བསྙེན་མཚམས་ནང་བསྡད་ཡོད་པའམ། ཡང་ན་འཛམ་གླིང་ཕྱི་རུ་ཡོད་ནའང་འདྲ་སྟེ། ང་ཚོས་དྲན་ཤེས་ཀྱི་ཡོན་ཏན་གང་ཐུབ་ཅི་ཐུབ་ཀྱིས་གོང་སྤེལ་གཏོང་ཐབས་ངེས་པར་དུ་བྱེད་དགོས། རྣམ་གཡེང་ནི་ང་ཚོ་ཚང་མ་ལ་དཀའ་ངལ་གཙོ་བོ་དེ་ཆགས་ཀྱི་ཡོད། དེ་ལ་སངས་རྒྱས་ཀྱིས་སྤྲེའུ་སྨྱོན་པའི་སེམས་ཞེས་གསུངས་ཡོད། སྤྲེའུ་སྨྱོན་པའི་སེམས་འདི་འདུལ་དགོས་ཀྱི་ཡོད། ང་ཚོས་ག་དུས་དང་ག་རེ་བྱེད་བཞིན་ཡོད་ནའང་། ང་ཚོ་དྲན་ཤེས་ཡོད་པའི་ཐོག་བྱེད་པའམ། ཡང་ན་དྲན་ཤེས་མེད་པའི་ཐོག་ནས་བྱེད་ཀྱི་ཡོད། ཡང་ན་ང་ཚོས་ཤེས་པའམ་ད་ལྟ་ཡོད་པའི་ཐོག་ནས་བྱེད་པའམ། ཡང་ན་དེ་འདྲ་མེད་པའི་ཐོག་ནས་བྱེད་ཀྱི་ཡོད། ལམ་ཁ་ཕྱེད་ཀ་ཞིག་ནི་མེད་པ་རེད། ང་རང་ལ་ད་ལྟ་བར་དུ་བསླབ་བྱའི་ནང་ནས་ཡག་ཤོས་ཤིག་ཐོབ་ཡོད་པ་ནི། ང་ཚོའི་དགོན་པའི་རྟོགས་ལྡན་རྣལ་འབྱོར་པ་རྣམས་ནས་ཐོབ་སོང་། ཁོང་རྣམས་ཀྱིས། ཆུ་ཚོད་རེ་རེའི་ནང་སེམས་ལ་ཐེངས་མ་གསུམ་ལྟ་ཞིབ་བྱེད་དགོས་ཞེས་བསླབ་བྱ་གནང་ཡོད། ང་ཚོས་ཏོག་ཙམ་རིང་བཀག་ནས་རང་གི་སེམས་དེས་ག་རེ་བྱེད་བཞིན་ཡོད་པ་དང་། སོ་སོ་སེམས་ཀྱི་གནས་བབས་གང་འདྲ་ཞིག་གི་ནང་གནས་ཡོད་མེད་ལྟ་རྒྱུའི་དམ་བཅའ་འཇོག་དགོས་ཀྱི་ཡོད། ང་ཚོས་སེམས་ལ་དཔྱད་ཁྲ་གཏོང་གི་མེད་པར། སེམས་དེ་ངོ་ཤེས་པ་ཙམ་རེད། དེ་ནས་རིམ་པས་ང་ཚོས་ག་རེ་བསམ་བློ་གཏོང་གི་ཡོད་པ་དང་། ང་ཚོའི་དགེ་མི་དགེའི་སེམས་ཀྱི་གནས་བབས་འདྲ་མིན་སྣ་ཚོགས་པར་དྲན་ཤེས་བསྟེན་རྒྱུ་དེ་སྔར་ལས་ཀྱང་གོམས་འདྲིས་མང་བ་ཐེབས་ཀྱི་ཡོད། ང་རང་ཚོ་སེམས་ཀྱི་དྲན་གཡོག་མི་ཆགས་པར། དེ་ལས་ལྡོག་སྟེ། སེམས་ཀྱི་སློབ་དཔོན་ནམ་སེམས་ལ་སྟངས་འཛིན་བྱེད་པོ་དེ་ཆགས་ཀྱི་རེད། 

ནང་ཆོས་སྦྱོངས། ཆོས་ཉམས་ལེན་གྱི་ཆེད་དུ་སྙིང་རུས་དང་སྤྲོ་སེམས་དེ་ནམ་རྒྱུན་མུ་མཐུད་གནས་ཡག་ཁག་པོ་ཆགས་སྲིད་པ་ཡིན། ང་ཚོས་དེ་མུ་མཐུད་ནས་རྒྱུན་སྐྱོང་བ་ལ་ག་རེ་བྱེད་ཐུབ་བམ།

བསྟན་འཛིན་དཔལ་མོ། ཐོག་མར་སེམས་པ་ཏོག་ཙམ་ལྷོད་པོ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ངས་ནམ་རྒྱུན་ཡང་སེ་ཞུ་བསྡད་ཀྱི་ཡོད། དཔེར་ན། ཕ་རོལ་ཏུ་ཕྱིན་པ་བདུན་པ་ཞིག་ཡོད་པ་ནི་བག་ཡངས་ཀྱི་དགོད་བྲོའི་ཉམས་དེ་རེད་ཅེས་བཤད་ཀྱི་ཡོད། བྱས་ཙང་། ང་རང་ཚོས་གནད་དོན་ཧ་ཅང་ཛ་དྲག་པོ་བརྩི་མི་དགོས། ང་ཚོའི་ཉམས་ལེན་ལ་སེམས་པ་རྣམ་དག་བྱེད་དགོས། འོན་ཀྱང་།  དེ་དང་ཆབས་ཅིག་ང་ཚོས་ཧ་ཅང་ཛ་དྲག་པོ་བརྩིས་ན་འགྲིག་གི་མེད། 

ངའི་བསམ་པར། སྐབས་འདིར་སོ་སོའི་འདོད་པ་ནང་བཞིན་ཆོས་ཉམས་ལེན་བྱེད་ཆོག་པ་དང་། ག་རེ་ཡིན་ནའང་འདེམ་སྒྲུག་བྱས་ནས་དཔེ་དེབ་ཀློག་པ་ཙམ་མ་ཡིན་པར། དེ་དག་གི་དོན་རྟོགས་ཐུབ་པའི་མིའི་ལུས་རྟེན་འདི་ཐོབ་པར་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་པ་ངོས་འཛིན་བྱ་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་རེད། འདི་ལྟ་བུའི་ཤེས་ཡོན་གྱི་གནས་ཚད་ནི་ལོ་རྒྱུས་ནང་ཕྱི་བལྟས་བྱས་ན་ཧ་ཅང་དཀོན་པོ་རེད། བྱས་ཙང་། ང་ཚོས་ཡིན་ཤག་ཤག་དང་། འགྲིག་ཤག་ཤག་ནམ་ཡང་བྱ་རྒྱུ་མེད། ང་རང་ཚོར་གང་ཡོད་པ་ཚང་མ་འཕྲོ་བརླག་མི་གཏོང་བར་སེམས་གཏིང་ནས་ཡི་རངས་ཤིག་སྐྱེད་དགོས། དེ་མིན་ང་ཚོ་འགྱོད་པ་ཆེན་པོ་ཞིག་གི་ངང་འཆི་དགོས་ཐུག་གི་རེད། 

ད་དུང་ངའི་བསམ་པར། དེ་ནི་དེང་དུས་ཀྱི་འཕྲུལ་ཆས་རིགས་དང་ཏོག་ཙམ་འདྲ་པོ་འདུག །དཔེར་ན། ཁྱེད་ཀྱིས་གློག་རྫས་ལ་གློག་གསོག་དགོས་པ་ལྟ་བུ་རེད། མཚམས་ལ་བསྡད་པ་དང་། སེམས་འགུལ་ཐེབས་འོས་པའི་དགེ་བའི་བཤེས་གཉེན་ནས་སྒེར་གྱི་གདམས་ངག་དུས་ནས་དུས་སུ་ཐོབ་པ་སོགས་དེ་དག་ཐམས་ཅད་ཀྱིས་ང་ཚོའི་གློག་རྫས་ལ་གློག་གསོག་པར་ཕན་གྱི་ཡོད། དེ་ནས་ང་ཚོ་སེམས་འགུལ་ཐེབས་ནས་སོ་སོར་གང་ཐོབ་པ་རྣམས་ཉིན་རེའི་མི་ཚེའི་ནང་འཁྱེར་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། 

མཐར་སངས་རྒྱས་ཀྱིས་རྟག་ཏུ་ནན་གྱིས་གསུངས་པ་ཞིག་ནི་གྲོགས་བཟང་པོའི་གལ་གནད་དེ་རེད། ང་ཚོས་ཕྱོགས་གཅིག་གི་ནང་མདུན་སྐྱོད་བྱེད་པའི་སྤྱི་ཚོགས་ཤིག་གི་ནང་གནས་ཀྱི་ཡོད། བྱས་ཙང་། ང་ཚོར་འགྲོ་བ་མིའི་རིན་ཐང་མཉམ་སྤྱོད་བྱེད་མཁན་དང་། ང་ཚོ་ཁེར་རྐྱང་དང་སྤྱི་དང་མི་མཐུན་པ་ཞིག་མིན་པར་དྲན་གསོ་དང་སེམས་ཤུགས་སྤར་ཐུབ་མཁན་གྱི་གྲོགས་པོ་ཉུང་མཐར་ཡང་ཁ་ཤས་ཤིག་ཡོད་ན་ཡག་པོ་ཡོད། ཡིན་ནའང་། ང་ཚོས་གང་བྱེད་བཞིན་ཡོད་པ་ནི་མི་ཚེ་སྐྱེལ་སྟངས་ཚད་ལྡན་ཞིག་ཡིན་པ་རེད། འདིས་ཆོས་དེ་མི་ཚེའི་ནང་གི་གཙོ་བོར་འཇོག་པ་ལས་ཕྱིའི་མཐའ་མཚམས་སུ་མི་འཇོག་པ་དང་། སོ་སོའི་ཉིན་རེའི་མི་ཚེའི་ནང་ཆོས་ཉམས་ལེན་བྱེད་དགོས་པའི་སེམས་སྐུལ་བྱེད་ཀྱི་རེད། 

ནང་ཆོས་སྦྱོངས། མི་རྣམས་ཀྱི་སྐབས་རེ་ནང་ཆོས་ནི་ཧུར་བརྩོན་མེད་པའི་རང་བཞིན་གྱི་དད་པའི་ལམ་ལུགས་ཤིག་ཡིན་པར་བསམ་གྱི་ཡོད། ཁྱེད་ཀྱིས་ག་རེ་དགོངས་ཀྱི་འདུག་གམ།

བརྙན་པར། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། “ཧུར་བརྩོན་རང་བཞིན་གྱི་ནང་ཆོས།”

བསྟན་འཛིན་དཔལ་མོ། ནང་ཆོས་ནི་ཧུར་བརྩོན་ཆེ་ཤོས་ཀྱི་ཆོས་ལུགས་ཤིག་རེད། དུས་ཚོད་ཆ་ཚང་ང་ཚོས་སེམས་ལ་གདོང་ལེན་བྱེད་པ་དང་། སེམས་ཇི་ལྟར་འདུལ་བའི་ཚུལ་དང་། ང་ཚོའི་ཐ་མལ་ཀུན་རྫོབ་ཀྱི་སེམས་དེ་ལས་བརྒལ་ནས་ཇི་ལྟར་འགྲོ་བའི་ཚུལ་ལ་ཧུར་བརྩོན་བྱེད་ཀྱི་ཡོད། དེ་ལྟར་བྱེད་པར། ཆོད་སེམས་དང་བརྩོན་འགྲུས་ཧ་ཅང་ཆེན་པོ་བྱེད་དགོས་ཀྱི་ཡོད། དེ་ག་ནང་བཞིན་དལ་ལྷོད་དང་གུ་ཡངས་ཀྱི་བསམ་ཕྱོགས་ཤིག་ངེས་པར་དུ་དགོས་ཀྱི་ཡོད་པ་ལས་དངངས་འཚབ་དང་སེམས་ངལ་གནོན་ཤུགས་དགོས་ཀྱི་མེད། ཧུར་བརྩོན་རྩ་ནས་མེད་པར་ལྷོད་ལྷོད་བསྡད་ནས་དོན་དག་ཐམས་ཅད་བསྒྲུབ་པའི་རེ་སྒུག་བྱེད་པའི་གནད་དོན་ཞིག་རྩ་ནས་མ་རེད། གལ་སྲིད་ང་ཚོས་དོན་དག་བསྒྲུབ་པར་མ་བྱས་ན། དེ་རང་བཞིན་གྱིས་འགྲུབ་ཡོང་གི་མ་རེད།

ནང་ཆོས་སྦྱོངས། ཁྱེད་ཀྱིས་ནང་ཆོས་ནང་བུད་མེད་ཀྱི་ལས་འགན་སྐོར་ཉུང་ཙམ་ཞིག་གསུངས་རོགས།

བསྟན་འཛིན་དཔལ་མོ། སྲོལ་རྒྱུན་ལྟར་བྱས་ན། ནང་ཆོས་ནང་བུད་མེད་ལ་ལས་འགན་དེ་ཙམ་མེད། དཔེ་དེབ་ཚང་མ་བླ་མའམ་གྲྭ་པ་རྣམས་ཀྱིས་བླ་མའམ་གྲྭ་པ་གཞན་རྣམས་ཀྱི་ཆེད་དུ་བརྩམས་པ་ཤ་སྟག་རེད། བྱས་ཙང་། སྤྱི་ཡོངས་བུད་མེད་ཀྱི་ལྟ་ཚུལ་དེ་བུད་མེད་ལ་སྡང་ཟུག་ལྟ་བུ་ཆགས་ཡོད། བུད་མེད་ཀྱིས་བཀག་པ་གཞན་གྱི་ལས་འགན་བྱས་པ་དང་། ཉེས་མེད་ཀྱི་གྲྭ་ཆུང་ཚོར་བསླུ་ཁྲིད་བྱེད་རྒྱུར་སྒུག་ནས་བསྡད་པ་འདྲ་པོ་ཆགས་ཡོད། སྤྱི་ཚོགས་དེ་འདྲའི་ནང་དུ་བུད་མེད་རྣམས་ཤེས་ཡོན་ཅན་ཆཌ་རྒྱུ་དང་། གཏིང་ཟབ་པའི་ཆོས་ཀྱི་སྐོར་འཐོབ་རྒྱུ། དེ་ག་ནང་བཞིན་དངོས་གནས་གྲུབ་འབྲས་ཐོན་པ་ཞིག་ཡོང་རྒྱུ་ཁག་པོ་ཆགས་ཡོད། 

དེང་སང་གི་དུས་ཚོད་ལ་དེ་དག་ཐམས་ཅད་འགྱུར་བ་ཆེན་པོ་ཕྱིན་ཚར་བ་རེད། བུ་མོ་རྣམས་བུ་དང་མཉམ་དུ་སློབ་གྲྭར་འགྲོ་བ་དང་། གནས་ཚད་མཐོ་བའི་ཤེས་ཡོན་ཅན་ཆགས་ཀྱི་ཡོད། ལོ་འདིའི་ནང་དགེ་བཤེས་མའི་ཚོ་ཁག་ཐོག་མ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱག་ཁྱེར་གནང་འཆར་ཡོད། གཞན་ལས་ལྷག་པའི་བཙུན་མ་རྣམས་ཀྱིས་ཉམས་ལེན་གཏིང་ཟབ་གནང་བ་དང་། བསྙེན་མཚམས་རིང་པོ་སྡོད་པ་སོགས་གང་བྱས་ཐོག་ནས་ཁོང་ཚོའི་ནུས་པ་དེ་ངོས་འཛིན་བྱེད་ཀྱི་ཡོད། དེའི་ནང་རྒྱབ་སྐྱོར་གནང་མཁན་གཙོ་བོ་ནི་གྲྭ་པ་ཚོ་ཆགས་དགོས་ཀྱི་ཡོད། དེ་ཡང་ནམ་ཞིག་ཁོང་ཚོས་ཨ་ནེ་བཙུན་མ་ཚོས་ཀྱང་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་པའི་བསམ་ཚུལ་དེ་ཤེས་པ་དང་། གྲྭ་པ་ཚོ་དགེ་རྒན་ཆགས་ནས་ཨ་ནེ་ཚོར་སེམས་ཤུགས་སྤར་བ་ལ་ཧ་ཅང་སྤྲོ་ཤུགས་ཆེན་པོ་ཆགས་ཀྱི་ཡོད། ཁོང་ཚོའི་དབར་ལ་འགལ་ཟླ་གང་ཡོད་ཟེར་ན། ཨ་ནེ་ཚོར་དགེ་སློང་མའི་སྡོམ་པའི་སྐོར་དེ་རེད། དེ་ནི་འདས་པའི་ལོ་སུམ་ཅུའི་ནང་དོ་སྣང་བྱེད་འོས་པའི་འགོག་རྒོལ་ཆེན་པོ་ཞིག་ཆགས་ཡོད། 

ནང་ཆོས་སྦྱོངས། ཨ་ནེ་བཙུན་མ་ཚོས་ཡར་རྒྱས་གཏོང་བཞིན་པ་རྣམས་ཐོས་པ་དེ་དཔེ་ཡག་པོ་བྱུང་། དེ་ལྟར་རང་བཞིན་གྱིས་སླེབས་པ་རེད། ཡང་ན་དེ་ཐོག་མར་འགོ་འཛུགས་བྱེད་སྐབས་དཀའ་ལས་ཁག་པོ་བྱུང་ཡོད་དམ།

བསྟན་འཛིན་དཔལ་མོ། གལ་ཏེ་ཁྱེད་རང་བཙུན་མའི་དགོན་པ་ག་འདྲ་ཞིག་ལ་ཕྱིན་ནས་ཁོང་ཚོའི་དཀའ་ངལ་དང་བར་ཆད་གཙོ་བོ་དེ་གང་ཡིན་པའི་སྐོར་སྐད་ཆ་དྲིས་ན། ཁོང་ཚོས་རྟག་ཏུ་རང་མཐོང་དམའ་བ་དང་གདེང་ཚོད་མེད་པའི་དཀའ་ངལ་ཡིན་པར་ཤོད་ཀྱི་རེད། དུས་ཚོད་འགོར་གྱི་རེད། འོན་ཀྱང་། ལ་དྭགས་ནས་སླེབས་པའི་བུ་མོ་དང་པོ་རྣམས་བཙུན་མ་ཆགས་པ་དང་ང་ཚོར་ད་ལྟ་ཡོད་བཞིན་པའི་བུ་མོ་རྣམས་ཀྱི་ཁྱད་པར་ལ་བལྟས་ན། དེ་ནི་དངོས་གནས་སེམས་ཤུགས་སྐྱེད་དགོས་པ་ཞིག་རེད། ཨ་ནེ་གསར་པ་ཚོས་ཁོང་ཚོ་ཉམ་ཆུང་དང་བཀའ་རྩི་དང་ལེན་བྱེད་མཁན་ཞིག་ཡིན་ཁུལ་བྱེད་དགོས་པ་ཤེས་ཀྱི་མེད། བྱས་ཙང་། ཁོང་ཚོས་ཕྱོགས་མང་པོ་ནས་ག་རེ་ཡིན་ནའང་བྱེད་ཐུབ་བསམ་གྱི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་སྔོན་གྱི་ཨ་ནེ་ཚོས་དེ་ལྟར་བྱེད་ཀྱི་ཡོད་པ་མཐོང་ཡོད་པ་སོང་ཙང་རེད། དེ་འདྲའི་ཐོག་ཁོང་ཚོར་དྭོགས་པ་སྐྱེ་དགོས་པའི་གནད་དོན་གང་ཡང་མེད། 

ང་ཚོ་ལ་ཡོད་པའི་ཨ་ནེ་བྱེད་མཁན་གྱི་ཚོ་ཁག་དང་པོ་ལ་ངས། གལ་ཏེ་ཁྱེད་རང་ཚོས་བུ་རྣམས་བུ་མོ་ལས་རང་བཞིན་གྱིས་བློ་གྲོས་དང་རྣམ་དཔྱོད་ཆེ་བ་ཡོད་པར་ཡིད་ཆེས་ཀྱི་ཡོད་དམ་མེད་ཀྱི་སྐོར་དྲིས་པ་ཡིན། ཁོང་ཚོ་ཚང་མས་ཡིད་ཆེས་ཡོད་ཅེས་བཤད་སོང་། ངས། “མ་རེད། དེ་ནི་ཁོང་ཚོ་ལ་གོ་སྐབས་མང་བ་ཐོབ་ཡོད་པ་ཙམ་རེད། ཁྱེད་རང་ལ་གོ་སྐབས་གཅིག་པ་ཡོད་དུས་གཉིས་ཀས་ཡག་པོ་བྱེད་ཀྱི་ཡོད། སྐྱེས་པ་ཁ་ཤས་རྣམ་དཔྱོད་དང་ལྡན་པ་ཡོད་ཀྱང་། ཁ་ཤས་ནི་ལྐུགས་འཐོམས་ཅན་དེ་འདྲ་ཡོད། དེ་ག་ནང་བཞིན་བུད་མེད་ཁ་ཤས་རྣམ་དཔྱོད་ལྡན་པ་དང་། ཡང་ཁ་ཤས་ལྐུགས་འཐོམས་ཅན་དེ་འདྲའང་ཡོད་པ་རེད། ང་རང་ཚོ་ཚང་མ་འགྲོ་བ་མི་རེད། སུ་གཅིག་ཀྱང་ཁྱད་པར་དུ་འཕགས་པ་མ་རེད།” ཅེས་བཤད་ཡིན། ད་ལྟ་ངས་དྲི་བ་དེ་གཅིག་པ་གཅིག་རྐྱང་དྲིས་ན། བུ་མོ་ཚོ་དྲི་བ་ཁོ་རང་ལ་མགོ་འཐོམས་འགྲོ་ངེས་རེད། བྱས་ཙང་། དེ་ཡར་རྒྱས་འགྲོ་བཞིན་འདུག 

བརྙན་པར། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། “ནང་ཆོས་ནང་བུད་མེད་ཀྱི་འགན་འཁྲི།”

ནང་ཆོས་སྦྱོངས། ཨ་ནེ་བཙུན་མ་ཚོར་དགེ་སློང་མའི་སྡོམ་པ་ཡོངས་རྫོགས་འཐོབ་པའི་གྲོས་ཆོད་དངོས་སུ་བཞག་པ་ཡོད་དམ།

བསྟན་འཛིན་དཔལ་མོ། ད་ལྟའི་ཆར་ང་ཚོས་དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་ལ་སྒུག་བཞིན་ཡོད། ཁོང་གིས་དེ་ལྟར་གནང་གི་ཡིན་ཞེས་གསུངས་ཡོད། བྱས་ཙང། ཁོང་ནས་ཇི་ལྟར་གནང་འཆར་ཡོད་པའི་ཐད་ང་ཚོས་སྒུག་ནས་ལྟ་རྒྱུ་རེད། གང་ཡིན་ཟེར་ན། མི་ཚང་མས་ལྟ་ཞིབ་བྱེད་ངེས་རེད། དེ་ལྟར་ཏག་ཏག་ཅིག་ཡོང་བ་དང་། ཁོང་ལ་ཚང་མས་མོས་མཐུན་བྱེད་ཐུབ་པའི་ཐབས་ལམ་ཞིག་རྙེད་ནས་སྡོམ་པ་ཚད་ལྡན་ཞིག་ཡོང་རྒྱུ་དེ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། དེས་མི་ཚང་མའི་ཆེད་དུ་སྒོ་འབྱེད་ཀྱི་ཡོད། 

ནང་ཆོས་སྦྱོངས། མཐའ་མར་ཧ་ཅང་ཁེར་རྐྱང་ཡིན་པ་ཚོར་བའམ། ཡང་ན་སེམས་ཞུམ་པའི་མི་རྣམས་ཀྱིས་གང་བྱེད་ཐུབ་བམ།

བསྟན་འཛིན་དཔལ་མོ། ཕལ་ཆེར་སེམས་ཞུམ་པ་དང་། རང་མཐོང་མེད་པ། ཁེར་རྐྱང་སོགས་ཀྱི་གཉེན་པོ་ནང་ནས་གཙོ་བོ་ཞིག་ནི་ང་ཚོའི་རྒྱུད་ལ་དངོས་གནས་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོ་ཡོད་པ་ངོས་འཛིན་རྒྱུ་དེ་རེད། དེ་ནས་ཁོང་ཁྲོ་དང་། ཕྲག་དོག །ཞེ་འདོད་ལ་སོགས་པའི་དཀའ་ངལ་གཞན་ཚང་མ་ནི་ང་ཚོས་སྦྱངས་པའི་བག་ཆགས་རྣམས་རེད། ཡིན་ནའང་། དེ་དག་ནི་ང་ཚོ་གང་ཡིན་པའི་རང་བཞིན་ངོ་མ་དེ་མ་རེད།

ང་ཚོ་ནི་ཉམ་ཆུང་གི་སྡིག་ཅན་མ་རེད་ལ་རིན་ཐང་མེད་པའི་སེམས་ཅན་ཞིག་ཀྱང་མ་རེད། ང་ཚོ་ནི་ནོར་བུ་ལྟ་བུ་ཡིད་དུ་འོང་བ་ཞིག་རེད།

ང་ཚོས་སོ་སོའི་ནུས་པ་དེ་ཚད་ངེས་ཅན་ཞིག་ལས་མེད་པའི་བསླབ་བྱ་དེ་ག་དུས་ཡིན་ནའང་རྒྱག་གི་ཡོད། དེ་ནི་ཧ་ཅང་སེམས་སྐྱོ་བའི་གནས་སྟངས་ཤིག་རེད། དོན་ངོ་མར། ང་ཚོའི་ནུས་པ་ནི་ཚད་མེད་པ་དང་དཔག་མེད་པ་ཞིག་རེད། ང་ཚོའི་སེམས་ཀྱི་རང་བཞིན་ནི་རྦད་དེ་བསམ་ཡུལ་ལས་འདས་པ་ཞིག་རེད། ང་ཚོ་ནི་ཉམ་ཆུང་གི་སྡིག་ཅན་མ་རེད་ལ་རིན་ཐང་མེད་པའི་སེམས་ཅན་ཞིག་ཀྱང་མ་རེད། ང་ཚོ་ནི་ནོར་བུ་ལྟ་བུ་ཡིད་དུ་འོང་བ་ཞིག་རེད། 

ནང་ཆོས་ཀྱིས་ང་ཚོའི་རྫོགས་མཐའ་མེད་པའི་བདག་འཛིན་གྱི་སེམས་དེ་ལས་ཐར་ནས་ཧ་ཅང་གུ་ཡངས་དང་བཅོས་མིན་གྱི་དོན་སྙིང་ལྡན་པ་ཞིག་ལ་ཁ་ཕྱོཌ་སྟོན་པར་ཕན་ཐོཌ་ཀྱི་ཡོད། སྒོམ་ནི་ང་ཚོ་གཏིང་ཟབ་པའི་དྲན་ཤེས་ཀྱི་རིམ་པ་ཞིག་གི་ནང་འཁྲིད་པར་བྱེད་པའི་ལམ་ཞིག་ཡིན། ང་རང་ཚོ་ནམ་རྒྱུན་སོ་སོའི་བསམ་བློ་དང་། ཚོར་བ། སེམས་ཚོར་གྱི་རྒྱུན་ནང་ཚུད་ནས་ཡོད། ང་ཚོས་དྲན་ཤེས་ལ་བརྟེན་ནས་དེ་དག་རྣམ་གཡེང་གི་དབང་འོག་ཏུ་མ་ཤོར་བའི་སྒོ་ནས་ལྟ་ཞིབ་བྱེད་ཐུབ། དེས་ང་ཚོའི་ནམ་རྒྱུན་གྱི་སེམས་ཆུང་ཆུང་དེ་ལས་ཀྱང་རྒྱ་ཆེ་བ་དང་གཏིང་ཟབ་པའི་གནད་དོན་ཐོག་སྙོབ་པར་བྱེད་ཀྱི་ཡོད། ང་ཚོ་ཚང་མས་དེར་སྙོབ་ཐུབ། དེ་ནི་ཧ་ཅང་ཁག་པོ་ཞིག་མིན། གདམས་ངག་དང་ཉམས་ལེན་ཁ་ཤས་ལ་བརྟེན་ནས་མི་སུས་ཀྱང་བྱེད་ཐུབ།།

ཡུ་ར་མིལ་ཡུ་ཊིན་དང་། འབུམ་རམས་པ་བྷར་ཛིན། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། མེཊ་ལིན་ཌེན། ཨཻ་ལཱིན་བྷཻ་རི།
ཡུ་ར་མིལ་ཡུ་ཊིན་དང་། འབུམ་རམས་པ་བྷར་ཛིན། རྗེ་བཙུན་མ་བསྟན་འཛིན་དཔལ་མོ། མེཊ་ལིན་ཌེན། ཨཻ་ལཱིན་བྷཻ་རི།

རྗེ་བཙུན་མ་བསྟན་འཛིན་དཔལ་མོ་དང་ལྷན་དུ་བརྙན་འཕྲིན་དེ་ལས་མང་བ་གཟིགས།

Top