རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དང་འདྲི་མོལ།

ནང་ཆོས་སྦྱོངས་ཀྱི་དྲྭ་ལྗོངས་ངོས་ནས་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ལ། ཁོང་གི་ཆོས་ཀྱི་བསྟི་གནས་ཁང་ནང་གི་གཅིག་སྟེ། བོདྷི་ཅཱརྱ་ཞེས་པ་དེར་འདྲི་མོལ་ཞུས་ཡིན། བོ་དྷི་ཅཱརྱ་ནི་འཇར་མི་ནིའི་རྒྱལ་ས་བྷར་ལཱིན་གྱི་དཀྱིལ་དུ་ཡོད་པའི་ཞི་བདེའི་ས་གནས་ཞིག་རེད།
Study buddhism ringu tulku

ནང་ཆོས་སྦྱོངས། ཁྱེད་རང་ངོ་སྤྲོད་ཅིག་གནང་རོགས།

རི་མགོ་སྤྲུལ་སྐུ། ངའི་མིང་ལ་རི་མགོ་སྤྲུལ་སྐུ་ཟེར། རི་མགོ་ནི་བོད་ཤར་ཕྱོགས་སུ་ཡོད་པའི་ངའི་དགོན་པའི་མིང་རེད། ང་རང་ལྟ་བུར་མཚོན་ན། གཙོ་བོ་རྒྱ་གར་སི་ཀིམ་ལ་སློབ་སྦྱོང་བྱས་པ་ཡིན། ངས་མཁན་པོ་དང་བླ་མ་མང་པོའི་མདུན་དུ་སློབ་གཉེར་བྱས་ཡིན། ཡིན་ནའང་དེ་དག་གི་ནང་ནས་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་མཆོག་ངའི་བླ་མའི་གཙོ་བོ་རེད། ཁོང་རྣམ་པའི་མདུན་ནས་ང་རང་རབ་བྱུང་གི་སྡོམ་པ་ཆ་ཚང་ཐོབ་ཡོད། འོན་ཀྱང་། ཆོས་བརྒྱུད་ཆེན་པོ་བཞི་ཀ་ནས་ང་རང་ལ་ཆོས་མང་པོ་ཐོབ་རྒྱུའི་གོ་སྐབས་བྱུང་།

ནང་ཆོས་སྦྱོངས། ཐོག་མར་ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ནང་ཆོས་ཀྱིས་མི་རྣམས་ལ་ག་རེ་མཁོ་སྤྲོད་བྱེད་ཐུབ་བམ།

རི་མགོ་སྤྲུལ་སྐུ། ང་ཚོར་རྟག་ཏུ་ག་རེ་བསླབས་ཡོད་ཅེ་ན། “ང་རང་ལ་དངོས་གནས་དགོས་རྒྱུ་དེ་གང་རེད་དམ།” ཞེས་འདྲི་དགོས་པ་བསླབས་ཡོད། གལ་ཏེ་ཁྱེད་ཀྱིས་རང་ཉིད་ལ་དངོས་གནས་འདོད་པ་དང་རེ་བ་གང་ཡོད་པའི་ཐོག་བལྟས་ན། དེ་ནི་སྡུག་བསྔལ་དང་གདུང་བ། དེ་བཞིན་དཀའ་ངལ་གྱི་རིགས་ཡོངས་སུ་རྫོགས་པ་ལས་ཐར་འདོད་ཡོད་པ་དེ་རེད། དེ་ཡང་ཁྱེད་རང་གཅིག་པུ་དེ་དག་ལས་ཐར་འདོད་པ་མ་ཟད། ཁྱེད་ཀྱི་ཉེ་ས་དང་བརྩེ་བ་ཡོད་ས་རྣམས་ཀྱང་སྡུག་བསྔལ་དེ་དག་ལས་འབྲལ་འདོད་ཡོད་པ་རེད། བྱས་ཙང་། དངོས་གནས་བྱས་ན། སྡུག་བསྔལ་ལས་ཐར་བ་དང་། གཏན་གྱི་ཞི་བདེ་དང་བདེ་སྐྱིད་འཚོལ་བ། དེ་ག་ནང་བཞིན་དེ་དག་གཞན་གྱི་དོན་དུ་བྱེད་པ་ནི་ང་ཚོ་ལ་གལ་ཆེ་ཤོས་ཀྱི་གནད་དོན་དེ་ཆགས་ཀྱི་ཡོད། ནང་ཆོས་ལ་སློབ་སྦྱོང་བྱེད་པ་དེས་ང་ཚོ་ལ་གང་སྟོན་གྱི་ཡོད་ཅེ་ན། ང་ཚོས་ཇི་ལྟར་བྱེད་དགོས་པ་དང་། དམིགས་ཡུལ་དེ་བསྒྲུབ་ཚུལ་གྱི་རིམ་པ་ཁག་སྟོན་གྱི་ཡོད།

ནང་ཆོས་སྦྱོངས། དེ་སང་གི་མི་རྣམས་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་རང་ཉིད་ཡང་དག་པ་ཞིག་དང་བདེ་སྐྱིད་ལྡན་པ་ཞིག་མིན་ནའང་། ད་དུང་ཁོང་ཚོར་གནོན་ཤུགས་ཆེན་པོ་ཚོར་གྱི་ཡོད། ཁྱེད་ཀྱི་ངོས་ནས་དེང་སང་གཞོན་སྐྱེས་ཚོ་ལ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་དེ་གང་རེད་དགོངས་ཀྱི་འདུག་གམ།

རི་མགོ་སྤྲུལ་སྐུ། ངའི་བསམ་པར། དེང་སང་གི་གཞོན་སྐྱེས་ཚོར་རེ་བ་མཐོ་པོ་དེ་འདྲ་ཡོད། དེ་ནི་ཁོང་ཚོའི་དཀའ་ངལ་གཙོ་བོ་འདྲ་པོ་མཐོང་གི་འདུག །ཁོང་ཚོས་“འཁོར་བ་”ཟེར་བ་དེ་དངོས་གནས་གང་ཡིན་ཡག་པོ་ཤེས་ཀྱི་མེད་པའི་བཟོ་འདྲ་འདུག །དེ་ཡང་འཛམ་གླིང་ནང་། གདུང་བ་དང་། སྡུག་བསྔལ། མི་དགེ་བ། སྐྱོན་གྱི་ཆ། མ་རིག་པ། དྲག་སྦྱོར་ལ་སོགས་པ་ཧ་ཅང་མང་པོ་ཡོད་ པ་དེ་དག་དེང་དུས་གཞོན་སྐྱེས་ཚོས་ཤེས་ཀྱི་མེད་པ་འདྲ་པོ་འདུག །འདི་ནི་གཞི་རྩ་ལྟ་བུ་རེད། འོན་ཀྱང་ང་ཚོས་མི་གཞན་ཚང་མ་ག་དུས་ཡིན་ནའང་ཡག་པོ་དང་། གཏོང་ཕོད་ཅན། ཡང་དག་པ་ཡིན་པའི་རེ་བ་བྱེད་མི་ཐུབ། 

བརྙན་པར། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། “དེང་སང་བཅུ་ཐོག་ན་གཞོན་ཚོར་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས།”

ང་ཚོས་ཕྱི་རོལ་གྱི་དཀའ་ངལ་འདི་དག་ཡོད་པ་ཤེས་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། ང་རང་ཚོ་སོ་སོའི་སེམས་ནང་དཀའ་ངལ་གྱི་རིགས་དེ་དག་ཡོད་པའང་ཤེས་དགོས། ང་ཚོས་དེ་གཏིང་ཟབ་པོའི་སྒོ་ནས་རྟོགས་པའི་སྐབས། དེས་ངོས་ལེན་ངེས་ཅན་ཞིག་དང་། དེ་ག་ནང་བཞིན་སྙིང་རྗེ་སྐྱེད་པར་བྱེད་ཀྱི་ཡོད། དེ་ནས་ང་ཚོས་མི་སུ་གཅིག་ཀྱང་སྐྱོན་བྲལ་ཡང་དག་མིན་པ་དང་། ང་ཚོ་མི་དགའ་ས་དང་སྣང་བར་མི་འགྲོ་བ་དེ་འདྲ་མཐོང་སྐབས་སྙིང་རྗེ་སྐྱེ་གི་ཡོད།

ནང་ཆོས་སྦྱོངས། ཁྱེད་རང་ག་དུས་ཡིན་ནའང་སྐྱིད་པོ་འདུག་གསུངས་ངེས་ཡིན་ནམ། གལ་སྲིད་མ་གསུངས་ན། སྐྱིད་པོ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ཁྱེད་ཀྱིས་སྡུག་བསྔལ་ལ་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་དམ།

རི་མགོ་སྤྲུལ་སྐུ། ང་རང་གང་ལ་གང་འཚམས་ཀྱི་སྐྱིད་པོ་ཡོད་བསམ་གྱི་འདུག །གང་ཡིན་ཟེར་ན། ངས་ཚང་མ་ཡང་དག་པ་ཡིན་པའི་རེ་བ་དེ་བྱེད་ཀྱི་མེད། ངས་རེ་བ་ཞེ་དྲགས་ཆེན་པོ་བྱེད་ཀྱི་མེད། ང་ལ་ཕལ་ཆེར་ཐོབ་རེ་དེ་འདྲ་མེད་པ་འདྲ་པོ་རེད། བྱས་ཙང་། ང་རང་འགྲིམ་འགྲུལ་མང་པོ་བྱེད་ཀྱི་ཡོད། ཡིན་ནའང་། ང་རང་ས་ཆ་གང་དུ་ག་དུས་འགྲིམ་འགྲུལ་བྱེད་ནའང་། སྐྱིད་པོ་ཚོར་གྱི་འདུག 

ངའི་བསམ་པར། བདེ་སྐྱིད་ནི་གཞི་རྩའི་ཐོག་ནས་བཤད་ན། སེམས་ཀྱི་ཞི་བདེ་རེད། དེ་ཡང་དཀྲོག་རྐྱེན་གང་ཡང་མེད་པའི་སེམས་རེད། སེམས་དཀྲོག་རྐྱེན་མེད་པར་ཡོད་པའི་ཚུལ་དེ་ཡང་གནད་དོན་རྣམས་ངོས་ལེན་དང་། སོ་སོ་གནས་སྟངས་གང་འདྲ་ཞིག་གི་ནང་དུ་ཡོད་ཀྱང་འགྲིག་གི་ཡོད་པ་དེ་ཤེས་རྟོགས་དགོས། དེ་ནི་སེམས་ཚོར་ལ་གདོང་ལེན་བྱེད་སྟངས་ཡག་པོ་ཞིག་ཀྱང་རེད། 

ནང་ཆོས་སྦྱོངས། ཧ་ཅང་འཚབ་འཚུབ་དང་བྲེལ་བའི་འཛམ་གླིང་འདིའི་ནང་མི་རྣམས་ཀྱིས་ལག་བསྟར་བྱས་ནས་ཁོང་ཚོ་སྔར་ལས་སྐྱིད་པ་ཞིག་ཡོང་བའི་འབུར་དུ་ཐོན་པའི་ཐབས་དེ་འདྲ་ཡོད་དམ།

རི་མགོ་སྤྲུལ་སྐུ། ངའི་བསམ་པར། བྲེལ་བ་ཚ་པོ་ཡོད་པ་དེ་སྡུག་བསྔལ་དང་བདེ་སྐྱིད་དང་དེ་ཙམ་འབྲེལ་བ་མེད། ཕྱོགས་གཅིག་ནས་བསམས་ན། ང་ཚོ་བྲེལ་བ་ཚ་པོ་ག་ཚོད་ཡོད་དང་མེད་དེ་ཆ་ཚང་སོ་སོ་ལ་རག་ལུས་ཡོད། འདིར་དཀའ་ངལ་དེ་གང་རེད་ཟེར་ན། མི་རྣམས་ཀྱིས་ལས་ཀ་གང་མང་མང་བྱས་ནས་རྒྱུ་དངོས་གང་མང་མང་ཐོབ་པ་དེ་ཚོད་ཀྱིས་བདེ་སྐྱིད་མང་བ་ཐོབ་ཀྱི་ཡོད་ཅེས་ཡང་སེ་བསམ་གྱི་ཡོད། འོན་ཀྱང་། དེ་ལྟར་བྱེད་པའི་རྒྱུད་རིམ་ནང་ཁོང་ཚོ་སེམས་ངལ་གནོན་ཤུགས་ཆགས་ནས་དེ་དག་ཐམས་ཅད་སྡུག་བསྔལ་གྱི་འབྱུང་ཁུངས་ཆགས་ཀྱི་ཡོད། ཐོག་མར་ང་ཚོས་ཧ་གོ་དགོས་པ་ཞིག་ནི། རྒྱུ་དངོས་མང་པོ་ཐོབ་པ་དང་། ལས་ཀ་མང་པོ་བྱེད་པས་དོན་དག་བསྒྲུབ་ཀྱི་མེད། གནད་དོན་གཙོ་བོ་ནི་སོ་སོའི་སེམས་ནང་ཆོག་ཤེས་རྙེད་པར་བྱེད་དགོས་ཀྱི་ཡོད། 

གལ་ཏེ་ཁྱེད་རང་བྲེལ་བ་ཚ་པོ་ཡོད་ནའང་། དེ་ནི་སྐྱིད་པོ་མེད་པ་ཆགས་པའི་རྒྱུ་མཚན་མ་རེད། དེ་ནི་ཁྱེད་ཀྱིས་དེ་ལ་ག་འདྲ་བྱས་ནས་འཇུག་གི་ཡིན་པ་ལ་རག་ལུས་ཡོད། མཚམས་རེར་གནས་སྟངས་ཧ་ཅང་གྲ་འགྲིག་པོ་དང་ཡག་པོ་ཡོང་བ་དང་། ཡང་མཚམས་རེར་ཡག་པོ་ཡོང་གི་མ་རེད། འོན་ཀྱང་། ང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་བྱེད་ཐུབ་ཀྱི་ཡོད་པས། དེ་ལྟར་བྱེད་དགོས། གལ་ཏེ་ངས་གང་ཐུབ་ཅི་ཐུབ་བྱས་ནས་གནས་སྟངས་ཡག་པོ་ཆགས་པའམ། དོན་དག་བསྒྲུབས་ན། དེ་ནི་ཧ་ཅང་ཡག་པོ་རེད། གལ་ཏེ་དོན་དག་མ་བསྒྲུབས་ན། ཐ་ན་སོ་སོའི་ངོས་ནས་གང་ཐུབ་བྱས་པ་དང་། དེ་ལས་ལྷག་པ་ཞིག་བྱ་རྒྱུ་མེད་པ་རེད། བྱས་ཙང་། གལ་སྲིད་ངས་ལས་དོན་དེ་ལྟར་བྱས་པ་ཡིན་ན། དེ་ལ་བརྟེན་ནས་ང་རང་ལ་ལྷོད་ཡངས་དང་སོས་དལ་ཞིག་ཡོང་གི་འདུག 

ནང་ཆོས་སྦྱོངས། ནང་ཆོས་ནི་བཟོད་བསྲན་ཆེན་པོ་དང་གནད་དོན་ལ་ངོས་ལེན་ཡོད་པ་ལ་རྒྱ་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད།  ཡིན་ནའང་། དེ་དང་མཉམ་དུ་ནང་ཆོས་དེ་ཧུར་བརྩོན་གྱི་རང་བཞིན་དང་མི་ལྡན་པ་ཞིག་སྟེ། ག་རེ་ཡོང་ནའང་ཡོང་། ཁྱད་པར་མེད། གཅིག་ལ་ཕྱིན་ནས་སྒོམ་རྒྱག་དགོས་ཟེར་བའི་བསམ་ཚུལ་ཞིག་ཡོད་པ་དེ་བདེན་པ་དག་སྐྱེལ་བྱས་པ་ཞིག་ཡིན་ནམ།

རི་མགོ་སྤྲུལ་སྐུ། དེ་ནི་དངོས་གནས་བསམ་ཚུལ་ནོར་བ་ཞིག་རེད་བསམ་གྱི་འདུག །ནང་ཆོས་ཀྱི་ལུགས་ལྟར་ན། ག་རེ་ཡོང་བ་ཡིན་ནའང་འགྲིག་གི་རེད་ཅེས་ཟེར་བའི་བསམ་ཚུལ་ཞིག་རྩ་ནས་མ་རེད། ཡིན་དང་ཡིན། ང་རང་ཚོ་དངོས་པོའི་གནས་ལུགས་དང་མཐུན་པ་དགོས་ལ། ང་ཚོར་གང་ཡོད་པ་དང་གང་དུ་ཡོད་པ་སོགས་ངོས་ལེན་བྱེད་དགོས་ཀྱི་ཡོད། འོན་ཀྱང་། གལ་ཏེ་ང་ཚོས་དེར་མཚམས་འཇོག་བྱས་ནས་བློས་གཏོང་བྱས་པ་ཡིན་ན། དེ་ནི་ཧུར་བརྩོན་གྱི་རང་བཞིན་དང་མི་ལྡན་པ་རེད། ཡིན་ནའང་། བྱེད་སྟངས་འདི་འདྲ་ཡིན་དགོས་པའི་ངེས་པ་མེད། 

ཁྱེད་ཀྱིས་བློས་གཏོང་བྱེད་མི་དགོས། ག་རེ་བྱུང་བ་དང་། ང་ཚོས་ཡག་སྡུག་ག་རེ་བྱས་པ་སོགས་ད་ནས་བཟུང་སྟེ་ང་ཚོས་བློས་གཏོང་བྱ་རྒྱུ་མེད། ང་ཚོས་རྗེས་མ་དེ་ལས་ཡག་ག་བྱེད་ཐུབ་པའི་ཐབས་ཚུལ་ལ་འབད་བརྩོན་བྱེད་ཆོག་པ་དང་། མུ་མཐུད་ནས་འབད་བརྩོན་བྱེད་དགོས། ཡིན་ནའང་སེམས་ངལ་གནོན་ཤུགས་དང་ཁོང་ཁྲོའི་ངང་ནས་བྱ་རྒྱུ་མེད། གནད་དོན་གལ་ཆེན་ཞིག་ནི། སོ་སོའི་སེམས་རང་དང་གཞན་གྱི་ཕྱོགས་སུ་མི་དགེ་བའི་ཚོར་བ་ཉར་རྒྱུ་མེད། གལ་སྲིད་ང་ཚོས་དེ་ལྟར་ཉར་བ་ཡིན་ན། ང་ཚོས་སོ་སོ་རང་ཉིད་ཡིད་ཐང་ཆད་པ་འདྲ་པོ་རེད། དེས་ཕན་ཐོགས་ཀྱི་མེད། 

ནང་ཆོས་སྦྱོངས། དེང་སང་མི་རྣམས་གང་ལ་གང་འཚམས་ཀྱི་ཁོང་ཁྲོ་ཚ་པོ་འདྲ་པོ་ཡོད། དེང་སང་ཁོར་ཡུག་ལ་གཏོར་སྐྱོན་དང་། འཛམ་གླིང་ཧྲིལ་པོའི་ནང་ལྐོག་ཟ་རུལ་སུངས་དང་། དཀྲོག་གཏམ་སོགས་དྲང་བདེན་མིན་པའི་གནས་ཚུལ་འདྲ་མིན་སྣ་ཚོཌ་པ་མཐོང་རྒྱུ་ལས་སླ་པོ་ཆགས་ཡོད། ང་ཚོས་སོ་སོ་རང་ཉིད་ནས་ནུས་ཤུགས་སྤེལ་ཏེ་འཛམ་གླིང་ལ་འགྱུར་བ་གཏོང་ཐུབ་བམ།

རི་མགོ་སྤྲུལ་སྐུ། ང་ཚོས་འཛམ་གླིང་ལ་འགྱུར་བ་གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག །ཡིན་ནའང་དེ་ལས་སླ་པོ་ཞིག་མེད། དེ་ལས་སླ་པོ་མེད་པ་ནི་དེ་ཁག་པོ་ཡོད་པའི་རྒྱུ་མཚན་གྱིས་མ་རེད། དེ་ལས་སླ་པོ་མེད་པའི་རྒྱུ་མཚན་ནི། ང་ཚོས་འབད་བརྩོན་བྱེད་ཀྱི་མེད་པས་རེད། ང་ཚོ་ཚང་མས་གཞན་རྣམས་སེམས་པ་བཟང་པོ་དང་། གཏོང་ཕོད་ཆེ་བ། ཕན་ཐོགས་པོ་ཡོང་བར་འདོད་ཀྱི་ཡོད། ང་ཚོས་མི་གཞན་དག་གིས་སྤྱོད་ཚུལ་ཡག་པོ་སྟོན་པ་དང་། བཟོད་སྒོམ་བྱེད་པ། བཟོད་ཡངས་ལྡན་པ་ཞིག་དགོས་པར་འདོད་ཀྱི་ཡོད། ང་ཚོས་མི་གཞན་དག་གིས་ལས་ཀར་ཧུར་བརྩོན་བྱེད་དགོས་པ་དང་བློ་གྲོས་དང་ལྡན་པ་བྱེད་དགོས་པར་འདོད་ཀྱི་ཡོད། འོན་ཀྱང་དེ་ལྟར་འདོད་པ་ནང་བཞིན་ཚང་མ་དེ་ལྟར་ཆགས་ཀྱི་མེད། བྱས་ཙང་། ང་ཚོས་སོ་སོ་རང་ཉིད་ནས་འགོ་འཛུགས་བྱེད་དགོས་ཀྱི་ཡོད། 

ང་ཚོ་ལ་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོད་པ་རེད། གལ་ཏེ་མི་རྣམས་ཀྱིས་དེ་དག་ལ་ཏོག་ཙམ་གོང་འཕེལ་གཏོང་ཐབས་བྱས་ན། ཁོང་ཚོ་མི་ཡག་པོ་ཆགས་རྒྱུ་ངེས་པ་རེད། གལ་ཏེ་འཛམ་གླིང་ནང་དེ་དག་ག་ཚོད་ཀྱི་མང་བ་ཡོད་པ་དེ་ཚོད་ཀྱིས་འཛམ་གླིང་འདི་ཡག་པོ་ཆགས་ངེས་རེད། འོན་ཀྱང་ང་ཚོས་གཞན་དག་ལ་དེ་དག་བྱེད་དགོས་ཞེས་བཙན་དབང་བྱེད་མི་ཐུབ་ལ། དེ་ལྟར་བྱེད་ཀྱི་རེད་བསམ་པའི་རེ་བ་ཡང་བྱེད་མི་ཐུབ། ང་ཚོས་སོ་སོ་རང་ཉིད་ཀྱི་རྒྱུད་ནས་འགོ་བཙུགས་ཏེ་ཁྱད་ཆོས་དེ་དག་རང་རྒྱུད་ལ་སྦྱོང་དགོས་ཀྱི་ཡོད། 

ནང་ཆོས་ཀྱི་ཉམས་ལེན་ནི་སོ་སོ་རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ་རེད། དེ་ལྟར་བྱེད་པ་ལ་བརྟེན་ནས་གཞན་དག་གིས་རིམ་པས་ཁྱད་ཆོས་དེ་དག་མི་ཚང་མ་ལ་ཕན་ཐོགས་ག་ཚོད་ཡོད་མེད་མཐོང་གི་རེད། ཐ་ན་ང་ཚོས་རྟོག་པའི་ནང་ངོས་ལེན་བྱས་ནས་བསམ་ཚུལ་དེ་ལ་རིན་ཐང་སྤྲད་པ་ཡིན་ནའང་། དེས་ཁྱད་པར་ཆེན་པོ་ཞིག་བཟོ་ཐུབ། 

གནད་དོན་ངན་པའི་རིགས་མང་པོ་ཡོད་པ་ནི་བཤད་མི་དགོས་པ་རེད། ཡིན་ནའང་དེ་དག་ལ་ཁོང་ཁྲོ་ཟ་བསྡད་པས་འགྱུར་བ་ཐེབས་ཀྱི་མ་རེད། གལ་སྲིད་ངས་དེའི་ཐད་ལ་ཁོང་ཁྲོ་དང་བཙན་ཤུགས་ཞེ་དྲགས་བྱས་ན། དོན་ངོ་མར་སོ་སོ་རང་ཉིད་དཀའ་ངལ་དེའི་ཆ་ཤས་སུ་འགྱུར་གྱི་ཡོད། སེམས་ལྷོད་ཡངས་དང་། བཟོད་སྒོམ་ལྡན་པ། ཞི་འཇམ་ཐོག་ཕུགས་རྒྱང་རིང་པོར་བསམས་ནས་ལས་ཀ་བྱ་རྒྱུ་དེ་ནི་དཀའ་ངལ་གྱི་རིགས་སེལ་བའི་ཐབས་ལམ་ཡག་ཤོས་དེ་ཡིན་པ་རེད། 

ནང་ཆོས་སྦྱོངས། མི་ཚེའི་ནང་མི་རྣམས་ལ་དཀའ་ངལ་དངོས་གནས་ཡོད་པའི་དུས་སྐབས་མང་པོ་ཡོད་པ་རེད། མི་རྣམས་ཀྱི་ལས་ཀ་ཤོར་བ་དང་། འཆི་རྐྱེན་བྱུང་བ། སེམས་འཚབ་ཤུགས་ཆེན་ཡོང་གི་ཡོད། དེ་འདྲའི་གནས་སྐབས་སུ་ང་ཚོས་གང་བྱེད་ཐུབ་བམ།

རི་མགོ་སྤྲུལ་སྐུ། ང་རང་ཐེངས་ཤིག་བྷེལ་ཇིམ་ Belgium ཡང་ན་ས་ཆ་དེ་འདྲ་ཞིག་ལ་ཡོད་པའི་སྐབས། བུད་མེད་གཅིག་སླེབས་ནས་ང་ལ་འདི་ལྟར་བཤད་སོང་། “ཨོའོ། ད་ངས་བཟོད་ཐུབ་ཐབས་མི་འདུག །རེ་བ་ཚང་མ་རྫོགས་སོང་། ང་རང་རང་ཤི་རྒྱག་གི་ཡིན།” ཞེས་ཟེར། མོ་རང་གི་དགའ་རོགས་དང་ལས་ཀ་ཤོར་སོང་། མོ་རང་ལ་དངུལ་མེད་པས་ཤི་འདོད་འདུག་ཅེས་ཟེར། ངས་མོ་རང་ལ། གལ་ཏེ་ཁྱེད་རང་ཤི་འདོད་ཡོད་ན། སུས་ཀྱང་ཁྱེད་རང་བཀག་འགོག་བྱེད་མི་ཐུབ། ཡིན་ནའང་མ་ཤི་སྔོན་ལ་ཁྱེད་རང་རྒྱ་གར་ལ་གཅིག་འགྲོ་གི་མིན་པས། ཡིན་ནའང་། “སྐུ་མཁྱེན། ད་ཁྱེད་རང་ལ་དངུལ་མེད་མ་གསུངས་རོགས། གང་ཡིན་ཟེར་ན། ཁྱེད་རང་ཤི་བའི་རྗེས་སུ་དངུལ་དགོས་ཡག་མེད།” ཅེས་བཤད་པ་ཡིན།

བརྙན་པར། རི་མགུལ་སྤྲུལ་སྐུ་རིན་པོ་ཆེ། “དཀའ་ངལ་ཅན་གྱི་དུས་སྐབས་སུ་གདོང་ལེན་བྱེད་པ།”

སྐབས་རེ་མི་རྣམས་རྒྱ་གར་དང་ས་ཆ་གཞན་ཁག་ལ་འགྲོ་གི་ཡོད། ཁོང་ཚོ་ཕྱིར་ལོག་སླེབས་སྐབས་འཛུམ་མདངས་ཆེན་པོའི་ངང་སླེབས་ཀྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོར་མི་ཚེ་ལ་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་པའི་ལྟ་ཚུལ་སྔར་ལས་མང་བ་རག་ཡོད་པས་ཡིན། དཔེར་ན། བུད་མེད་དེ་ཉི་ཧོང་ལ་ཕྱིན་པ་རེད། ཡིན་ནའང་མོ་རང་ཚུར་ལོག་སྤེབས་དུས་སྐྱིད་པོའི་ངང་ལོག་སོང་། བུད་མེད་དེས། ང་རང་ཉི་ཧོང་ལ་ཡོད་སྐབས་རི་ཞིག་གི་སྟེང་ནས་མར་ཟག་ནས་ཤི་གྲབས་བྱས་སོང་། མོ་རང་དེ་ནས་ཡར་ཐོན་མ་ཐུབ་པའི་སྐབས། མོས་“འདི་ནི་ངའི་མི་ཚེའི་མཐའ་མཇུག་རེད་”ཅེས་བསམས་འདུག

དེའི་སྐབས་སུ་མོས་དགའ་རོགས་མེད་པ་དང་། ལས་ཀ་མེད་པ། དངུལ་མེད་པའི་གནས་སྟངས་ཚང་མ་དྲན་པ་བརྗེད་ནས་དེ་གལ་གནད་ཆེན་པོ་འདྲ་ཞིག་མཐོང་མེད་པ་རེད། ཁོ་མོའི་བསམ་བློ་གཅིག་རང་ཡོད་པ་ནི། “ང་རང་འདི་ནས་གསོན་པོར་ཐར་ཐུབ་པ་ཞིག་བྱུང་ན། དེ་ནས་ང་རང་ཧ་ཅང་སྐྱིད་པོ་ཡོང་ངེས་རེད།” ཅེས་བསམས་ཡོད། མཐར་མོ་རང་ཉེན་ཁ་ལས་ཐར་ནས་སྐྱིད་པོའི་ངང་ཚུར་ལོག་སླེབས་པ་རེད། བྱས་ཙང་། དེ་དག་ཐམས་ཅད་ནི་ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་ཡིན། ང་ཚོས་ནམ་རྒྱུན་གནས་སྟངས་སྐྱོ་པོ་དང་སྡུག་ཅག་ཅིག་གི་ནང་ཡོད་བསམ་གྱི་ཡོད་ཀྱང་། དོན་ངོ་མར་གནས་སྟངས་དེ་ལས་ཀྱང་སྡུག་པ་ཡོང་སྲིད་པ་རེད། གནས་སྟངས་ཡག་སྡུག་གཉིས་ཀ་རྟག་ཏུ་ཡོད་པ་རེད། གལ་ཏེ་ང་ཚོས་དེ་འདྲ་ཡོད་པ་དེ་གསལ་པོ་ཧ་གོ་བ་ཡིན་ན། དེས་ཕན་ཐོགས་ཀྱི་ཡོད།

ཐེངས་ཤིག་གསར་འགོད་པ་ཞིག་གིས་༧གོང་ས་མཆོག་ལ། “ཁྱེད་ཀྱིས་དུས་རྟག་ཏུ་མི་རྣམས་ལ་རེ་བ་བཟང་ས་ནས་རྒྱག་དགོས་ཞེས་གསུང་གནང་གི་འདུག །ཡིན་ནའང་བོད་ཀྱི་གནས་སྟངས་ཐད་ག་རེ་དགོངས་ཀྱི་འདུག་གམ། རེ་བ་བཟང་ས་ནས་རྒྱག་པ་དེས་ཕན་ཐོགས་བྱུང་མེད། ད་དུང་གནས་སྟངས་སྔར་ལས་སྡུག་ཏུ་ཕྱིན་ཡོད་པས། དེར་རེ་བ་བཟང་ས་ནས་རྒྱག་དགོས་པའི་གནད་དོན་གང་ཡང་མི་འདུག” །ཅེས་དྲིས་པ་རེད། དེ་ལ་༧གོང་ས་མཆོག་ནས་ནམ་རྒྱུན་ལྟར་བཞད་གད་དང་བཅས། “ཁྱེད་རང་བདེན་པ་རེད། བོད་ནང་གི་གནས་སྟངས་དེ་ཕལ་ཆེར་ད་བར་སྡུག་ཤོས་འདྲ་པོ་ཆགས་ཡོད། དེ་འདྲ་ཡིན་པ་སོང་ཙང་། ཡར་རྒྱས་གཏོང་མི་ཐུབ་པ་གཅིག་ཀྱང་མེད། གནས་སྟངས་དེ་ང་ཚོས་ཡར་རྒྱས་གཅིག་པུ་ལས་གཏོང་ཐུབ་ཀྱི་མེད་ཙང་། དེ་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད།” ཅེས་གསུངས་ཡོད།

དེ་ག་ནང་བཞིན་ང་ཚོས་ག་རེ་ཡར་རྒྱས་གཏོང་ཐུབ་པའི་སྒང་ལ་དོ་སྣང་སྤྲོད་དགོས། དེས་ང་ཚོ་རེ་བ་བཟང་ས་ནས་རྒྱག་མཁན་ཞིག་བཟོས་ཚར་བ་རེད། བྱས་ཙང་། ༧གོང་ས་མཆོག་གི་བཀའ་ལན་དེ་ཧ་ཅང་ཡག་པོ་རེད། གང་ཡིན་ཟེར་ན། གལ་ཏེ་ང་ཚོ་གནས་སྟངས་ཧ་ཅང་ཐབས་སྡུག་གི་ནང་དུ་ཡོད་པ་དང་། ང་ཚོས། “ཨོའོ། འདི་ཧ་ཅང་སྡུག་ཅག་རེད། ང་རང་བློས་གཏོང་བྱེད་ཀྱི་ཡིན།” ཞེས་བཤད་ན། ང་ཚོ་ཤོར་བ་རེད། དེ་ལས་ལྡོག་སྟེ། གལ་ཏེ་ང་ཚོས། “གནས་སྟངས་འདི་ཐ་ན་ཏོག་ཙམ་ཞིག་ཡག་ཏུ་གཏོང་བར་ངས་གང་བྱེད་ཐུབ་བམ།” ཞེས་བསམས་པ་ཡིན་ན། དེ་ནས་ང་ཚོ་རེ་བ་བཟང་ས་ནས་རྒྱག་མཁན་ཆགས་ཚར་བ་རེད། དེ་ལྟ་བུའི་བསམ་བློ་གཏོང་ཕྱོགས་དེས་ང་རང་ཚོའི་ལྟ་ཚུལ་ལ་འགྱུར་བ་གཏོང་གི་ཡོད། 

ནང་ཆོས་སྦྱོངས། ཁྱེད་ཀྱིས་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་སྐོར་དཔེ་དེབ་བརྩམས་གནང་ཡོད། དེ་དག་ལས་ཁྱེད་ཀྱི་དགའ་ཤོས་དེ་གང་ཡིན་སྐོར་ང་ཚོར་གསུངས་རོགས་གནང་།

རི་མགོ་སྤྲུལ་སྐུ། ང་རང་དམངས་ཁྲོད་ཀྱི་སྒྲུང་གཏམ་ལ་དགའ་པོ་ཡོད། ད་དུང་ང་རང་ཊོལ་སི་ཊོ་ཡེའི་ Tolstoy སྒྲུང་གཏམ་ལའང་དགའ་པོ་ཡོད། ཁོང་གི་སྒྲུང་གཏམ་ཞིག་གི་ནང་། ལྷའི་ཕོ་ཉ་གཤོག་པ་བཀོག་པ་ཞིག་ཡོད་པ་དང་། ཕོ་ཉ་དེ་ལྷ་ཡུལ་ནས་འཛམ་བུ་གླིང་ནང་དུ་འགྲོ་བ་མི་རྣམས་ཀྱི་གནད་དོན་གལ་ཆེ་ཤོས་གསུམ་འཚོལ་དགོས་ཞེས་མངགས་གཏོང་བྱས་ཡོད།  དང་པོ། ཁོས་འགྲོ་བ་མི་རྣམས་ཀྱི་སེམས་ནང་བྱམས་རྩེ་ཡོད་པར་མཐོང་བ་དང་། གཉིས་པ། མི་རྣམས་ཀྱིས་སོ་སོ་ག་དུས་འཆི་རྒྱུ་ཡིན་པ་ཤེས་ཀྱི་མེད། གསུམ་པ། འགྲོ་བ་མི་རྣམས་གཞན་གྱི་བྱམས་བརྩེ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་པ་བཅས་ཤེས་པ་རེད། དེའི་རྗེས་ཁོང་གི་གཤོག་པ་རང་འཇགས་ཚུར་རག་ནས་གནམ་ལ་འཕུར་ཐུབ་པ་བྱུང་ཡོད། 

ནང་ཆོས་སྦྱོངས། ཁྱེད་རང་ལ་མཚོན་ན། སྒྲུང་གཏམ་དེ་ནང་ཆོས་དང་མཐུན་གྱི་ཡོད་དམ།

རི་མགོ་སྤྲུལ་སྐུ། མཐུན་གྱི་ཡོད། ནང་ཆོས་གཅིག་པུ་དང་མཐུན་གྱི་ཡོད་པ་ཙམ་མིན་པར། སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པའི་གོ་ལ་སྤྱིའི་ཆོས་དང་མཐུན་གྱི་ཡོད། སྐྱེས་བུ་དམ་ཟེར་བ་ནི། གང་ཟག་གང་ཞིག་རང་དོན་ཡོངས་སུ་བློས་གཏོང་བྱེད་མཁན་ཞིག་རེད། བྱས་ཙང་། ཁོང་ཚོའི་ཆོས་ནི། བྱམས་བརྩེ་ཡིན་དགོས། དེ་ཡང་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་མཉམ་པ་དགོས་ཀྱི་ཡོད། དེ་ནི་ནང་ཆོས་ཀྱི་སྙིང་པོ་དེ་རེད། དེ་ག་ནང་བཞིན་ཆོས་ལུགས་ཆེ་ཁག་ཚང་མའི་སྙིང་པོ་དེ་ཡིན་པ་བཤད་མི་དགོས་པ་རེད། 

ནང་ཆོས་སྦྱོངས། ཁྱེད་ཀྱི་སྐོར་ལ་“བླ་མ་ལེ་ལོ་ཅན་”ཟེར་བའི་གློག་བརྙན་ཞིག་འདུག །མིང་དེ་ག་ནས་བྱུང་བ་རེད་དམ།

རི་མགོ་སྤྲུལ་སྐུ། དེ་ནི་ངའི་སློབ་མ་རྣམས་ཀྱིས་ངའི་ཆོས་ཁྲིད་ཀྱི་རྒྱུ་ཆ་རྣམས་ལ་“བླ་མ་ལེ་ལོ་ཅན་གྱིས་སྒོམ་ལ་གཟིགས་པ་” ཞེས་པའི་དཔེ་དེབ་ཆུང་ཆུང་ཞིག་བསྐྲུན་ཡོད་པ་དེ་ལས་བྱུང་བ་རེད། ང་རང་ལེ་ལོ་ཅན་ཞིག་ཡིན། དེ་ངས་ལས་ཀ་བྱེད་ཀྱི་མེད་པའི་རྒྱུ་མཚན་གྱིས་ལེ་ལོ་མ་རེད། ངས་ལས་དོན་མང་པོ་བྱེད་ཀྱི་ཡོད་ལ་འགྲིམ་འགྲུལ་མང་པོ་བྱེད་ཀྱི་ཡོད། ཡིན་ནའང་། ང་རང་ཆུ་ཚོད་མང་པོ་སྒོམ་རྒྱག་ཐུབ་ཀྱི་མེད། དེ་ནི་ལེ་ལོ་ཡོད་པའི་རྒྱུ་མཚན་གྱིས་རེད་བསམ་གྱི་འདུག

ནང་ཆོས་སྦྱོངས། ང་ཚོ་ལྟ་བུ་ལེ་ལོ་དང་བྲེལ་བ་གཉིས་ཀ་ཡོད་མཁན་ཚོའི་ཆེད་དུ་ཁྱེད་ཀྱིས་ང་ཚོའི་ཉིན་རེའི་མི་ཚེའི་ནང་ཕན་ཐོགས་པའི་སྐར་མ་ལྔའི་རིང་གི་སྒོམ་ཐུན་ཐུང་ངུ་ཞིག་སློབ་སྟོན་གནང་རོགས།

རི་མགོ་སྤྲུལ་སྐུ། ལས་དོན་གང་འདྲ་ཞིག་ཐོག་མར་འགོ་འཛུགས་བྱེད་པའི་སྐབས། ཡག་ཤོས་ཤིག་ནི་སོ་སོའི་ཀུན་སློང་ལ་ལྟ་ཞིབ་བྱ་རྒྱུ་དེ་རེད་བསམ་གྱི་འདུག །དེ་ཡང་། དཔེར་ན། སོ་སོས་ག་རེ་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་པ། ངས་དེ་ལྟར་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་གང་ཡིན་ནམ། དེ་འདྲའི་ཀུན་སློང་ཞིག་ཡོད་ན། དེ་ནས་ང་ཚོ་གང་དུ་འགྲོ་བཞིན་ཡོད་པ་དང་། གང་ཞིག་ལ་སྦྱོང་བརྡར་བྱེད་དགོས་པའི་ཐད་ལ་ཧ་ཅང་གསལ་པོ་ཆགས་ཐུབ་ཀྱི་རེད། 

ནང་ཆོས་ནི་སྒོམ་གཅིག་པུའི་སྐོར་ལ་མ་རེད། དེ་ནི་དགོས་ངེས་རིགས་ཆ་ཚང་ཚུད་པའི་སྦྱོང་བརྡར་ཞིག་རེད། མི་རྣམས་ཀྱིས་ནམ་རྒྱུན་སྒོམ་རྒྱག་མི་ཐུབ་བསམ་པ་དང་། དུས་ཚོད་མེད་བསམ་གྱི་ཡོད། བྱས་ཙང་། ཁོང་ཚོས་ནང་ཆོས་ཉམས་ལེན་བྱེད་ཐུབ་ཀྱི་མེད། འོན་ཀྱང་། ང་ཚོས་སྒོམ་མེད་པའི་ཐོག་ནས་ཀྱང་ནང་ཆོས་ཉམས་ལེན་བྱེད་ཆོག་པ་ཡིན། ད་དུང་འཕགས་པའི་ལམ་ཡན་ལག་བརྒྱད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་སློབ་སྦྱོང་བྱ་རྒྱུ་ཡོད། དེ་ག་ནང་བཞིན་ཁྱེད་ཀྱིས་སེམས་བཟང་པོ་གཅིག་པོ་ཉམས་ལེན་བྱེད་ནའང་འགྲིགས། དེ་ནི་ཉམས་ལེན་ཆེན་པོ་ཞིག་རེད། དེ་ཉམས་ལེན་བྱེད་པར་དུས་ཚོད་དང་ས་ཆ་དམིགས་བསལ་ཞིག་དགོས་ཡག་མེད། 

དེ་ནི་གནད་དོན་གཙོ་བོ་དེ་རེད། ངང་རྒྱུད་རིང་པོ་དང་། བཟོད་སྒོམ། ཚུལ་ལྡན་གྱི་སྤྱོད་ལམ་སྟོན་པ་སོགས་ང་ཚོས་སོ་སོའི་མི་ཚེའི་ཆ་ཤས་སུ་བཟོ་དགོས་ཀྱི་ཡོད། དེ་དག་ང་ཚོས་ཉིན་མ་གཅིག་ལ་སྐར་མ་ཁ་ཤས་དུས་ཚོད་གཏོང་སའི་ཞོར་ལས་འཕར་མ་ཙམ་ཞིག་མི་ཆགས་པར་བྱེད་དགོས། ང་ཚོས་ཆོས་རྣམས་ཇི་ལྟར་མཐོང་བ་དང་། ཆོས་རྣམས་ལ་ཡ་ལན་ཇི་ལྟར་སྤྲོད་པ། སོ་སོའི་མི་ཚེ་ཇི་ལྟར་སྐྱེལ་བའི་ཚུལ་རྣམས་ནི་ཆོས་ཉམས་ལེན་ངོ་མ་དེ་ཡིན་པ་རེད།།    

རི་མགུལ་སྤྲུལ་སྐུ་རིན་པོ་ཆེ་དང་ལྷན་དུ་བརྙན་འཕྲིན་དེ་ལས་མང་བ་གཟིགས།

Top