༧གོང་ས་མཆོག་ནས་བདེན་པ་བཞིའི་སྐོར།

ངོ་སྤྲོད།

རྒྱ་གར་འཕགས་པའི་ཡུལ་དུ་ཡོངས་སུ་གྲགས་པའི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་པ་བཞིའི་སྐོར་ཆོས་གསུངས་གནང་བ་རེད། བདེན་པ་བཞི་ནི། སྡུག་བསྔལ་བདེན་པ་དང། སྡུག་བསྔལ་གྱི་རྒྱུའམ་ཀུན་འབྱུང་བདེན་པ། སྡུག་བསྔལ་འགོག་པའམ་འགོག་པའི་བདེན་པ། སྡུག་བསྔལ་གྱི་འགོག་པ་ཐོབ་པར་བྱེད་པའི་ལམ་གྱི་བདེན་པ་བཅས་ཡིན། ཕྱག་དཔེ་མང་པོའི་ནང་དུ་དབྱིན་སྐད་ཐོག་བདེན་པ་བཞི་ཡི་སྐོར་མང་པོ་ཡོད་ཅིང་། དེ་ཚོ་ཚང་མ་ཡོངས་སུ་གྲགས་པ་ཞིག་རེད། འདི་ཚོ་བཞིའི་ནང་དུ་རྣམ་པ་མང་པོ་བསྡུས་ཏེ་ཆ་ཚང་བ་ཞིག་ཡིན།

སྤྱིའི་ཆ་ནས་བདེན་པ་བཞི་ལ་ཆ་བཞག་ན། ང་ཚོ་སུ་ཡིན་ཡང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་དངོས་ཡོད་ཡིན་ཞིང། ང་ཚོས་བདེན་པ་བཞི་ཀའི་ཐར་པའི་ཆ་དང་ཉོན་མོངས་ཀྱི་ཆ་གཉིས་ཀའི་འབྲས་བུ་དང་རྒྱུ་རྣམས་བརྗོད་ཐུབ་ཀྱི་ཡོད། སྡུག་བསྔལ་བདེན་པ་དང་ཀུནའབྱུང་བདེན་པ་ནི་ང་ཚོས་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ཉོན་མོངས་པའི་ཆ་ནས་བཞག་པ་ཡིན་ལ། འགོག་བདེན་དང་ལམ་བདེན་གཉིས་ནི་ང་ཚོས་འདོད་པའི་ཐར་པ་དང་དེའི་རྒྱུའི་ཆ་ནས་བཞག་པ་ཡིན།

སྡུག་བསྔལ་བདེན་པ།

ང་ཚོས་སྡུག་བསྔལ་གྱི་རིགས་མི་འདྲ་བ་མང་པོ་མྱོང་གི་ཡོད། དེ་དག་ཐམས་ཅད་སྡེ་ཚན་གསུམ་དུ་བསྡུས་ཡོད་པ་ནི། སྡུག་བསྔལ་གྱི་སྡུག་བསྡལ་དང། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་ནི། མགོ་ན་བ་ལ་སོགས་པའི་ཚོར་བ་མི་བདེ་བ་རྣམས་ལ་གོ་གི་ཡོད། སྡུག་བསྔལ་འདིའི་རིགས་ནི་ཐ་ན་དུད་འགྲོ་རྣམས་ནས་ཀྱང་ངོས་འཛིན་ཐུབ་ཀྱི་ཡོད་པ་དང་། ང་ཚོ་ནང་བཞིན་སྡུག་བསྔལ་དེ་དག་ལས་བྲལ་འདོད་ཀྱི་བསམ་པ་ཡོད། སྡུག་བསྔལ་འདིའི་རིགས་ལ་འགྲོ་བ་རྣམས་ཞེད་སྣང་དང་། མི་བདེ་བ། བདེ་སྐྱིད་མེད་པའི་ཚོར་བ་མྱོང་གི་ཡོད་པས། ཁོང་ཚོས་སྡུག་བསྔལ་དེ་དག་ལས་ཐར་བའི་ཆེད་བྱེད་སྒོ་འདྲ་མིན་ལ་འཇུག་གི་ཡོད། 

འགྱུར་བའི་སྡུག་བསྔལ་ནི་ཉོན་མོངས་ཅན་ ༼ཟག་བཅས་བདེ་བའི་ཚོར་བ་༽ གྱི་ཚོར་བ་ཞིག་ལ་གོ་བ་ཡིན། དེ་ལྟ་བུའི་ཟག་བཅས་ཀྱི་བདེ་བ་དེ་ནི་ཉོན་མོངས་ལས་འབྱུང་གི་ཡོད། དཔེར་ན། ང་ཚོ་ལྷོད་ཡངས་དང་བདེ་པའི་ངང་གནས་པའི་སྐབས། ཐོག་མར་ཚང་མ་འགྲིག་པ་ལྟ་བུ་སྣང་ཡང་། གང་མཚམས་ཤིག་ནས་ཚོར་བ་བདེ་བ་དེ་བརླག་འགྲོ་གི་རེད། དེ་འགྱུར་བ་ཕྱིན་པ་དང་ང་ཚོའི་སེམས་དལ་ལྷོད་མེད་པ་དང་བདེ་པོ་མེད་པ་ཆགས་ཀྱི་ཡོད།

རྒྱལ་ཁབ་འགའ་ཤས་ནང་དུ་ང་ཚོས་ནད་ན་ཚ་དང་དབུལ་འཕོང་གི་དཀའ་ངལ་མང་པོ་མཐོང་གི་ཡོད། འདི་ཚོ་ནི་སྡུག་བསྔལ་གསུམ་གྱི་ནང་ནས་སྡེ་ཚན་དང་པོ་དེ་རེད། ཚང་མས་སྡུག་བསྔལ་འདི་ཚོ་ནི་མེད་པ་བཟོ་རྒྱུ་དང་ཡར་རྒྱས་གཏོང་རྒྱུ་ཡོད་པའི་སྡུག་བསྔལ་ཞིག་ཡིན་པ་རྟོགས་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་མང་ཆེ་བའི་ནང་དབུལ་འཕོང་གི་དཀའ་ངལ་དེ་ཙམ་འཕྲད་ཀྱི་མེད་ཀྱང། ཕྱི་དངོས་པོའི་ཡར་རྒྱས་ཚད་མཐོན་པོ་ཡོད་ས་དེར་དཀའ་ངལ་གྱི་རིགས་འདྲ་མིན་ཡོད། ཐོག་མར་ང་ཚོའི་མི་ཐོག་གོང་མ་རྣམས་ལ་ཕྲད་པའི་དཀའ་ངལ་ལས་ཐར་བར་དགའ་སྣང་ཡོང་སྲིད་ཀྱང་། ང་ཚོ་དཀའ་ངལ་ངེས་ཅན་ཞིག་སེལ་བ་དང་དཀའ་ངལ་གསར་པ་ཞིག་ཡོང་གི་ཡོད། ང་ཚོར་དངུལ་དང་ཟས་མང་པོ་ཡོད་པ་དང་སྡོད་སའི་ཁང་པ་ཡག་པོ་ཡོད་ཀྱང་། དངོས་པོ་འདི་ཚོའི་རིན་ཐང་ལ་སྒྲོ་འདོགས་བྱས་དྲགས་ནས་མཐའ་མར་དངོས་པོ་འདི་ཚོའི་རིན་ཐང་མེད་པ་བཟོ་བཞིན་ཡོད། འདི་ལྟ་བུའི་མྱོང་བའི་རིགས་ལ་འགྱུར་བའི་སྡུག་བསྔལ་ཟེར། 

གང་ཟག་སྐྱོ་བོའམ་མཁོ་ངེས་ཀྱི་ཆ་རྐྱེན་མེད་པའི་མི་ཞིག་གིས་མོ་ཊའམ་གཟུགས་མཐོང་བརྙན་འཕྲིན་ལེ་ལག་ཆ་ཚང་ཞིག་བྱུང་ན་སྐྱིད་པོ་ཞེ་དྲག་ཡོང་གི་ཡོད་པའི་བསམ་ཚུལ་ཡོད་པ་དང་། གལ་ཏེ་ཁོང་ལ་དེ་དག་ལག་སོན་བྱུང་བའི་སྐབས། ཐོག་མར་སྐྱིད་པོ་དང་འདོད་པ་ཚིམས་པའི་ཚོར་བ་ཞིག་ཡོང་གི་རེད། གལ་ཏེ་འདི་ལྟ་བུའི་བདེ་བ་དེ་རྟག་པ་ཡིན་ན། ཁོང་ལ་ཇི་སྲིད་མོ་ཊ་དང་བརྙན་འཕྲིན་དེ་དག་ཡོད་པའི་བར་བདེ་སྐྱིད་ངང་གནས་དགོས་ཀྱི་རེད། ཡིན་ནའང་དེ་འདྲ་ཞིག་ཡོང་གི་མེད་པར། བདེ་སྐྱིད་དེ་བརླག་འགྲོ་གི་ཡོད། ཟླ་བ་ཁ་ཤས་སོང་བའི་རྗེས་སུ་མོ་ཊའི་རིགས་གཞན་ཞིག་འདོད་པ་དང་། གལ་སྲིད་དངུལ་ཡོད་ན་བརྙན་འཕྲིན་སྔར་ལས་ཡག་ག་ཞིག་ཉོ་གི་རེད། སྔར་ཁོང་ལ་འདོད་བློ་ཁེངས་པའི་ཚོར་བ་སྦྱིན་མཁན་གྱི་དངོས་པོ་རྙིང་པ་དེ་ག་རང་གིས་ད་ལྟ་འདོད་བློ་མ་ཁེངས་པའི་རྒྱུ་བྱེད་ཀྱི་ཡོད། དེ་ནི་འགྱུར་བའི་རང་བཞིན་ཡིན་ཞིང་། འགྱུར་བའི་སྡུག་བསྔལ་གྱི་དཀའ་ངལ་ཡིན། 

ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་གྱི་རིགས་གསུམ་པ་དེ་རེད། འདི་ནི་ཉོན་མོངས་ཅན་ནམ་ཟག་བཅས་ཀྱི་འཚོ་བ་གསུམ་ལས། འདི་ནི་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་དེ་ལ་གོ་བ་ཡིན། སྤྱིའི་ཆ་ནས་འདི་ནི་ཟག་བཅས་ཀྱི་ཕུང་པོར་གོ་གི་ཡོད། ཉོན་མོངས་ལས་བྱུང་བའི་ཟག་བཅས་ཀྱི་གཟུགས་དང་། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཅས་ཡིན། འདི་ནི་སྡུག་བསྔལ་གྱི་རིགས་སྔ་མ་གཉིས་ཀྱི་གཞི་རྟེན་བྱེད་ཀྱི་ཡོད་པ་སོང་ཙང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར།

ཡར་ཐོན་ཕྱིན་པའི་རྒྱལ་ཁབ་ནང་དུའང་གང་ཟག་འགའ་ཞིག་གིས་སྡུག་བསྔལ་གྱི་རིགས་གཉིས་པ་འགྱུར་བའི་སྡུག་བསྔལ་ལས་ཐར་བའི་འདོད་པ་ཡོད་སྲིད། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་ལ་ཉོབ་ནས་ཁོང་ཚོས་བཏང་སྙོམས་ཀྱི་ཚོར་བར་བསྟེན་གྱི་ཡོད། ཡིན་ནའང་ཚོར་བ་དེ་ལྟ་བུར་ཆགས་པའི་རྐྱེན་གྱིས་གཟུགས་མེད་ཁམས་ཀྱི་སེམས་ཅན་ལ་སྐྱེ་བ་ལེན་པར་བྱེད་ཀྱི་རེད། ཁམས་འདིའི་ནང་གནས་མཁན་གྱི་འགྲོ་བ་ལ་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པ་ཡིན།

སྡུག་བསྔལ་གྱི་རིགས་དང་པོ་གཉིས་ལས་ཐར་བར་འདོད་པ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཐར་བར་བྱེད་པའི་ཀུན་སློང་གཙོ་བོ་མིན། བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་གྱི་རིགས་གསུམ་ལས་རིགས་གསུམ་པ་ནི་སྡུག་བསྔལ་ཀུན་གྱི་རྩ་བ་ཡིན་གསུངས་ཡོད། དེ་ལ་བརྟེན་ནས་འཁོར་བ་ལས་ཐར་བར་ང་ཚོས་སྡུག་བསྔལ་བདེན་པ་ལས་བྲལ་དགོས་པ་དང་ཁྱད་པར་དུ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་ཐར་དགོས། འདི་ནི་ངེས་འབྱུང་གི་དགོས་དམིགས་དེ་རེད།

མི་འགའ་ཞིག་གིས་ཁོང་ཚོའི་སྡུག་བསྔལ་འདི་ནི་ད་ལྟའི་མིའི་ལུས་རྟེན་འདི་ལས་བྱུང་བ་དང་མི་ལུས་འདི་མཚམས་བཅད་ན་རྗེས་སུ་དཀའ་ངལ་གང་ཡང་མེད་པར་བསམས་ནས་རང་ཤི་རྒྱག་གི་ཡོད། འོན་ཀྱང་གནས་སྟངས་དེ་འདྲ་མ་རེད། སྐྱེ་བ་ཕྱི་མ་ཡོད་པ་རེད། སྡུག་བསྔལ་གྱི་རིགས་གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། སྐྱེ་བ་ཕྱི་མའི་ཟག་བཅས་ཀྱི་ཕུང་པོ་འདི་ལས་དང་ཉོནམོངས་ཀྱི་སྟོབས་ལས་འབྱུང་གི་ཡོད། ང་ཚོས་བསམ་བློ་གཏིང་ཟབ་མོ་ཞེ་དྲག་མ་བཏང་བའི་སྒོ་ནས། ད་ལྟའི་ང་ཚོའི་ཟག་བཅས་ཀྱི་ཕུང་པོ་འདི་སྐྱེ་བ་སྔ་མའི་ལས་དང་ཉོན་མོངས་ཀྱི་སྟོབས་ལས་བྱུང་བ་དེ་མཐོང་ཐུབ་ཅིང། ང་ཚོར་ད་ལྟའི་ཕུང་པོ་འདི་ཡོད་པའི་རྒྱུ་མཚན་གྱིས་སྐྱེ་བ་ཕྱི་མའི་ཟག་བཅས་ཀྱི་ཕུང་པོ་གྲུབ་པར་བྱེད་པའི་རྒྱུ་ཁོང་ཁྲོ་དང་འདོད་ཆགས་རྣམས་སྐྱེ་བར་བྱེད་ཀྱི་ཡོད།

ང་ཚོའི་ཟག་བཅས་ཀྱི་ཕུང་པོ་འདི་ནུས་པ་སྤྲོད་མཁན་ལྟ་བུ་ཡིན་པ་དང་དེས་ངན་འགྲོའི་གནས་འདི་ཐོབ་འཇུག་གི་ཡོད། འདི་ནི་ལས་དང་ཉོན་མོངས་མུ་མཐུད་སྐྱེ་བར་བྱེད་པའི་གནས་ཤིག་ཡིན། ཕྱོགས་གཞན་ནས་ང་ཚོའི་ཟག་བཅས་ཀྱི་ཕུང་པོ་འདི་ཉིད་ཉོན་མོངས་ལ་བརྟེན་ནས་སྐྱེས་ཀྱི་ཡོད་པ་སོང་ཙང། དེ་ཚོ་ད་ལྟ་ཉོན་མོངས་ཀྱི་བསླད་དེ་གནས་ཡོད། དོན་དངོས་སུ་ཉོན་མོངས་ཀྱི་གཞན་དབང་དུ་ཕྱིན་ནས་ཕུང་པོ་འདི་ཚོས་ཉོན་མོངས་མུ་མཐུད་བསྐྱེད་པར་རོགས་བྱེད་པ་དང་དགེ་བའི་སེམས་བསྐྱེད་པར་ཐག་རིང་དུ་བཏང་གི་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་ཀའི་འབྱུང་ཁུངས་དེ་མཐར་གཏུགས་ན་འདོད་ཆགས་དང་སྲེད་པས་བསླད་པའི་ཕུང་པོ་དེར་ཐུག་གི་ཡོད།

ཕལ་ཆེར་ང་ཚོས་སྡུག་བསྔལ་ཚང་མའི་རྒྱུ་ནི་ཟག་བཅས་ཀྱི་ཕུང་པོ་ཡིན་པར་རྟོགས་དུས་དེ་ལས་ཐར་རྒྱུའི་ལམ་དེ་རང་ཤི་རྒྱག་རྒྱུ་ཡིན་པ་བསམ་སྲིད། འོ་ན་གལ་ཏེ་སེམས་ཀྱི་རྒྱུན་ཞིག་མེད་པ་དང་སྐྱེ་བ་ཕྱི་མ་མེད་པ་ཡིན་ན། འགྲིག་གི་ཡོད། གལ་ཏེ་ང་ཚོར་བློ་ཁོག་ཡོད་ན་ང་ཚོས་རང་ཉིད་ཀྱི་སྲོག་གཅོད་ཐུབ་ཀྱི་ཡོད། ཡིན་ནའང་ནང་པའི་ལྟ་ཕྱོགས་སུ་གནས་སྟངས་དེ་ལྟར་མིན་ཏེ། ང་ཚོའི་ཤེས་པ་དེ་མུ་མཐུད་ནས་འགྲོ་གི་ཡོད། ང་ཚོའི་རང་ཉིད་ཀྱི་སྲོག་གཅོད་པ་ཡིན་ནའང་། ཟག་བཅས་ཀྱི་ཕུང་པོ་གཞན་ཞིག་ལེན་དགོས་ཀྱི་ཡོད་པ་དང་དེ་ཡང་བསྐྱར་སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་མྱོང་སའི་རྟེན་བྱེད་ཀྱི་ཡོད། གལ་ཏེ་ང་ཚོ་དངོས་གནས་སྡུག་བསྔལ་ཡོངས་རྫོགས་དང་། ང་ཚོའི་མི་ཚེའི་ནང་མྱོང་བའི་དཀའ་ངལ་ཚང་མ་དང་བྲལ་འདོད་ཡོད་ན། སྡུག་བསྔལ་ཚང་མའི་གཞི་རྟེན་ཡིན་པའི་ཟག་བཅས་ཀྱི་ཕུང་པོ་སྐྱེ་བར་བྱེད་མཁན་གྱི་རྩ་བའི་རྒྱུ་དེ་དག་སྤོང་དགོས་ཀྱི་ཡོད། རང་ཤི་རྒྱག་པའམ་རང་གི་སྲོག་རང་གིས་གཅོད་པ་དེས་དཀའ་ངལ་སེལ་གྱི་མ་རེད།

ཀུན་འབྱུང་བདེན་པ། ༼རྒྱུ་དངོས།༽

གནད་དོན་དེ་འདྲ་ཡིན་པ་སོང་ཙང་། ད་ང་ཚོས་སྡུག་བསྔལ་གྱི་རྒྱུ་རྩད་གཅོད་བྱེད་དགོས། དེ་ལ་རྒྱུ་ཡོད་དམ་མེད། གལ་ཏེ་ཡོད་ན། རྒྱུ་གང་འདྲ་ཞིག་ཡོད། རང་བཞིན་གྱི་རྒྱུ་སྤོང་ཐབས་མེད་པ་ཞིག་ཡོད་དམ། ཡང་ན་རྒྱུ་གང་ཞིག་རང་རྒྱུ་ལ་བརྟེན་པ་ཞིག་ཡོད་པས་སྤོང་ཐུབ་བམ། གལ་ཏེ་རྒྱུ་དེ་སྤོང་ཐུབ་པ་ཞིག་ཡིན་ན། ང་ཚོས་དེ་སྤོང་ཐུབ་བམ། དེར་བརྟེན། བདེན་པ་གཉིས་པ་ཀུན་འབྱུང་བདེན་པ་ཡོང་གི་ཡོད། དེ་ནི་ཀུན་འབྱུང་བདེན་པའམ་སྡུག་བསྔལ་གྱི་རྒྱུ་ངོ་མ་ཡིན་པ་རེད། 

དེ་ལ་བསམས་ན། ནང་ཆོས་ནང་སངས་རྒྱས་ནི་བླ་ན་མེད་པའི་གང་ཟག་ཅིག་ཡིན་ནའང་། དེས་འཇིག་རྟེན་བཀོད་པ་པོ་མི་འདོད། སངས་རྒྱས་ལ་ཚེ་སྲོག་གསར་པ་སྐྲུན་པའི་ནུས་པ་མེད་པར་འདོད་པ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། སངས་རྒྱས་ཀྱིས། སྐྱེ་བ་ཕྱི་མའི་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསྐྲུན་མི་ཐུབ། དེ་འདྲ་ཡིན་དུས། ད་སྡུག་བསྔལ་གྱི་རྒྱུ་གང་ཡིན་ནམ། 

སྤྱིར་བཏང་ནས་མཐར་ཐུག་གི་འབྱུང་ཁུངས་ནི་སེམས་ཡིན། དེ་ཡང་བྱེ་བྲག་ཏུ་ཁོང་ཁྲོ་དང་། ཆགས་སེམས་། ཕྲག་དོག །བྱིས་བློའི་རང་བཞིན་ནམ་གཏི་མུག་ལ་སོགས་པའི་ཉོན་མོངས་ཀྱི་དབང་འོག་ཏུ་ཡོད་པའི་སེམས་ནི་སྐྱེ་བ་དང་དེའི་དཀའ་ངལ་ཀུན་གྱི་རྒྱུ་གཙོ་བོ་དེ་ཡིན། འོན་ཀྱང་སེམས་ཀྱི་རྒྱུན་མེད་པ་བཟོ་ཐབས་རྩ་བ་ནས་མེད། དེར་མ་ཟད། སེམས་ཤིན་ཏུ་ཕྲ་བའི་རང་བཞིན་འོད་གསལ་བ་དེའི་རང་གཤིས་ལ་སྐྱོན་ཆ་གང་ཡང་མེད། སེམས་རང་གི་ངོ་བོ་ཐོག་མ་ནས་གཙང་ཞིང་ཡོངས་སུ་དག་པ་ཡིན། འོན་ཀྱང་སེམས་ཤིན་ཏུ་ཕྲ་བའི་རང་བཞིན་འོད་གསལ་བ་དེ་ལ་ཉོན་མོངས་དང་བསམ་བློ་ངན་པའི་སྐྱོན་ཞུགས་ཆོག་པ་ཡིན། བྱས་ཙང་། དྲི་བ་ནི་ང་ཚོས་ཁོང་ཁྲོ་དང་། ཆགས་སེམས་སོགས་ཉོན་མོངས་རྣམས་ལ་གདོང་ལེན་བྱེད་ཐུབ་བམ་མི་ཐུབ་ཅེས་པ་འདི་ཡིན། གལ་སྲིད་ང་ཚོས་དེ་དག་རྩ་བ་ནས་མེད་པ་བཟོ་ཐུབ་ན། སྡུག་བསྔལ་གྱི་རྒྱུ་ལས་གཏན་དུ་ཐར་བའི་སེམས་ཀྱི་རང་བཞིན་གཙང་མ་སྟེ། འོད་གསལ་བ་དེའི་ཐོག་གནས་ཐུབ། 

དེ་ལ་བརྟེན་ནས་ང་ཚོར་ཉོན་མོངས་དེ་དག་ཡོང་གི་ཡོད། དེ་དག་ནི་སེམས་བྱུང་གི་རིགས་ཡིན། སེམས་ཀྱི་ཐོག་གོ་སྡུར་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད། འོན་ཀྱང་སྤྱིར་བཏང་སེམས་ནི་ཡིད་ཀྱི་བྱེད་ལས་དང་དེའི་མཚན་ཉིད་གསལ་ཞིང་རིག་པ་ཙམ་ཡིན། དེའང་བློའི་ངོར་ཡུལ་སྣང་བའམ་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ཞིག་འཆར་བ་དང་དུས་མཉམ་དུ་དེའི་རྟོགས་པ་ལས་གཞན་གང་ཡང་མ་ཡིན། ཁོང་ཁྲོ་དང་འདོད་ཆགས་ལྟ་བུའི་ཉོན་མོངས་སྐོར་ཤོད་སྐབས། དེ་དག་གིས་སེམས་ཀྱི་བྱེད་ལས་ལ་ཤུགས་གནོན་དང་སྐྱོན་ཇི་ལྟར་བྱེད་ཚུལ་ང་ཚོས་ཤེས་པར་བྱེད་དགོས། དོན་དངོས་སུ་སེམས་ཀྱི་རང་བཞིན་གང་ཡིན་ནམ་ཞེས་པ་དེ་ནི་ཀུན་འབྱུང་བདེན་པའི་སྐོར་གོ་སྡུར་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་གཙོ་བོ་དེ་ཡིན། 

གལ་ཏེ་འདོད་ཆགས་དང་ཁོང་ཁྲོ་ཇི་ལྟར་འབྱུང་གི་ཡོད་དམ་ཞེ་ན། དེའི་ལན་ནི། ང་ཚོའི་རྒྱུད་ཀྱི་ཆོས་རྣམས་བདེན་པར་གྲུབ་པ་དང་ཁོ་རང་རང་ངོས་ནས་བཙལ་ན་རྙེད་རྒྱུ་ཡོད་པར་འཛིན་པའི་བློ་དེས་གྲོགས་བྱས་ཏེ་ཡོང་གི་ཡོད་པ་ནི་ཐེ་ཚོམ་མེད། དེ་ལ་ང་ཚོས་བདེན་པར་གྲུབ་པར་འཛིན་པའི་བདེན་འཛིན་ཟེར། དཔེར་ན། ང་ཚོ་གཞན་ཞིག་ལ་ཁོང་ཁྲོ་བཟའ་བའི་སྐབས། ཁོང་ཁྲོ་བཟའ་ཡུལ་དེ་ཕྱི་རོལ་དེར་ཚུགས་ཐུབ་རྡོག་རྡོག་ཅིག་ཏུ་གནས་པ་དང་། བདེན་པ། བཏགས་མེད་ཅིག་ཏུ་བསམ་གྱི་ཡོད། དེ་ག་ནང་བཞིན་སོ་སོ་རང་ཉིད་ཀྱང་ཚུགས་ཐུབ་ཏུ་གནས་པ་དང་བཙལ་ན་རྙེད་རྒྱུ་ཡོད་པ་ཞིག་ཏུ་སྣང་གི་ཡོད། ཁོང་ཁྲོ་མ་བཟའ་བའི་སྔོན། ཡུལ་དེ་སྤྱིར་བཏང་ཞིག་མཐོང་གི་ཡོད། འོན་ཀྱང་ང་ཚོའི་སེམས་དེ་ཁོང་ཁྲོས་ཤུགས་རྐྱེན་ཐེབས་པ་དང་། ཡུལ་དེ་ཡིད་དུ་མི་འོང་བ་དང་། ཞེན་པ་གཏིང་ནས་ལོག་པ། སྐྱུག་མེར་སློང་མཁན་ཞིག་ཏུ་མཐོང་སྟེ། དེ་མ་ཐག་གཡོལ་ཐབས་བྱེད་ཀྱི་ཡོད། དེ་བཞིན་སྐྱུག་མེར་སློང་བའི་མཐོང་སྣང་དེ་ཉིད་ཡུལ་རང་ངོས་ནས་གྲུབ་པ་དང་། ཡུལ་དེའི་རང་བཞིན་ཞིག་ཏུ་སྣང་གི་ཡོད། ཡུལ་དེ་ཚུགས་ཐུབ་རྡོག་རྡོག་ཏུ་གནས་པ་དང་། གཞན་བརྟེན་མི་དགོས་པའི་རང་དབང་བ། ཡིད་དུ་མི་འོང་བ་སྣང་བ་ནང་བཞིན་གྲུབ་པར་འཛིན་གྱི་ཡོད། དེ་ལྟའི་ཡིད་དུ་མི་འོང་བའི་མཐོང་སྣང་གིས་རང་རྒྱུད་ལ་ཁོང་ཁྲོ་སྐྱེ་རུ་འཇུག་གི་ཡོད། འོན་ཀྱང་ཁོང་ཁྲོ་འཇགས་ནས་ཉིན་གཅིག་གི་རྗེས་ཡུལ་དེ་མཐོང་བ་ན། ཁ་སང་ལས་རྦད་དེ་སྙིང་རྗེ་བ་མཐོང་ཞིང་། སྡུག་ཅག་གང་ཡང་ཚོར་གྱི་མ་རེད། འོན་ཀྱང་ཡུལ་གཅིག་པ་གཅིག་རྐྱང་ཡིན། དེས་ཁོང་ཁྲོ་དང་འདོད་ཆགས་ལ་ཆོས་རྣམས་བདེན་པར་གྲུབ་པར་འཛིན་པ་དང་། བཏགས་དོན་བཙལ་ན་རྙེད་རྒྱུ་ཡོད་པ་དེས་ཇི་ལྟར་ཤུགས་རྐྱེན་བྱེད་ཀྱི་ཡོད་པ་སྟོན་གྱི་ཡོད། 

དེ་འདྲ་ཡིན་པ་སོང་ཙང། དབུ་མའི་གཞུང་ནང་ཉོན་མོངས་དང་འདོད་ཆགས་ཀུན་གྱི་རྩ་བ་ནི་བདེན་འཛིན་ཡིན་པར་གསུངས། གང་ཡིན་ཞེ་ན། བདེན་འཛིན་གྱིས་སེམས་ལ་དཀྲོག་རྐྱེན་ཐེབས་པ་དང་སྐྱོན་ཞུགས་ནས་དེ་དག་ལ་རྒྱབ་སྐྱོར་དང་རྒྱུན་སྲིང་བར་བྱེད་ཀྱི་ཡོད། སོང་ཙང་། དངོས་པོའི་གནས་ལུགས་ཚུལ་བཞིན་དུ་མི་ཤེས་པའི་རང་ངོས་ནས་གྲུབ་པའམ་བདེན་འཛིན་མ་རིག་པ་ནི་ང་ཚོའི་སྡུག་བསྔལ་ཐམས་ཅད་ཀྱི་གཞི་རྩའི་འབྱུང་ཁུངས་ཆགས་ཡོད། བདེན་འཛིན་ལ་གཞི་བྱས་ཏེ། ང་ཚོའི་རྒྱུད་ཀྱི་ཉོན་མོངས་ཚང་མ་འབྱུང་གི་ཡོད། བདེན་འཛིན་ལ་བརྟེན་ནས་ང་ཚོས་མི་དགེ་བའི་བྱ་བ་བྱས་ཏེ་ལས་ངན་སྟོབས་ཆེན་གསོག་གི་ཡོད། 

མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་དབུ་མ་འཇུག་པའི་ནང་དུ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས། “དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཞིང། བདག་གི་འདི་ཞེས་དངོས་ལ་ཆགས་འགྱུར་པ།” ཞེས་གསུངས་པ་ལྟར། ཐོག་མར་ “ང་” ཞེས་བདེན་པར་གྲུབ་པ་ལ་འཛིན་པ་དང་། དེ་ནས་བདེན་གྲུབ་ཀྱི་ང་དེ་ལ་ཆགས་ནས་“ང་ཡི་བ་”ཞེས་པའི་དངོས་པོ་རྣམས་ལ་ང་ཟེར་བ་དེ་དག་གི་དབང་སྒྱུར་བྱེད་པོ་ལྟ་བུར་འཛིན་གྱི་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་ཐོག་མར་ང་ཞེས་ཚུགས་ཐུབ་རྡོག་རྡོག་ཏུ་གྲུབ་པ་ཞིག་དང་། རང་ངོས་ནས་གྲུབ་པ་དེ་ཆེན་པོ་དང་ཚང་མ་ལས་ཆེ་ཞིང་རང་ངོས་ནས་གྲུབ་པ་དང་རང་དབང་གིས་གྲུབ་པ་ཞིག་ཏུ་མཐོང་གི་ཡོད། འདི་ནི་གཞི་རྟེན་ཡིན་ཞིང་། འདི་ལས་དངོས་པོའམ་གང་ཟག་གཞན་དེའང་རང་ངོས་གྲུབ་པ་ལྟ་བུའི་འཁྲུལ་སྣང་བྱུང་གི་ཡོད། གཞི་དེ་ལ་བཞག་ནས་ང་གྲུབ་པར་སྣང་བ་དང་། ང་ཡི་ཞེས་དེ་དག་ལ་དབང་སྒྱུར་བྱེད་པོ་ལྟ་བུར་བདེན་པར་གྲུབ་པར་འཛིན་གྱི་ཡོད། དེ་ནས་ང་ཚོའི་ང་ཞེས་འཛིན་པའི་རྒྱུ་མཚན་གྱིས་གཞན་ཏེ་ཁོའམ་ཁོ་མོའི་སྟེང་ནས་རང་ངོས་ནས་གྲུབ་པར་སྣང་གི་ཡོད། དཔེར་ན། ངའི་དགྲ་བོ་ལྟ་བུ་རེད། ང་ཞེས་དངོས་པོའི་ལོངས་སྤྱོད་པ་པོ་དང་དངོས་པོ་དེ་ངའི་རེད་བསམ་པ་ལས་ཆགས་པ་སྐྱེ་གི་ཡོད། ཁོའམ་ཁོ་མོ་ཞེས་གཞན་ཕྱོགས་དེར་ང་ཚོའི་འབྲེལ་ཐག་རིང་པོ་དང་ཁོང་ཁྲོ་སྐྱེ་ཞིང། ཕྲག་དོག་དང་འགྲན་སེམས་ཀྱི་ཚོར་བ་ཀུན་སྐྱེ་གི་ཡོད། དེར་བརྟེན་དོན་དམ་པའི་དཀའ་ངལ་ནི་ང་ཚོའི་ཤིན་ཏུ་ཆགས་པར་གྱུར་བའི་འཁྲུལ་བ་ཅན་གྱི་ང་དེ་ཡིན་པ་རེད། དེ་ཡང་ང་ཙམ་དེ་མིན་པར། ང་ཚོའི་ཞེན་ཆགས་སྐྱེ་སའི་འཁྲུལ་སྣང་གི་ང་དེ་ཡིན་པ་རེད། འདིས་ཁོང་ཁྲོ་དང་སུན་སྣང་ལྷན་དུ་སྐད་ཆ་རྩུབ་པོ་ཤོད་པ་ལ་སོགས་པའི་ཞེ་ཁྲེལ་དང་ཞེ་སྡང་གཞིར་འཛིན་པའི་ཕྱིའི་སྤྱོད་ཚུལ་འདྲ་མིན་རྣམས་སྐྱེ་བར་བྱེད་ཀྱི་ཡོད། དེ་ལྟ་བུའི་ལུས་ངག་ཡིད་གསུམ་གྱི་གནོད་བྱེད་མི་དགེ་བའི་བྱ་སྤྱོད་ལ་བརྟེན་ནས་ལས་ངན་གསོག་གི་ཡོད།

སྲོག་གཅོད་དང་། རྫུན། དེ་དང་འདྲ་བའི་མི་དགེ་བའི་ལས་ཚང་མ་ཡང་ཉོན་མོངས་ཀྱི་ཀུན་སློང་ངན་པ་ལས་བྱུང། རིམ་པ་དང་པོ་ནི་ཡིད་ཁོ་ན་ཡིན་ཏེ། ཉོན་མོངས་ལ་བརྟེན་ནས་གནོད་བྱེད་མེ་དགེ་བའི་ལས་རྣམས་བསམ་བློ་འཁོར་གྱི་ཡོད། རིམ་པ་གཉིས་པའི་སྐབས་མི་དགེ་བའི་བསམ་པ་དེས་ལུས་ངག་གི་མི་དགེ་བའི་ལས་ལ་འཇུག་ཅིང་འཕྲལ་དུ་ཁོར་ཡུག་མི་སྐྱིད་པ་ཆགས་ཀྱི་ཡོད། དཔེར་ན། ཁོང་ཁྲོ་ལ་བརྟེན་ནས་ཁོར་ཡུག་བག་མི་ཕེབས་པ་ཆགས་པ་དང་རོགས་པ་རྣམས་བདེ་པོ་མེད་པ་ཚོར་གྱི་རེད། གལ་ཏེ་མི་ཞིག་དྲག་པོར་གྱུར་ན། ཞི་ཞིང་དུལ་བའི་སྐྱེ་བོས་གང་ཟག་དེ་ལ་གཡོལ་ཐབས་བྱེད་ཀྱི་རེད། ཕྱིས་སུ་ཁོང་ཁྲོ་ཟ་མཁན་གྱི་སྐྱེ་བོ་དེ་རང་ཉིད་ཀྱིས་ཚིག་ངན་འདྲ་མིན་དང་སེམས་ནང་གང་འཁོར་བ་རྣམས་བཤད་པར་ཁ་སྐྱེངས་པོ་དང་ངོ་ཚ་པོ་ཚོར་གྱི་ཡོད།

ང་ཚོ་རླུང་ལངས་དུས་རྒྱུ་མཚན་བསམ་བློ་གཏང་པའི་གོ་སྐབས་མེད་པས། ང་ཚོ་ངོ་མ་སྨྱོན་པ་ཆགས་ཀྱི་ཡོད། ཕྱིས་སུ་ང་ཚོའི་སེམས་ཞི་བར་གྱུར་དུས་ང་ཚོ་ངོ་ཚ་གི་ཡོད། ཁོང་ཁྲོ་དང་འདོད་ཆགས་ལ་ལེགས་པའི་ཆ་རྩ་བ་ཉིད་ནས་མེད་པ་དང་དེ་ལས་འབྲས་བུ་བཟང་པོ་འབྱུང་མི་སྲིད། ཁོང་ཁྲོར་སྟངས་འཛིན་བྱེད་པར་དཀའ་ལས་ཁག་པོ་ཡོད་ཀྱང་། ཚང་མས་དེ་ལ་ལེགས་པའི་ཆ་གང་ཡང་མེད་པ་རྟོགས་ཐུབ། འདི་ནི་བདེན་པ་གཉིས་པ་དེ་རེད།

འགོག་པ་དངོས། ༼འགོག་བདེན།༽

ད་ནི་མི་དགེ་བའི་སེམས་དེ་དག་སྤོང་ཐུབ་ཀྱི་རེད་དམ་མ་རེད་ཅེས་པའི་དྲི་བ་འདི་རེད། དེ་ལ་ང་ཚོས་བདེན་པ་བཞིའི་ནང་གི་གསུམ་པ་སྡུག་བསྔལ་འགོག་པར་བྱེད་པའི་འགོག་བདེན་གྱི་སྐོར་གོ་སྡུར་བྱེད་དགོས། 

ང་ཚོ་ཚང་མས་ཤེས་པ་བཞིན་མི་དགེ་བའི་སེམས་དང་ཉོན་མོངས་ཀྱི་སྒོ་ནས་བསམ་བློ་གཏོང་བ་དང་། སྐད་ཆ་བཤད་པའི་ཐོག་ནས་བྱ་བ་བྱེད་པའི་ལས་ཀྱི་སྐུལ་སློང་ཀུན་གྱི་རྩ་བ་ནི། ཆོས་རྣམས་བདེན་པར་གྲུབ་པར་འཛིན་པ་དང་རང་ངོས་ནས་གྲུབ་པར་འཛིན་པའི་འཛིན་པ་དེ་ཡིན། དེར་བརྟེན། ང་ཚོས་དེ་ལྟར་གྲུབ་པར་འཛིན་པའི་འཛིན་པའི་ཡུལ་རྣམས་ཡང་དག་པ་ཡིན་མིན་དང་། ཕྱིན་ཅི་ལོག་དང་ལོག་པར་འཛིན་པ་བཅས་གང་ཡིན་མིན་བརྟག་དཔྱད་བྱེད་དགོས། 

དེ་ཡང་ང་ཚོས། དཔེར་ན། ཡུལ་རྟོགས་པའི་བློ་ལྟ་བུའི་ཆོས་རྣམས་ཇི་ལྟར་གྲུབ་ལུགས་ལ་བརྟག་དཔྱད་བྱེད་དགོས། འོན་ཀྱང་བདེན་འཛིན་གྱི་བློ་དེ་ཉིད་ལ་ཡུལ་རྣམས་སྣང་ཚུལ་ལྟར་གནས་མིན་བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པ་སོང་ཙང། ང་ཚོས་བློ་གཞན་ཞིག་ལ་བརྟེན་དགོས། བརྟག་དཔྱད་མཐར་ཕྱིན་པ་བྱས་ཏེ་བདེན་འཛིན་གྱི་བློས་འཛིན་པའི་གནས་ལུགས་ལས་ལོགས་སུ་ཆོས་རྣམས་གྲུབ་ལུགས་ཤིག་དང་དེ་དང་འགལ་བའི་རྟོགས་ཚུལ་ཐབས་ལམ་ཡང་དག་པ་ཞིག་ཡོད་པ་རྙེད་ན། བདེན་འཛིན་གྱི་བློས་ཆོས་རྣམས་ཇི་ལྟར་གནས་པ་ལྟར་རྟོགས་ཐུབ་ཀྱི་མེད་ཅེས་མཇུག་སྡོམ་རྒྱག་ཐུབ། དེར་བརྟེན། མཐར་ཐུག་དངོས་པོའི་གནས་ལུགས་རྟོགས་པའི་བློའི་ཐོག་ནས་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དེ་ཡང་དག་པ་ཞིག་ཡིན་མིན་ང་ཚོས་ཐག་གཅོད་བྱེད་དགོས། གལ་ཏེ་དེ་ཡང་དག་པ་ཞིག་ཡིན་ན། དཔྱོད་བྱེད་ཀྱི་བློས་ཡུལ་གྱི་སྟེང་དུ་རང་བཞིན་གྱིས་གྲུབ་པར་འཛིན་པ་ནང་བཞིན་མཐར་རྙེད་རྒྱུ་ཡོད་པ་ཞིག་དགོས། 

སེམས་ཙམ་པའི་བསྟན་བཅོས་གྲགས་ཆེན་འགའ་དང་། ལྷག་པར་དུ་དབུ་མའི་གཞུང་ནང་དེ་ལྟ་བུའི་བརྟག་དཔྱད་ཐད་རྒྱུ་མཚན་བང་རིམ་བཞིན་བཀོད་ཡོད་པ་རེད། ང་ཚོས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དེ་ཡང་དག་པ་ཞིག་དང་རྙེད་རྒྱུ་ཡོད་པ་ཞིག་ཡིན་མིན་བརྟག་དཔྱད་བྱེད་པའི་སྐབས། དེ་དག་ལག་བསྟར་བྱས་ན། བློ་དེ་ཡང་དག་པ་ཞིག་མ་ཡིན་པ་རྟོགས་ཐུབ། དེ་ནི་ཕྱིན་ཅི་ལོག་པའི་བློ་ཞིག་ཡིན། གང་ཡིནཟེར་ན། དེས་འཛིན་པའི་ཡུལ་དེ་གཞི་གྲུབ་མེད་ལ་བཙལ་ན་རྙེད་རྒྱུ་མེད། ཡུལ་དེ་ལ་ལྟོས་ཏེ་བློ་དེ་ལོག་ཤེས་ཡིན་པ་སོང་ཙང་། དེ་ངེས་པར་དུ་སྤོང་དགོས། 

དཔྱད་པའི་ཐོག་ནས་ང་ཚོས་བདེན་འཛིན་གྱི་བློ་དེར་གཞི་རྟེན་འཐད་ལྡན་ཞིག་མེད་པ་རྟོགས་ཐུབ། འོན་ཀྱང་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དེ་ཡང་དག་པ་ཞིག་མ་ཡིན་པ་རྟོགས་པའི་ཤེས་པ་དེར་རྒྱབ་རྟེན་གྱི་ཚད་མ་ཡོད་པ་ང་ཚོས་ཤེས་རྟོགས་ཐུབ། ཤེས་པ་ནང་ཕན་ཚུལ་གནོད་བྱ་གནོད་བྱེད་དུ་གནས་པའི་སྐབས། རྒྱབ་རྟེན་ཚད་མ་ཡོད་པའི་ཤེས་པ་དེར་ག་དུས་ཡིན་ཀྱང་རྒྱལ་ཁ་ཐོབ་ཀྱི་ཡོད། ཆོས་རྣམས་བདེན་པར་གྲུབ་པ་དང་རིག་ཤེས་ཀྱི་ངོར་རྙེད་རྒྱུ་ཡོད་པ་གཞི་མ་གྲུབ་པ་ནི་སེམས་ཤིན་ཏུ་ཕྲ་མོ་འོད་གསལ་བས་ཡུལ་རྟོགས་པ་དང་མཚུངས་པ་ཡིན། ཕྱོགས་གཞན་ཞིག་ནས། ཆོས་རྣམས་བདེན་པར་གྲུབ་པ་དང་རིག་ཤེས་ཀྱི་ངོར་རྙེད་རྒྱུ་ཡོད་པ་འཛིན་པའི་བློ་དེ་ནི་ཡུལ་རྣམས་ཕྱི་ཚུལ་ཙམ་རྟོགས་པའི་གློ་བུར་རམ་ངེས་བརྟན་མེད་པའི་སེམས་ཀྱི་གནས་བབས་དང་མཚུངས་པ་ཡིན། དེ་འདྲ་སོང་ཙང་། སེམས་ཀྱི་གནས་ལུགས་ཕྲ་ཤོས་དེ་ཐོག་མཐའ་མེད་པ་དང་རྒྱུན་ཆད་མེད་པར་མུ་མཐུད་གནས་པ་དང་། ཆབས་ཅིག་ཕྱི་ཚུལ་ཙམ་གྱི་གནས་བབས་དེ་གློ་བུར་བ་ཡིན་པས། སྔ་མའི་སེམས་ཀྱི་རྒྱུན་རྟག་པ་དེ་བཞག་ནས་ཕྱི་མ་དེ་སྤོང་ཐུབ་པ་ཡིན།

ང་ཚོས་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཉོན་མོངས་རྣམས་སྤངས་པའི་སྐབས། སྡུག་བསྔལ་ཡང་རང་འགུལ་གྱིས་མེད་པ་ཆགས་ཀྱི་ཡོད། དེ་ལ་ཐར་པ་ཟེར། ཡང་ན་སྡུག་བསྔལ་བཀག་པའི་འགོག་པ་ཟེར་ཞིང་། དེ་ནི་བདེན་པ་གསུམ་པ་དེ་རེད།

སེམས་ཀྱི་ལམ་དངོས། ༼ལམ་བདེན།༽

གཏན་དུ་གནས་པའི་འགོག་བདེན་ཐོབ་སྲིད་པ་སོང་ཙང་། ང་ཚོས་ངེས་པར་དུ་དེ་འཐོབ་བྱེད་ཀྱི་ཐབས་འཚོལ་དགོས། འདིས་བདེན་པ་བཞིའི་ནང་ནས་བཞི་པ་ལམ་གྱི་བདེན་པ་ལ་བརྟེན་ནས་སྡུག་བསྔལ་དང་བྲལ་བའི་བྲལ་བ་འགོག་བདེན་འཐོབ་པར་བྱེད་ཀྱི་ཡོད། ང་ཚོས་ལམ་བདེན་གྱི་སྐོར་ཤོད་སྐབས་དེ་ནི་ནང་པའི་ཐེག་པ་གསུམ་པོ་ཐུན་མོང་ཡིན། ཐེག་དམན་དང་ཐེག་པ་ཆེན་པོའི་ནང་ཕར་ཕྱིན་ཐེག་པ་དང་སྔགས་ཀྱི་ཐེག་པ་ཡོད། དེའང་ང་ཚོས་ཡང་དག་པའི་ས་ལ་བགྲོད་པའི་ཆེད་བྱང་ཕྱོགས་སོ་བདུན་གྱི་སྐོར་ཤོད་ཀྱི་ཡོད། ང་ཚོས་ཐེག་པ་ཆེན་པོའི་བྱང་སེམས་ཀྱི་ཐེག་པའི་ལམ་བདེན་སྐོར་བྱེ་བྲག་ཏུ་ཤོད་སྐབས། བྱང་ཆུབ་སེམས་དཔའི་ས་བཅུ་དང་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་གམ་ཕར་ཕྱིན་དྲུག་དང་སྦྱར་ནས་གསུང་གི་ཡོད། 

ཐེག་དམན་གྱི་ཆོས་ཉམས་སུ་ལེན་མཁན་ནི་ང་ཚོས་ཐེ་ལན་ཌི་ (Thailand) དང་། འབར་མ་ (Burma) ། ཤྲཱི་ལངྐ་ (Sri Lanka) ། ལའོ་སུ་ (Laos) ། ཀམ་བྷོ་ཌི་ཡ་ (Cambodia) བཅས་ཀྱི་ནང་མཐོང་རྒྱུ་ཡོད། འདིར་ཉམས་ལེན་པ་རྣམས་སོ་སོའི་སྡུག་བསྔལ་ལས་ཐར་བའི་ཐར་པ་འཐོབ་ཆེད་ཀྱི་འདུན་པས་ཀུན་ནས་བསླངས་ཡོད། སོ་སོ་གཅིག་པུའི་ཐར་པར་བསམས་ནས། ཁོང་ཚོས་བྱང་ཆུབ་ཀྱི་སར་འཁྲིད་བྱེད་བྱང་ཕྱོགས་སོ་བདུན་ཉམས་ལེན་བྱེད་ཀྱི་ཡོད། བྱང་ཕྱོགས་སོ་བདུན་ནི་སྤྱིར་བཏང་སེམས་ཀྱི་ལམ་ལྔ་དང་འབྲེལ་བ་ཞིག་ཡིན། དེ་དག་ནི།

  • དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་བཅས་ནི། ཚོགས་ལམ་སྐྱེད་པ་དང་འབྲེལ་བ་ཡིན།
  • དབང་པོ་ལྔ་དང་སྟོབས་ལྔ་ནི། སྦྱོར་ལམ་སྐྱེད་པ་དང་འབྲེལ་བ་ཡིན།
  • བྱང་ཆུབ་ཡན་ལག་བདུན་ནི། མཐོང་ལམ་སྐྱེད་པ་དང་འབྲེལ་བ་ཡིན།
  • འཕགས་ལམ་ཡན་ལག་བརྒྱད་ནི། སྒོམ་ལམ་སྐྱེད་པ་དང་འབྲེལ་བ་ཡིན།

ལམ་གྱི་བདེན་པ་དེ་དག་གོ་རིམ་བཞིན་སྦྱངས་ནས་ཉམས་ལེན་པ་རྣམས་ཀྱིས་ཉོན་མོངས་རྒྱུ་དང་བཅས་པ་ཐམས་ཅད་སྤངས་ནས་འགོག་བདེན་ཐོབ་པ་དང་རང་གི་འཐོབ་བྱའི་སོ་སོ་ཐར་པའི་གོ་འཕང་ཐོབ། དེ་དག་ནི་ཐེག་དམན་གྱི་ལུགས་སུ་ལམ་བདེན་དང་དེ་དག་གི་འབྲས་བུ་འཐོབ་ཚུལ་ཡིན། 

ཐེག་ཆེན་གྱི་ཉམས་ལེན་པ་ཚོའི་རྩ་བའི་སེམས་ཁུར་ནི། རང་ཉིད་གཅིག་པུའམ་སོ་སོ་ཐར་པའི་གོ་འཕང་ཙམ་མིན་པར། སེམས་ཅན་ཐམས་ཅད་ཀྱི་ཐར་པ་ཡིན། བྱང་ཆུབ་སེམས་ཀྱི་ཀུན་སློང་དེའི་ཐོག་ནས་ཁོང་ཚོས་བྱང་ཆུབ་དོན་གཉེར་བྱེད་པའི་ཐབས་ལེགས་ཤོས་ཤིག་ཏུ་གཞན་དོན་སྒྲུབ་པར་བརྩི་གི་ཡོད། དེ་དག་གིས་ཕར་ཕྱིན་དྲུག་སྟེ། སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན།  ཤེས་རབ་བཅས་ཉམས་སུ་ལེན་གྱི་ཡོད། ཁོང་ཚོས་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པ་དང་སྒྲིབ་གཉིས་ཡོངས་སུ་མ་སྤངས་བར་དུ་ཉམས་ལེན་དེ་དག་བྱང་ཆུབ་སེམས་དཔའི་ས་བཅུ་དང་བསྡེབས་ནས་བྱེད་ཀྱི་ཡོད། དེ་དག་ནི་སྤྱིར་བཏང་ཐེག་པ་ཆེན་པོའི་ལམ་བདེན་དང་དེ་དག་གི་འབྲས་བུར་འདོད། 

ཕར་ཕྱིན་དྲུག་ཉམས་སུ་ལེན་པའི་སྙིང་པོ་ནི། ཐབས་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་ནས་འབྲས་བུ་སྐུ་གཉིས་ཏེ། གཟུགས་སྐུ་དང་ཆོས་སྐུ་འཐོབ་པའི་ཆེད་དུ་ཡིན། སྐུ་དེ་གཉིས་གཅིག་ཅར་དུ་ཐོབ་ཀྱི་ཡོད་སྟབས། དེ་དག་གི་རྒྱུའང་གཅིག་ཅར་དུ་གསོག་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་གཟུགས་སྐུ་འཐོབ་བྱེད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་དང་། ཆོས་སྐུ་འཐོབ་བྱེད་ཀྱི་རྒྱུ་ཡེ་ཤེས་ཀྱི་ཚོགས་གཉིས་གཅིག་ཅར་དུ་གསོག་དགོས་པ་ཡིན། ཕར་ཕྱིན་ཐེག་པའི་ནང་། ང་ཚོས་ཤེས་རབ་ཀྱིས་ཟིན་པའི་ཐབས་དང་ཐབས་ཀྱིས་ཟིན་པའི་ཤེས་རབ་ཀྱི་ཐོག་ནས་ཉམས་སུ་ལེན་དགོས། འོན་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ནང་། ང་ཚོས་ཐབས་ཤེས་ངོ་བོ་དང་རང་བཞིན་གཅིག་ཏུ་ཉམས་ལེན་བྱེད་དགོས།། 

Top