ལམ་རིམ་དང་བདེན་པ་བཞི།
འབུམ་རམས་པ་བྷར་ཛིན། ཤར་ཡུ་རོབ་ཡུལ་གྲུ་ཁག་གི་ནང་ལམ་རིམ་གསུང་ཆོས་གནང་ཐབས་ཡག་ཤོས་གང་ཡིན་ནམ། ༧གོང་ས་མཆོག་ནས་བླ་མ་མཆོད་པའི་བཀའ་འཁྲིད་ནང་བདེན་པ་བཞི་དང་སྐྱེས་བུ་འབྲིང་གི་ལམ་རིམ་ནས་འགོ་འཛུགས་དགོས་པར་གསུངས་འདུག །དེའི་སྐོར་རྒྱས་ཙམ་གསུང་གནང་རོགས། དེ་དང་མཉམ་དུ་༧གོང་ས་མཆོག་ནས་བཤེས་གཉེན་བསྟེན་ཚུལ་ཞེས་པ་དང་སྔོན་འགྲོའི་ཉམས་ལེན་སྐོར་བཀའ་སློབ་ལམ་སྟོན་གནང་རོགས། དམར་ཤོག་རྒྱལ་ཁབ་ཁག་གི་ནང་ཡོད་པའི་མི་ཚོས་མཆོད་ཤོམ་སྟེང་སྟོན་པའི་སྣང་བརྙན་འགྲིག་ཤོམ་དང་ཡོན་ཆབ་འབུལ་བ་སོགས་བྱེད་ཆོག་གི་མེད། དེ་ཚོ་ཧ་ཅང་དོགས་གཞི་ཅན་དུ་སྣང་གི་ཡོད།
ངོས་ཀྱི་བསམ་པར། དམར་ཤོག་ཡུལ་གྲུ་ཙམ་དུ་མ་ཟད་ཡུལ་གྲུ་གཞན་ཁག་གི་ནང་དུའང་ཐོག་མར་བདེན་པ་བཞིའི་གསུང་ཆོས་ནས་འགོ་འཛུགས་གནང་ན་ལེགས་ཤོས་རེད།
སྤྱིར་བཏང་གི་ཆ་ནས་ང་ཚོས་བདེན་པ་བཞི་པོ་རིམ་པ་གཉིས་ཀྱི་སྒོ་ནས་ཤེས་ཐུབ། [གནས་སྐབས་སྡུག་བསྔལ་ལས་ཐར་བའི་རིམ་པ་དང་། དོན་དམ་པར་སྡུག་བསྔལ་ལས་ཐར་བའི་རིམ་པ་བཅས་གཉིས་ཡོད། གནས་སྐབས་ཀྱི་ཐར་པ་ལ་དམིགས་པ་ནི་སྐྱེས་བུ་ཆུ་ངུའི་ཀུན་སློང་གི་རིམ་པ་དང་མཐུན་པ་ཡིན། དོན་དམ་པའི་ཐར་པ་ལ་དམིགས་པ་ནི། འཁོར་བ་ལས་ཐར་པའམ། ཡང་ན་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་ཡིན། དེ་ནི་སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོའི་ཀུན་སློང་གི་རིམ་པ་དང་མཐུན་པ་ཡིན།]
གནས་སྐབས་ཀྱི་ཐར་པ་ལ་དམིགས་པ།
རིམ་པ་དང་པོའི་སྐབས།
༡) འདོད་ཆགས་དང་ཁོང་ཁྲོ་ལ་བརྟེན་ནས་ང་ཚོས་མི་དགེ་བའི་ལས་ ༼བསོད་ནམས་མ་ཡིན་པའི་ལས་༽ བསགས་ཀྱི་ཡོད། དེས་ངན་འགྲོའི་གནས་འདྲ་མིན་ནང་སྐྱེ་བ་ལེན་ཡག་གི་རྒྱུ་བྱེད་ཀྱི་ཡོད། ང་ཚོས་གྲོས་བསྡུར་བྱེད་ཡག་གི་སྡུག་བསྔལ་བདེན་པའམ་དཀའ་ངལ་དངོས་ནི་ངན་འགྲོ་གསུམ་ [བདེ་མེད་ཁམས་སུ་ཚུད་པའི་སེམས་ཅན་དམྱལ་བ་དང། ཟས་སྐོམ་ཡིད་ལ་དམ་པོར་འཛིན་པའི་ཡི་དྭགས། དུད་འགྲོ་བཅས་] གྱི་སྡུག་བསྔལ་རེད།
༢) དེ་དག་གི་རྒྱུ་ནི་མི་དགེ་བའི་སྤྱོད་ལམ་རེད། མི་དགེ་བའི་སྤྱོད་ལམ་དེ་དག་ནི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་མི་ཤེས་པར་ (མ་རིག་པ་) གཞིར་བྱས་ཡོད། དེ་ནི་སྡུག་བསྔལ་གྱི་རྒྱུ་ངོ་མ་ཀུན་འབྱུང་བདེན་པ་ཡིན་པར་འགྲེལ་བརྗོད་བྱེད་དགོས།
༣) རང་ཉིད་ངན་འགྲོའི་སྡུག་བསྔལ་ལས་ཐར་ཐབས་ཀྱི་སྔོན་འགྲོའི་ཐབས་ཚུལ་གྱི་རིམ་པ་ནི་སྡུག་བསྔལ་དེ་དག་ལས་གྲོལ་འདོད་ཀྱི་བསམ་པ་དེ་རེད། དེ་ལྟ་བུའི་ཐར་པ་ [འགོག་བདེན།] ལ་འགོག་པ་དངོས་ཞེས་འགྲེལ་བརྗོད་བྱེད་དགོས།
༤) དེ་ལྟ་བུའི་ཐར་པ་ཐོབ་ཆེད་གནོད་བྱེད་མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་ཉམས་སུ་བླངས་དགོས། དེ་ནི་ལམ་གྱི་བདེན་པར་འགྲེལ་བརྗོད་བྱེད་དགོས། དེ་ནས་བདེན་པ་བཞི་ཀ་ཚང་བ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན། ཐོག་མར་བདེན་པ་བཞིའི་སྒྲོམ་གཞི་ཤོད་དགོས་པ་དང། དེ་ནས་བདེན་པ་བཞི་པོའི་སྒྲོམ་གཞི་དེའི་ནང་རིམ་པ་དང་པོར་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་ཐོག་མའི་ཀུན་སློང་དང་མཐུན་པའི་ཐོག་ནས་སྡེ་ཚན་དང་པོའི་ནང་ང་ཚོས་ངན་འགྲོའི་སྐྱེ་བ་རྣམས་གཞི་རྩར་བཟུང་ནས་འགྲེལ་བཤད་རྒྱག་ཆོག །དེ་འདྲ་སོང་ཙང་། སྡུག་བསྔལ་བདེན་པའི་ཐད་ངན་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་རྣམས་འགྲེལ་བཤད་རྒྱག་དགོས། དེ་ནས་འཐོབ་བྱ་བདེ་འགྲོའི་སྐྱེས་གནས་ཀྱི་བདེ་སྐྱིད་དང་དགའ་བདེ་དངོས་རྣམས་ཐར་པའི་རིགས་ཤིག་གི་དཔེ་མཚོན་དུ་ལེན་ནས་འགྲེལ་བཤད་བྱེད་དགོས། དེ་ནི་སྡུག་བསྔལ་ལས་ཐར་པའི་ཐར་པ་མངོན་དུ་བྱེད་པ་སོང་ཙང། ཐར་པ་ཞེས་བརྗོད་ཆོག །མ་རེད་དམ། དེ་ནི་གནས་སྐབས་ཀྱི་ཐར་པ་ལྟ་བུ་རེད། དེ་ནས་སྡུག་བསྔལ་འདིའི་རྒྱུ་མི་དགེ་བའི་ལས་དང་བཅས་པ་ལས་ཐར་བའི་ཐར་པའི་ལམ་ལ་འགོད་པའི་རིམ་པའི་ནང་ནས། རྒྱུ་འབྲས་དང་འབྲེལ་བའི་ཁྲིམས་གཉིས་ཡོད་པ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ་བ་ཆགས་ཡོད། ངན་འགྲོའི་གནས་སུ་སྐྱེ་ནས་མྱོང་འགྱུར་གྱི་སྡུག་བསྔལ་གྱི་སྡུག་བསྔལ་ལ་བསམས་ན། རྒྱུ་ཆུང་ཆུང་ལས་འབྲས་བུ་ཆེན་པོ་འབྱུང་བར་བྱེད་ཐུབ་པ་དང་། གལ་སྲིད་ང་ཚོས་ལས་བྱས་ན། དེར་འབྲས་བུ་མེད་པ་དང་དོན་མེད་དུ་མི་འགྲོ་བ་ཡིན། ༼ལས་བྱས་པ་ཆུད་མི་ཟ་བ།༽ སྡིག་པ་དང་གནོད་བྱེད་མི་དགེ་བའི་སྤྱོད་ལམ་དག་སྦྱོང་བྱས་མེད་ན། དེས་མཐར་སྡུག་བསྔལ་མྱོང་བར་བྱེད་ཀྱི་ཡོད། འདིས་རྣམ་བྱང་ཕྱོགས་ཀྱི་བདེན་པ་བཞི་དང། སྡུག་བསྔལ་གྱི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་བྲལ་ཞིང། དེ་ཐོབ་པའི་ལམ་ལ་འགོད་པར་བྱེད་པ་ཡིན། འདི་འདྲ་བྱས་ནས་བདེན་པ་བཞི་པོ་ཡོང་གི་ཡོད། མ་རེད་དམ། ལམ་རིམ་སློབ་ཁྲིད་སྐབས་གལ་གནད་ཆེ་ཤོས་སུ་འཛིན་དགོས་པ་ནི་བདེན་པ་བཞི་དང་། ཐར་པ་ཐོབ་འདོད་དེ་ཡིན།
དེའི་སྟེང་སྐྱབས་འགྲོ་ཡོང་དགོས་ཀྱི་ཡོད། དེ་ཡག་ཤོས་རེད། མ་རེད་དམ། དེ་མིན་གལ་ཏེ་ང་ཚོས་ཆོས་ཀྱི་སྙིང་པོ་བདེན་པ་བཞིར་ངོས་འཛིན་མ་གནང་ན་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་གྱི་གལ་གནད་སྐོར་འགྲེལ་བརྗོད་བྱེད་རྒྱུ་གང་ཡོད་དམ། བདེན་པ་བཞི་མེད་པའི་སྒོ་ནས་གལ་ཏེ་ང་ཚོས་མི་ལུས་རིན་ཆེན་སྐོར་བསམ་བློ་བཏང་ན། མིའི་ལུས་རྟེན་འདི་གལ་ཆེན་པོ་ཡིན་པ་ཙམ་བཤད་ནས་སྡོམ་རྒྱག་ན། དེ་ཧ་ལས་རྒྱུ་གང་ཡང་མེད།
ས་སྐྱའི་ཆོས་བརྒྱུད་ནས་གསུངས་པའི་ལམ་དང་འབྲས་བུའི་རྣམ་གཞག་ ༼ལམ་འབྲས་༽ གི་སྒྲོམ་གཞི་དེ་ཡང་བདེན་པ་བཞི་ལ་དམིགས་ནས་གསུངས་པ་ཞིག་ཡིན། ཐོག་མར་ང་ཚོས་སྡུག་བསྔལ་སྐོར་བསམ་བློ་གཏོང་དགོས། དེ་རྗེས་གཞི་ནས་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་ཆེན་སྐོར་བསམ་བློ་གཏོང་དགོས། ངོས་ཀྱི་བསམ་པར། འདི་གལ་ཆེན་པོ་རེད་འདུག །གང་ལྟར་ཡང། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཐོག་མར་བདེན་པ་བཞི་གསུངས་ཡོད། དེ་འདྲ་བྱས་ནས་ཁྱེད་ནས་སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རྣམས་ལས་སླ་པོའི་ངང་ཐར་པ་ངོ་མ་ཐོབ་ཆེད་བདེན་པ་བཞིའི་སྒྲོམ་གཞི་ནང་རན་འཚམས་སུ་འཇོག་ཐུབ།
ཐར་པ་དངོས་ལ་དམིགས་པ།
༧གོང་ས་མཆོག་གིས་ཐོག་མ་ནས་སྐྱེས་བུ་འབྲིང་གི་སྐོར་ལ་ཡང་ནན་བཤད་བྱེད་དགོས་དོན་གསུངས་པ་ལ་མཚོན་ན། དེ་ཉོན་མོངས་པའི་སེམས་ཚོར་དང་བསམ་བློའི་འཁྱེར་སོ། དེ་ག་ནང་བཞིན་སེམས་ཀྱི་འགྲེལ་བཤད་ལ་ནན་བཤད་བྱེད་དགོས་པའི་དོན་ལ་གོ་བ་ཡིན་ནམ།
རེད། དེ་ཡག་ཤོས་རེད། གལ་ཏེ་ཁྱེད་ཀྱི་སྔོན་འཚུད་ནས་ཐར་པ་འཐོབ་རྒྱུ་ཡོད་པའི་བདེན་དོན་དེར་ངེས་ཤེས་མ་བྱུང་ན། དེ་ནས་ཆོས་ཀྱི་ཉམས་ལེན་རྩ་ནས་ཡོང་ཡག་མེད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་ཉོན་མོངས་རྣམས་ (སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་) ཡུད་ཙམ་ལས་མི་གནས་པའི་གློ་བུར་བ་ཡིན་པའི་ངེས་ཤེས་སྐྱེ་དགོས་ཤིང། སེམས་ནི་དག་པའི་ (རང་བཞིན་གྱི་འགོག་བདེན།) རང་བཞིན་ཡིན། དེ་འདྲ་སོང་ཙང་། ཉོན་མོངས་པའི་སེམས་ཚོར་དང་ཉོན་མོངས་པའི་བསམ་བློའི་འཁྱེར་སོ་རྣམས་གཏན་དུ་མེད་པ་བཟོ་རྒྱུ་ཡོད། (ལམ་བདེན་བརྒྱུད་ནས་འགོག་བདེན་ཐོབ་པ།)
གཞན་ཡང་། སྐྱེས་བུ་ཆེན་པོར་བསམས་ན། བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་སྐོར་ལ་འགྲེལ་བཤད་ཏོག་ཙམ་གནང་ན་ཡག་པོ་ཡོད། སྐྱེ་བ་སྔ་མ་ཁས་ལེན་རུང་མ་ལེན་རུང་། དབང་མེད་ཀྱི་སྐྱེ་བ་ལེན་པ་ལས་ཐར་པའི་ཐར་པ་ཡོད་མེད་ཁས་ལེན་རུང་མ་ལེན་རུང་། མི་ཚེ་འདིའི་ནང་ད་དུང་བྱམས་སེམས་ཅན་ཞིག་དང་། གཞན་དང་མཐུན་སྒྲིལ་ངང་གནས་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་ནས་ཚད་མེད་བཞིའི་སྐོར་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་དག་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་འདོད་དང་། བདེ་བ་ཐོབ་འདོད། སྡུག་བསྔལ་གྱི་རྒྱུ་ལས་བྲལ་འདོད། བདེ་བ་ལས་ནམ་ཡང་མི་བྲལ་བར་འདོད་པ་བཅས་རེད། དེ་རྗེས་བདག་གཞན་མཉམ་བརྗེའི་སྐོར་འགྲེལ་བརྗོད་བྱེད་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། རང་བཅེས་པར་འཛིན་པའི་བློ་ནི་སྡུག་བསྔལ་ཀུན་གྱི་རྩ་བ་དང་། གཞན་བཅེས་པར་འཛིན་པ་པའི་བློ་ནི་བདེ་བའི་ཡོན་ཏན་ཀུན་གྱི་རྩ་བ་ཡིན་པའི་གནད་དོན་དེ་གཉིས་ལ་ངེས་ཤེས་བྱུང་སྐབས་རང་ངོས་ནས་སྤྱི་ཚོགས་ལ་ཕན་པའི་ལས་ལ་འཇུག་དགོས།
ལམ་རིམ་ནང་བླ་མ་བསྟེན་ཚུལ་གྱི་གནས་བབས།
ཁོང་ཚོར་བླ་མ་མེད་པ་སོང་ཙང། བླ་མ་བསྟེན་ཚུལ་སྐོར་གསལ་བཤད་གནང་དགོས་དོན་ཡོད་དམ།
ང་ཚོས་སྐྱབས་སུ་འགྲོ་བའི་སྐབས་སྐྱབས་ཡུལ་དངོས་ནི་ཆོས་དཀོན་མཆོག་ཡིན་པ་རེད། དེ་ནི་འགོག་བདེན་དང་ལམ་བདེན་གཉིས་རེད། ཆོས་དཀོན་མཆོག་ང་ཚོའི་སེམས་ཀྱི་རྒྱུན་ནང་སྐྱེ་བར། ང་ཚོར་དེ་སྐྱེ་བའི་ཐབས་དེ་ཤེས་དགོས་པ་དང་། ཆོས་དཀོན་མཆོག་གི་གནས་སྟངས་དངོས་གང་ཡིན་པའི་ཐད་འགྲེལ་བརྗོད་དང་རང་གི་མྱོང་བའི་ལམ་ནས་སྟོན་མཁན་གྱི་གང་ཟག་ཞིག་ཡོད་དགོས། ང་ཚོར་ཆོས་ཡང་དག་པར་སྒྲུབ་པའི་ཟླ་གྲོགས་ཏེ། ཆོས་དངོས་སུ་སྒྲུབ་པའི་ལམ་ལ་འཇུག་མཁན་དང་རྟོགས་པའི་རིམ་པ་གང་འཚམ་ཞིག་ཐོབ་པའི་དགེ་འདུན་དཀོན་མཆོག་ཀྱང་དགོས།
དེ་འདྲ་སོང་ཙང་། ང་ཚོས་དགེ་བའི་བཤེས་གཉེན་ལས་གཞན་པའི་ཆོས་སྟོན་པ་པོ་སུ་ཡིན་སྐད་ཆ་འདྲི་སྐབས། བོད་སྐད་ནང་ཡོད་པའི་སྟོན་པ་ཟེར་བ་བརྡ་ཆད་དེ་དགེ་བའི་བཤེས་གཉེན་ལའང་གོ་གི་ཡོད། ཆོས་སྟོན་པ་པོ་དགེ་བའི་བཤེས་གཉེན་མེད་པར་ང་ཚོས་ཆོས་ཉམས་ལེན་བྱེད་མི་ཐུབ། དེ་འདྲའི་སྒོ་ནས་ང་ཚོར་དགེ་བའི་བཤེས་གཉེན་དགོས་ཀྱི་ཡོད།
ང་ཚོས་སྲོལ་རྒྱུན་ལམ་རིམ་ནས་གསུངས་པའི་དགེ་བའི་བཤེས་གཉེན་དང་དེ་དག་གི་ཁྱད་ཆོས་སྐོར་འགྲེལ་བཤད་རྒྱག་དགོས་དོན་མེད་ལ་གལ་ཆེན་པོ་ཡང་མཐོང་གི་མེད། དེ་ལས་སྟབས་བདེ་བར་བྱས་ན་ལེགས། ང་ཚོར་ཆོས་གསུང་མཁན་གྱི་གང་ཟག་དེ་གལ་ཆེན་པོ་རེད། དེར་བརྟེན་དཔེ་ཆའི་ནང་གང་ཟག་དེའི་ཁྱད་ཆོས་དང་ཡོན་ཏན་སོགས་འགྲེལ་བཤད་བྱེད་ཀྱི་ཡོད། དེ་དང་མཉམ་དུ་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་རྣམས་བཤེས་གཉེན་གྱི་རིམ་པ་མི་འདྲ་བ་འདུལ་བ་དང་། ཐེག་པ་ཆེན་པོའི་མདོ་ལ་སོགས་པའི་ནང་གསུངས་པ་ལྟར་འགྲེལ་བརྗོད་བྱེད་ན་འགྲིགས་པ་ཡིན།
ཉེ་དུས་ང་རང་ཤར་ཡུ་རོབ་ལ་ཡོད་སྐབས་ངོས་ནས་མི་ལུས་རིན་ཆེན་སྐོར་འགྲེལ་བརྗོད་བྱས་པ་ཡིན། རྒྱལ་ཁབ་དེ་ཚོའི་ནང་གནས་སྡོད་བྱེད་མཁན་གྱི་མི་མང་པོས་དམར་པོའི་སྲིད་གཞུང་ལམ་ལུགས་འོག་རང་ཉིད་ཀྱི་མི་ཚེ་ལ་ཕན་པ་དང་མཐར་ཐུག་མི་ཚེ་དོན་དང་ལྡན་པའི་ཕན་ཐོགས་ཡོད་པ་གང་ཡང་བྱས་མ་ཐུབ་པར་བརྟེན། ཁོང་ཚོ་བློ་ཕམ་ཞེ་དྲགས་བྱས་ཀྱི་འདུག །ཁོང་ཚོས་མི་ལུས་རིན་ཆེན་སྐོར་གྱི་གསུང་ཆོས་ལ་ཡི་རངས་ཤུགས་ཆེན་བྱེད་ཀྱི་ཡོད་ཚོད་འདུག
དེ་ཡག་པོ་རེད། དེ་ནི་ཐབས་ལམ་ཡང་དག་པ་རེད།།