སེམས་རྒྱུད་ཀྱི་རྒྱུན་ཇི་ལྟར་སྲིང་བའི་ཚུལ།

སེམས་རྒྱུད་དེ་ཆོས་ཀྱི་སྡེ་ཚན་གཅིག་པའི་ནང་གནས་ཀྱི་ཡོད།

ནང་པའི་སྐྱེ་བ་སྔ་ཕྱི་ལ་གོ་རྟོགས་རྙེད་པར། འདི་རྟོགས་རྒྱུ་ནི་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་སོང་ཙང་། ང་ཚོས་སེམས་རྒྱུད་ཀྱི་ངོ་བོ་ལ་བརྟག་རྒྱུ་ཡིན།

སེམས་རྒྱུད་ཀྱི་ཡོན་ཏན་གཙོ་བོ་ཞིག་ནི་ཆོས་ཀྱི་སྡེ་ཚན་གང་འདྲ་ཞིག་དེར་ཡོད་ནའང་། དེ་ནི་རྒྱུད་རིམ་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྡེ་ཚན་གཅིག་མཚུངས་སུ་རྟག་ཏུ་གནས་དགོས་པའི་སྐད་ཅིག་གི་རྒྱུད་རིམ་དེ་ཡིན་པ་རེད། དེའི་དོན་གང་རེད་དམ། དེ་ལ་དཔེ་མཚོན་ཞིག་བཞག་ན། ང་ཚོས་གཟུགས་སུ་གྲུབ་པའི་དངོས་པོ་ཞིག་གི་རྒྱུད་རིམ་སྐོར་ཤོད་ཆོག་པ་སྟེ། རྫས་དང་ནུས་ཤུགས་ཀྱི་རྒྱུད་ལྟ་བུ་རེད། ས་བོན་ཞིག་ཤིང་སྡོང་ལ་འགྱུར་ཐུབ་པ་དང་སྐད་ཅིག་རྗེས་མའི་ནང་སྤང་ལེབ་དང་། ཅོག་རྩེ་ལ་འགྱུར་སྲིད་པ་དང་། དེའི་རྗེས་སུ་མེ་དང་དྲོད། དེ་ནས་དུ་བ་དང་གོ་ཐལ་ལ་འགྱུར་སྲིད་པ་རེད། འདི་དང་འདྲ་བར་རྒྱུད་པ་དེ་ཆོས་ཀྱི་སྡེ་ཚན་གཅིག་པའི་ནང་རང་འཇགས་གནས་ཀྱི་ཡོད་པ་སྟེ། དེ་ནི་རྟག་ཏུ་རྫས་དང་ནུས་ཤུགས་ཀྱི་རྣམ་པའི་སྐད་ཅིག་གི་རྒྱུད་པ་ཞིག་ཡིན་པ་རེད། 

འོན་ཀྱང་། གཟབ་གཟབ་བྱེད་དགོས། སྐབས་འདིར་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཚིག་ནི་འགྱུར་བ་འགྲོ་བ་ཞེས་ཨིན་སྐད་ནང་ (change/transform) ཟེར་བ་དེ་ནི་བདེན་པར་གྲུབ་པའི་རྫས་དང་ནུས་ཤུགས་ཀྱི་ “ཐིགས་པ་” ལྟ་བུ་ཞིག་གནས་བབས་སྣ་ཚོགས་པའི་ནང་འགྱུར་ནས་འགྲོ་གི་ཡོད་པའི་དོན་མ་རེད། ཡིན་ནའང་། འགྱུར་ལྡོག་དེ་དག་གི་འོག་ཏུ་རྟག་པའི་རྟེན་གཅིག་པ་ཞིག་གནས་ཀྱི་ཡོད། དེ་ནི་འཇིམ་པ་རྣམས་བཟོ་ལྟ་མི་འདྲ་བ་སྣ་ཚོགས་པར་བཟོ་བ་འདྲ་པོ་མ་རེད་ལ། དེ་དག་ནི་འགྱུར་བ་མེད་པའི་རྡུལ་ཕྲན་གཅིག་པའམ་ཡང་ན་འགྱུར་བ་མེད་པའི་ཉེ་བའི་རྡུལ་ཕྲན་གཅིག་པ་རྣམས་ས་བོན་དང་། ཤིང་སྡོང་། སྤང་ལེབ། ཅོག་རྩེ། མེ། གོ་ཐལ་བཅས་གྲུབ་པའི་ཆེད་དུ་སླར་ཡང་བཀོད་སྒྲིག་བྱས་པ་ཙམ་ཞིག་ཀྱང་མིན། ཡང་དེ་ནི་འཇིག་རྟེན་གྱི་ནུས་པ་ཡོངས་སུ་རྫོགས་པའི་བསྡོམས་འབོར་འགྱུར་བ་མེད་པ་ལྟ་བུ་རྫས་དང་ནུས་ཤུགས་ཀྱི་རིགས་སྣ་ཚོགས་པ་དེ་དག་ཐམས་ཅད་རྟག་པའི་ངོ་བོ་ཆེ་བ་ཞིག་གི་འགྱུར་ལྡོག་ཀྱང་མིན། ང་ཚོས་མཐོང་བའི་གློག་བརྙན་ལྟད་མོ་ཞིག་གི་སྐད་ཅིག་གི་ནང་འགྱུར་བའི་གཟུགས་བརྙན་དེ་དྲན་དགོས། ང་ཚོས་དུས་རྟག་ཏུ་ཆོས་གང་ཞིག་གི་རྒྱུད་རིམ་སྐོར་ཤོད་ཀྱིན་ཡོད་ནའང་། “ཆོས་ག་གེ་མོ་” དེ་མེད་པར་རྟག་པའི་ངོ་བོ་ཡིན་པའི་ཆ་ནས་གནས་ཀྱི་ཡོད། དེའི་སྐོར་བསམ་ཞིབ་གནང་རོགས། འདི་ནི་དོན་དག་གནད་འགག་ཅན་ཞིག་རེད། 

སྒེར་སོ་སོའི་རང་སྣང་ཙམ་གྱི་ཡུལ་ཅན་གྱི་ཆོས་མྱོང་བའི་སྐད་ཅིག་གི་རྒྱུད་ལ་འཇུག་གི་ཡོད། མྱོང་བའི་རིགས་དེ་ནི་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་འགྲོ་བ་དང་རིགས་མི་འདྲ་བའི་ནང་འགྱུར་གྱི་ཡོད། འོན་ཀྱང་། དེ་ནི་ད་དུང་ཡང་གཞི་རྩའི་ཆ་ནས་ཆོས་ཀྱི་སྡེ་ཚན་གཅིག་པའི་ནང་གནས་ཀྱི་ཡོད་པ་སྟེ། ཆོས་ཤིག་ཉམས་སུ་མྱོང་བའི་རིགས་ཤིག་རེད། དཔེར་ན། གནད་དོན་ཞིག་ལ་དོ་དབྱིངས་ཡོད་པ་སྟེ། བརྙན་འཕྲིན་གྱི་ལེ་ཚན་ཞིག་ལ་དོ་དབྱིངས་ཡོད་པ་དེས་དེ་ལ་དོ་སྣང་སྤྲོད་པར་འགྱུར་བ་གཏོང་ཐུབ་པ་དང་། དོ་སྣང་དེ་བསུན་གཙེར་ལ་འགྱུར་ཆོག་པ། དེ་ཡང་ཉོབ་སྣང་དུ་འགྱུར་བ། ཉོབ་སྣང་དེ་ཐང་ཆད་པ་དང་། གཉིད་བྲོ་བ། གཉིད་ཁུག་པ། རྨི་ལམ་གཏོང་བ་སོགས་ལ་འགྱུར་ཆོག་པ་ལྟ་བུ་རེད། མྱོང་བའི་རིགས་དེ་ནི་སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་བཞིན་ཡོད་ནའང་། ཆོས་ཀྱི་སྡེ་ཚན་གཅིག་པའི་ནང་རྟག་ཏུ་གནས་ཀྱི་ཡོད། རྫས་དང་ནུས་ཤུགས་ཀྱི་སྐད་ཅིག་གི་རྒྱུད་པའི་གནས་སྐབས་སུ་ “སེམས་སམ་” “རྣམ་ཤེས་” ལྟ་བུ་རྟག་པའི་དངོས་པོ་སྐད་ཅིག་རེ་རེའི་ནང་རྣམ་པ་མི་འདྲ་བ་ཡོད་པ་ཞིག་མེད་ནའང་། དེ་ནི་རྟག་ཏུ་ཉམས་སུ་མྱོང་བཞིན་པ་ཞིག་ཏུ་གནས་ཀྱི་ཡོད། འདིར་སླར་ཡང་གློག་བརྙན་གྱི་དཔེ་དེ་དྲན་དགོས། 

གང་ལྟར་ཡང་། འདིར་གནད་དོན་གལ་ཆེ་ཤོས་ནི་ཆོས་གང་ཞིག་གི་སྐད་ཅིག་གི་རྒྱུད་པའི་ནང་། “ཆོས་གང་ཞིག་” ཟེར་བ་དེས་སྤྱིར་བཏང་གི་ཆོས་གང་ཡིན་པ་དེ་ལ་འགྱུར་བ་མི་གཏོང་ལ་གཏོང་མི་ཐུབ། ཁོང་ཁྲོ་ནི་ཅོག་རྩེ་ཞིག་ཏུ་འགྱུར་མི་ཐུབ་ལ་ཤིང་དེ་ཁོང་ཁྲོར་འགྱུར་མི་ཐུབ་པ་ལྟ་བུ་རེད། ཤིང་གི་སྐད་ཅིག་རྗེས་མ་དེ་ཁོང་ཁྲོ་བྱེད་མི་ཐུབ། ང་ཚོས་འདིར་ཆོས་གང་འཚམས་ཀྱི་མི་འདྲ་བ་གཉིས་ཀྱི་སྐོར་ཤོད་ཀྱིན་ཡོད་པ་སྟེ། ཕྱོགས་གཅིག་ལ་རྫས་དང་ནུས་ཤུགས་དང་ཕྱོགས་གཞན་ཞིག་ལ་ཡུལ་ཅན་གྱི་སྒོ་ནས་ཆོས་ཤིག་མྱོང་བཞིན་ཡོད་པ་དེ་རེད། 

དོན་ངོ་མར་འདི་ནི་ཧ་ཅང་གཏིང་ཟབ་པ་ཞིག་རེད། ང་ཚོས་སེམས་ཀྱི་སྐོར་བཤད་པའི་སྐབས། དེ་ནི་ཕྱིའི་དངོས་པོ་ལས་གང་འཚམས་ཀྱི་མི་འདྲ་བ་ཞིག་གི་སྐོར་ཤོད་ཀྱིན་ཡོད་པའི་བདེན་དོན་ལ་ནན་པོ་བཟོ་གི་ཡོད། དེའི་དོན་ནི་རྫས་དང་ནུས་ཤུགས་ནི་ཆོས་མྱོང་བ་ལ་འགྱུར་མི་ཐུབ་པ་རེད། དེ་ནི་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ཚན་རིག་པ་མང་ཆེ་བས་ཁམས་དཀར་དམར་མཉམ་འདུས་སམ། ཡང་ན་སྐྱེ་ལྡན་གྱི་རྫས་སྦྱོར་སྣ་ཚོགས་འདུས་པ་དེ་མི་ཚེ་ལ་འགྱུར་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ནང་ཆོས་ནས་ཧ་ཅང་གསལ་པོའི་སྒོ་ནས་དེ་དག་མི་ཚེའི་ནང་འགྱུར་མེད་ཅེས་བརྗོད་ཀྱི་ཡོད། ང་ཚོས་འདིའི་ཐད་རྒྱ་ཆེ་ཆུང་གི་རིམ་པའི་ཐོག་ནས་བལྟ་ཆོག

སེམས་རྒྱུད་ཀྱི་རྒྱ་ཆེ་ཆུང་གི་རིམ་པ་དང་འབྲེལ་བའི་ཐད་ཚན་རིག་དང་ནང་པའི་འདོད་ཚུལ་བསྡུར་ཞིབ།

ཚན་རིག་ལྟར་བྱས་ན། ཐོག་མར་འཇིག་རྟེན་འཕེལ་བ་དང་དེ་ནས་མི་ཚེ་འབྱུང་གི་ཡོད། དེར་བརྟེན་རྫས་དང་ནུས་ཤུགས་ཆོས་མྱོང་བ་ལ་འགྱུར་གི་ཡོད། ཕྱོགས་གཞན་ཞིག་ནས་ནང་ཆོས་ནས་ཚན་རིག་ལས་རྒྱ་ཆེ་བའི་ལྟ་ཚུལ་ཞིག་འདོད་ཀྱི་ཡོད། དེ་ཡང་། རྫས་དང་ནུས་ཤུགས་དང་ཆོས་མྱོང་བ་གཉིས་ཀར་ཐོག་མ་མེད་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། འཇིག་རྟེན་བྱེ་བྲག་ཅིག་གི་ནང་ཚན་རིག་གི་འགྲེལ་ཚུལ་དང་འདྲ་བར་ཕྱི་དངོས་པོའི་ཁོར་ཡུག་དེ་དང་པོ་འཕེལ་རྒྱས་འགྲོ་གི་ཡོད། ཁོར་ཡུག་དེ་མི་ཚེ་ལ་རྒྱབ་རྟེན་ཐུབ་པ་དང་འདང་ངེས་ཀྱིས་འཕེལ་རྒྱས་ཕྱིན་པ་དང་གང་ཟག་སོ་སོ་དེའི་ནང་སྐྱེ་བ་ལེན་འགོ་བཙུག་གི་ཡོད། དེར་མ་ཟད། ཚན་རིག་དང་མཉམ་དུ་གྲོས་མཐུན་དང་བཅས་སྲོག་ལྡན་གྱི་ལུས་རྟེན་འཇིག་རྟེན་བྱེ་བྲག་གཅིག་གམ་ཡང་ན་དེའི་ནང་གི་གཟའ་བྱེ་བྲག་གཅིག་གི་ནང་སྐྱེ་བ་ལེན་པ་དེ་ཌར་ཝིན་གྱི་འཕེལ་རིམ་ལམ་ལུགས་ཀྱི་རྗེས་སུ་འབྲང་སྲིད། ཡིན་ནའང་། ནང་ཆོས་ནས་སྤྱིར་བཏང་ཐོག་མ་མེད་པའི་འཇིག་རྟེན་གྲངས་མེད་པ་གསུང་གི་ཡོད་པ་དང་འཇིག་རྟེན་རེ་རེ་བཞིན་དུ་འཕེལ་རིམ་དང་འཇིག་རིམ་གྱི་འཁོར་མོ་ཞིག་བརྒྱུད་ནས་འགྲོ་གི་ཡོད། འོན་ཀྱང་། དེ་དག་ཕན་ཚུན་མཉམ་དུ་འབྱུང་གི་མེད། བྱས་ཙང་། ཐོག་མ་མེད་པའི་དུས་ལ་གཞིགས་ན། ང་ཚོས་རྫས་དང་ནུས་ཤུགས་འདི་དང་པོ་བྱུང་ཡོད་པ་དང་དེ་ནས་ནང་བཅུད་ཀྱི་ཆོས་མྱོང་བ་ལ་འགྱུར་ཡོད་ཅེས་བརྗོད་མི་ཐུབ། 

གང་ཟག་སྒེར་སོ་སོའི་གཞི་རྒྱ་ཆུང་བའི་རིམ་པའི་ཐོག་ནས་ཚན་རིག་པ་མང་པོས། ཆོས་མྱོང་བའི་ནང་འགྱུར་བའི་སྦྲུམ་སྲིང་ཞིག་གི་ནང་རྫས་སྦྱོར་དང་གློག་གི་རྒྱུད་རིམ་ལ་ཕྱིའི་དངོས་པོའི་གཞི་དེ་དང་པོ་འབྱུང་གི་ཡོད་པར་འདོད་ཀྱི་ཡོད། འོན་ཀྱང་། སླར་ཡང་ནང་ཆོས་ནས་འདོད་ཚུལ་འདི་ལ་དགག་པ་རྒྱག་གི་ཡོད། དབང་རྩའི་ཕྲ་ཕུང་ཞིག་གི་ནང་གློག་སྦྱོར་རྫས་ཀྱི་འགྱུར་བ་དེ་སྒེར་སོ་སོའི་ཡུལ་ཅན་གྱི་ཆོས་མྱོང་བ་དེ་སྐྲུན་པའམ་འགྱུར་གྱི་མེད། གློག་སྦྱོར་རྫས་ཀྱི་སྐད་ཅིག་གི་རྒྱུད་རིམ་དང་ཆོས་མྱོང་བའི་སྐད་ཅིག་གི་རྒྱུད་རིམ་ལ་རྒྱུད་མི་འདྲ་བ་ཡོད། གང་ཡིན་ཞེ་ན། དེ་དག་ནི་ཆོས་ཀྱི་སྡེ་ཚན་མི་འདྲ་བའི་རྒྱུད་ཡིན་པ་རེད། འོན་ཀྱང་། རྒྱུད་གཉིས་པོ་ཕན་ཚུན་འབྲེལ་བ་ཞིག་ཡོད་པ་རེད། 

ལུས་དང་སེམས་ཀྱི་རྒྱུད་གཉིས་པོའི་དབར་གྱི་འབྲེལ་བ།

ནང་ཆོས་ནས་སེམས་ཀྱི་རྒྱུད་ལ་རྟག་ཏུ་ལུས་རྟེན་ཞིག་དགོས་ཀྱི་ཡོད་པ་དང་དེ་ལ་རྒྱབ་རྟེན་ཞིག་དགོས། ཤིན་ཏུ་རགས་པའི་དབང་དུ་བྱས་ན། ལུས་པོ་ནི་སེམས་ཀྱི་རྒྱུད་ལ་རྒྱབ་རྟེན་དུ་དགོས་ཀྱི་ཡོད། ཡིན་ནའང་། རྟེན་དེས་གང་བརྟེན་པ་ཡིན་པ་དེ་སྐྲུན་གྱི་མེད། ང་ཚཔ་གནས་སའི་ས་གཞི་ལ་མཚོན་འདིའི་སྟེང་དུ་ལངས་པའི་མི་རྣམས་ལ་རྒྱབ་རྟེན་བྱེད་ཀྱི་ཡོད་ནའང་། ས་གཞི་ནི་དེའི་སྟེང་དུ་ལངས་པའི་མི་རྣམས་སྐྲུན་པའམ་འགྱུར་མེད། འགྱུར་ཡོད་དམ། 

ལུས་སེམས་གཉིས་དབར་གྱི་འབྲེལ་བ་འདི་ཆུ་ཤེལ་ཕོར་པ་གང་ལ་དཔེ་བཞག་ན། དེ་ནི་ཕལ་ཆེར་ཏག་ཏག་གནད་དུ་འཁེལ་བའི་དཔེ་མཚོན་ཞིག་མིན་ནའང་། ང་ཚོས་དེ་ལ་བརྟེན་ནས་རྟོགས་ཐུབ། ཡིན་ནའང་། དེ་ནི་དཔེ་མཚོན་ཡག་པོ་ཞིག་རེད། ཤེལ་ཕོར་གྱིས་ལུས་པོ་མཚོན་པ་དང་ཆུས་སེམས་མཚོན་གྱི་ཡོད། ཆུ་ཤེལ་ཕོར་གང་བླུགས་སྣོད་དུ་ཤེལ་ཕོར་དེ་དགོས་ངེས་ཤིག་ཡིན་ནའང་། ཤེལ་ཕོར་དེས་ཆུ་གསར་དུ་སྐྲུན་པ་ཞིག་མིན། ཤེལ་ཕོར་ནི་ཤེལ་ཕོར་རང་གི་རྒྱུད་ལས་འབྱུང་གི་ཡོད་པ་དང་ཆུ་ནི་ཆུ་རང་གི་རྒྱུད་ལས་འབྱུང་གི་ཡོད། འོན་ཀྱང་། ཆུ་ཤེལ་ཕོར་གང་ཆགས་པར་དེ་བླུགས་སྣོད་ཀྱི་ཆེད་དུ་ཁྱེད་རང་ལ་ཤེལ་ཕོར་དེ་དགོས་ཀྱི་ཡོད། ཐ་ན་ཆུ་དེ་ཤེལ་ཕོར་ནང་མེད་ནའང་། གཞི་རྐང་ནས་ཆུ་རང་ལ་གཟུགས་རྣམ་དང་དབྱིབས་འདྲ་པོ་ཞིག་ད་དུང་ཡང་ཡོད་པ་རེད། དེ་གང་ཡིན་ཞེ་ན། ཆུ་དེ་ནི་ད་དུང་ཡང་དངོས་པོ་ཡིན་པས། གོ་ལའི་འཐེན་ཤུགས་དང་ཕྱིའི་ནུས་ཤུགས་གཞན་ལ་བརྟེན་ནས་བཟོ་དབྱིབས་བཟོས་ཡོད། 

དེར་བརྟེན་ང་ཚོས་འདིར་ “ཆོས་མྱོང་ཚུལ” གྱི་སྐོར་ཤོད་ཀྱིན་ཡོད། ཆོས་མྱོང་ཚུལ་ལ་རྟག་ཏུ་རྒྱབ་རྟེན་ཞིག་ཡོད་པ་དང་དེ་ནི་ནམ་རྒྱུན་ལུས་ཀྱི་རྫས་དང་ནུས་ཤུགས་རགས་པ་དེ་རེད། དཔེར་ན། མི་ཚེ་གཅིག་གི་དུས་ཡུན་ནང་མིའམ་དུད་འགྲོ་ཞིག་ཡིན་པ་ལྟ་བུ་རེད། ཡིན་ནའང་། དེ་ནི་ཕྲ་བའི་ནུས་པའི་རྣམ་པ་ཞིག་ཀྱང་ཡིན་ཆོག་པ་སྟེ། དཔེར་ན། སྐྱེ་བ་མ་ལེན་པའི་བར་དོ་ལྟ་བུའམ་ཡི་དྭགས་ལ་སྐྱེ་བ་ལེན་པའི་སྐབས་ལྟ་བུ་རེད། 

གལ་ཏེ་ཁྱེད་ཀྱིས་ཤེལ་ཕོར་གཅིག་ནས་གཞན་ཞིག་གི་ནང་ཆུ་བླུགས་ན། ཤེལ་ཕོར་འདིའི་ནང་ཆུ་དེ་ལ་གཟུགས་རྣམ་དང་རྒྱབ་རྟེན་ངེས་ཅན་ཞིག་ཡོད་ལ། ཤེལ་ཕོར་གཞན་དེའི་ནང་དུའང་ཆུ་དེ་ལ་གཟུགས་རྣམ་དང་རྒྱབ་རྟེན་ངེས་ཅན་ཞིག་ཡོད། འོན་ཀྱང་། ཆུ་དེ་ཤེལ་ཕོར་གཅིག་ནས་གཞན་དུ་བླུགས་བཞིན་པའི་དུས་སྐབས་དེའི་རིང་ལ་དེ་ལྟར་མེད་ཅེས་བརྗོད་ངེས་མ་རེད། རེད་དམ། དེ་ནི་གཟུགས་རྣམ་ཕྲ་མོ་ཞིག་ཡོད་པ་དང་དེ་ནི་གོ་ལའི་འཐེན་ཤུགས་ཀྱིས་བཟོ་དབྱིབས་བཟོས་ཡོད། དེ་ནི་ང་ཚོའི་སེམས་རྒྱུད་དེ་ལུས་གཅིག་ལས་གཞན་དུ་སྐྱོད་པའི་སྐབས་ཀྱི་གང་ཟག་སྒེར་གྱི་སེམས་རྒྱུད་ཀྱི་ཆོས་མྱོང་ཚུལ་དང་གཅིག་མཚུངས་ཡིན་པ་རེད། དེ་ལ་ལུས་རགས་པའི་སྣོད་དང་བྲལ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ། ཁྱེད་ཀྱིས་དེ་གྲུབ་མེད་ཅེས་བརྗོད་མི་ཐུབ། ནང་ཆོས་ནས་སྐྱེ་བ་གཅིག་ནས་གཞན་དེའི་བར་གྱི་བར་དོའི་གནས་སྐབས་སུ་གང་ཟག་སྒེར་སོ་སོའི་ཆོས་མྱོང་ཚུལ་ནི་གང་ཟག་སྒེར་དེའི་ལས་ཀྱིས་ནུས་མཐུས་བཟོ་ལྟ་བཟོས་ཡོད། 

ཆུ་དང་ཤེལ་ཕོར་གཉིས་ཀ་ཕྱིའི་ཆོས་ཀྱི་གཟུགས་རྣམ་ཡིན་པ་སོང་ཙང་། འདི་ནི་དཔེ་མཚོན་རགས་པ་ཙམ་ཞིག་རེད། གཟུགས་སུ་གྲུབ་པ་ཞིག་ཡིན་པའི་ཆ་ནས་ཆུ་དེ་སྣོད་ཅིག་གི་ནང་དུ་གཟུགས་སུ་གྲུབ་པའི་སྒོ་ནས་ཤོང་ཐུབ་པ་ཡིན། ཕྱོགས་གཞན་ཞིག་ནས་སེམས་ཀྱི་བྱེད་ལས་ནི་གཟུགས་སུ་གྲུབ་པའི་དངོས་པོ་གཞན་ཞིག་གི་ནང་ཤོང་ཐུབ་པའི་གཟུགས་སུ་གྲུབ་པ་ཞིག་མིན། སེམས་ཀྱི་བྱེད་ལས་ནི་ཀླད་པ་དང་དབང་རྩའི་མ་ལག་གིས་གང་བྱེད་བཞིན་པ་དེ་རེད། དེའི་གནས་ས་ཀླད་པ་དང་དབང་རྩའི་མ་ལག་ཡིན་སྲིད་ནའང་། བྱེད་ལས་ཁོ་རང་ནི་ཀླད་པ་དང་དབང་རྩའི་མ་ལག་ཅིག་གི་ནང་གནས་པ་ཞིག་མིན། ནང་ཆོས་ནས་ “སེམས་” ཟེར་བ་དེ་ “ལག་ཆ་” ལྟ་བུ་ཞིག་ང་ཚོའི་ཀླད་པའི་ནང་དུ་གནས་ཡོད་པ་དང་། དེ་ཡང་གང་ཟག་སྒེར་ཞིག་གིས་ཆོས་རྣམས་རྟོགས་པའི་ཕྱིར་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྐོར་ཤོད་ཀྱིན་མེད་པ་དེ་དྲན་དགོས། འོན་ཀྱང་། གོ་བ་ཡངས་པའི་དབང་དུ་བྱས་ན། ང་ཚོར་ཆོས་རྣམས་མྱོང་བར་རྒྱབ་རྟེན་ལྟ་བུ་བྱ་བ་བྱེད་པའི་ལུས་རགས་པ་ཞིག་ཡོད་ཅེས་བརྗོད་ཆོག 

ད་ང་ཚོའི་ལུས་པོ་ནི་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་གི་ཡོད་པ་དང་དེ་ལ་སྒེར་སོ་སོའི་སེམས་རྒྱུད་ཅིག་ཡོད་པ་རེད། ཚེ་འདིའི་ང་ཚོའི་ལུས་ཀྱི་རྒྱུད་དེ་རྒྱུད་གཅིག་རེད། ཡིན་ནའང་། སྐྱེ་བ་སྔོན་མ་དང་ཕྱི་མའི་ལུས་ཀྱི་རྒྱུད་དེ་ནི་རྒྱུད་མི་འདྲ་བ་ཞིག་རེད། ཇི་ལྟར་ང་ཚོ་ཕྲུ་གུའི་ལུས་ལྟ་བུ་ཞིག་མི་དར་མའི་ལུས་ལྟ་བུ་ཞིག་ལ་འགྱུར་བའི་ཚུལ་ལྟར་ཚེ་གཅིག་གི་ལུས་པོ་ཚེ་གཞན་ཞིག་གི་ལུས་པོར་འགྱུར་གྱི་མེད། འོན་ཀྱང་། དེ་ནི་ང་ཚོའི་སེམས་རྒྱུད་དང་གཅིག་པ་རེད་དམ། 

ལུས་ཀྱི་རྒྱུད་ལ་དཔྱད་པ།

ད་ང་ཚོས་ལུས་ཀྱི་རྒྱུད་དང་སེམས་ཀྱི་རྒྱུད་གཉིས་དབར་གྱི་ཁྱད་པར་ཐད་ལ་ཏོག་ཙམ་ཞིབ་ཚགས་པོར་བལྟ་རྒྱུ་ཡིན། ཐོག་མར་ངས་གོ་བ་ཡངས་པའི་ཐ་སྙད་འདི་དག་བེད་སྤྱོད་བྱས་ན། སྐད་ཅིག་ངེས་ཅན་ཞིག་ལ་ལུས་གྲུབ་པའི་རྡུལ་ཕྲན་ཚང་མ་དང་ནུས་པའི་རྩི་གཞི་ཡོངས་སུ་རྫོགས་པ་ལ་བསམ་ཞིབ་བྱེད་དགོས། ལུས་པོ་ནི་སྐད་ཅིག་ཚང་མའི་ནང་རྡུལ་ཕྲན་གྱི་རིགས་སྣ་ཚོགས་པ་དང་ནུས་པའི་རྩི་གཞི་སྣ་ཚོགས་པ་ལས་གྲུབ་ཡོད། ཆ་ཤས་ཐོར་བུ་དེ་དག་རེ་རེ་ལ་རང་རང་སྒེར་གྱི་དུས་རྟག་ཏུ་འགྱུར་བའི་རྒྱུད་ཡོད། ལུས་ཀྱི་སྐད་ཅིག་བྱེ་བྲག་ནང་ཡོད་པའི་ཆ་ཤས་ཐོར་བུ་དེ་དག་གི་རྒྱུད་ནི་མུ་མཐུད་དེ་ལུས་ཀྱི་ནང་དུས་ཡུན་ཐུང་ངུའི་རིང་གནས་པ་དང་། དེ་དག་རེ་རེའི་སྐད་ཅིག་གི་རྒྱུད་རིམ་རྣམས་ལོགས་སུ་གྱེས་ནས་སོ་སོའི་ལམ་དུ་འགྲོ་སྲིད་པ་རེད། 

ཆ་ཤས་ཐོར་བུ་དེ་དག་འགའ་ཞིག་ལ་རིམ་པར་བྱུང་བའི་མི་རབས་ནང་རྒྱུད་ཅིག་ཡོད་སྲིད། ཕ་མའི་ཁམས་དཀར་དམར་གཉིས་འདུས་པ་ལས་མངལ་གནས་ཀྱི་ལུས་སུ་འགྱུར་གྱི་ཡོད། མངལ་གནས་ཀྱི་ལུས་དེ་ཕྲུ་གུའི་ལུས་སུ་འགྱུར་གྱི་ཡོད། ཕྲུ་གུའི་ལུས་དེ་མི་དར་མ་ཞིག་གི་ལུས་སུ་འགྱུར་གྱི་ཡོད། དར་མའི་ལུས་ཀྱི་ཆ་ཤས་ཀྱི་ཁམས་དཀར་དམར་གང་རུང་དང་མཉམ་དུ་མི་གཞན་ཞིག་གི་ལུས་པོ་ལས་ཁམས་དམར་པོ་དང་དཀར་པོ་ལ་བརྟེན་ནས་མི་རབས་རྗེས་མའི་མི་ཞིག་གི་ལུས་པོར་འགྱུར་གྱི་ཡོད། 

འོན་ཀྱང་། དེ་ནི་དེ་ལས་རྦད་དེ་མགོ་རྙོག་ཆེ་བ་ཡོད། ཆ་ཤས་ཅུང་ཟད་རེ་རེ་ཞེས་པ་ནི་ཀར་བོན་གྱི་རྡུལ་ཕྲན་རེ་རེའམ། སྲོག་འཛིན་རླུང་གི་རྡུལ་ཕྲན་རེ་རེ། ཡང་ན་ནུས་པའི་རྩི་གཞི་རེ་རེ་ལ་ཆ་བཞག་ན། དེ་དག་ལ་གཞན་ཞིག་གི་ཆ་ཤས་ལྟ་བུ་སྔོན་གྱི་རིམ་པ་ཡོད། དེ་ནི་ང་ཚོས་ཟས་པའི་ཁ་ལག་གི་ཆ་ཤས་ཡིན་སྲིད་ལ་ང་ཚོས་དབུགས་བཏང་བའི་རླུང་གི་ཆ་ཤས་ཡིན་སྲིད། ཡང་ན་ང་ཚོས་ཚོར་བའི་ཉི་མའི་འོད་ཀྱི་དྲོད་ཀྱི་ཆ་ཞིག་ཀྱང་ཡིན་སྲིད། སེམས་ཅན་གཞན་དག་གི་ལུས་པོའི་ཆ་ཤས་སུ་ཤ་ལྟ་བུའམ་ཡང་ན་ཕ་མའི་ཁུ་ཁྲག་ལྟ་བུ་ཡིན་སྲིད། འོན་ཀྱང་། དེ་ནི་འགྱུར་ལྡོག་ཕྱིན་ཏེ་ད་ལྟ་སྐད་ཅིག་འདིའི་ནང་ང་ཚོའི་ལུས་པོའི་ཆ་ཤས་སུ་གྱུར་ཡོད། ང་ཚོའི་ལུས་པོའི་ཆ་ཤས་སུ་དུས་ཡུན་ཚད་ངེས་ཅན་ཞིག་གི་རྗེས་སུ་ཆ་ཤས་ཆུང་ངུའི་རྒྱུད་དེ་མུ་མཐུད་དེ་འགྲོ་བ་དང་གཞན་ཞིག་གི་ཆ་ཤས་སུ་འགྱུར་གྱི་ཡོད། དེ་ནི་ད་ལྟའི་ཆར་ལུས་ཀྱི་སྙིགས་རོའི་ཆ་ཤས་སུ་འགྱུར་བའམ། ཡང་ན་ང་ཚོས་འཕེན་པའི་སྤོ་ལོའི་འགུལ་སྐྱོད་ཀྱི་ཤུགས་ཤིག་ཏུ་འགྱུར་གྱི་རེད། དེ་ནི་མི་གཞན་ཞིག་གི་ལུས་ཀྱི་ཆ་ཤས་ཡིན་སྲིད་པ་སྟེ། ང་ཚོའི་ཕྲུ་གུའམ་ཡང་ན་ང་ཚོའི་རོ་བཟའ་མཁན་གྱི་འབུ་སྲིན་ཞིག་ཡིན་སྲིད་པ་ལྟ་བུ་རེད། 

ཕྱོགས་གཞན་ཞིག་ནས་སྐད་ཅིག་ངེས་ཅན་གང་རུང་ཞིག་གི་ནང་ཆ་ཤས་ཐོར་བུ་ཆུང་ཙག་དེ་དག་ལས་གྲུབ་པའི་ང་ཚོའི་ལུས་པོ་ནི་གཞན་ཞིག་ནས་ཡོང་གི་ཡོད་པ་དང་། འདི་ནས་ཕྱིན་ཏེ་གཞན་ཞིག་གི་ཆ་ཤས་སུ་འགྱུར་གྱི་ཡོད། རྫས་དང་ནུས་པ་ཆུང་ངུ་རེ་རེ་ནི་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་ནི་སྐྲུན་མི་ཐུབ་ལ་འཇོམས་མི་ཐུབ་པར། འགྱུར་ལྡོག་ཁོ་ན་འགྲོ་གི་ཡོད། ཆ་ཤས་ཐོར་བུ་དེ་དག་རེ་རེ་ལ་རྒྱུད་བྱེ་བྲག་ཡོད་པ་དང་དེ་དག་ཐོག་མཐའ་མེད་པར་གཏན་ཏུ་གནས་ཀྱི་ཡོད། 

འདི་ནི་ཅུང་ཟད་ཅིག་ལས་སླ་བཅོས་ཐལ་དྲགས་པ་ཞིག་ཡིན་ངེས་རེད། གང་ཡིན་ཞེ་ན། ད་ཡོད་ཀྱི་གས་ཐོར་ཆེན་མོའི་ལྟ་བའི་རྣམ་གཞག་དང་ད་ཡོད་ཀྱི་འཇིག་རྟེན་འདི་མཇུག་རྫོགས་ཚུལ་གྱི་ལྟ་ཚུལ་ལ་གཞིགས་ན། ཀར་བོན་གྱི་རྡུལ་ཕྲན་བྱེ་བྲག་ཅིག་གི་རྒྱུད་ལ་ཐོག་མཐའ་མེད་ཅེས་པའི་གནད་དོན་མ་རེད། དེར་མ་ཟད། ཀར་བོན་རྡུལ་ཕྲན་བྱེ་བྲག་ཅིག་གི་རྒྱུད་ཀྱི་སྐད་ཅིག་རིམ་པར་བྱུང་བའི་ནང་ཀར་བོན་གྱི་རྡུལ་དེ་སྐད་ཅིག་སྐད་ཅིག་ཏུ་འགྱུར་བ་འགྲོ་བ་དང་དམིགས་བསལ་དེ་རྫས་ཀྱི་རྣམ་འགྱུར་ཞིག་གི་ནང་རྡུལ་ཕྲན་གཞན་དང་མཉམ་དུ་ག་དུས་མཐུད་སྦྱོར་བྱེད་པ་ཡིན་ནའང་དེ་སྐད་ཅིག་རེ་རེ་བཞིན་འགྱུར་བ་འགྲོ་གི་ཡོད། གང་ལྟར་ཡང་། ངས་འདིར་གང་ཞིག་གསལ་བཤད་བྱེད་ཐབས་བྱེད་བཞིན་པའི་བསམ་བློ་ཞིག་ཁྱེད་ལ་རག་ཡོད་ཀྱི་རེད་བསམ་གྱི་འདུག

ལུས་ཀྱི་རྒྱུད་ཀྱི་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་རྒྱུན་འཛིན་བྱེད་པ།

ང་ཚོའི་ད་ཡོད་ཀྱི་ལུས་པོས་ཐོག་མཐའ་ཡོད་པའི་སྒོ་ནས་ཚད་ཡོད་སྐད་ཅིག་གི་རྒྱུད་རིམ་ཆེད་དུ་ངོ་བོ་ཆ་ཚང་བ་ཞིག་འཛིན་ཐུབ་ཀྱི་ཡོད། དེ་ཆ་ཚང་བའི་ངོ་བོར་གནས་པའི་སྐབས་སུ་དེས་རང་གི་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་རང་སོར་འཇོག་གི་ཡོད་པས། དེ་ནི་གང་འཚམས་ཀྱི་བསྔགས་འོས་པ་ཞིག་རེད། གལ་ཏེ་དེའི་ཆ་ཤས་ཐོར་བུ་ཚང་མ་སྐད་ཅིག་རེ་རེའི་ནང་འགྱུར་བ་འགྲོ་གི་ཡོད་ན། དེས་ཇི་ལྟར་བྱེད་དམ། ང་ཚོ་ལོ་བཅུ་ཡིན་པའི་སྐབས་སུ་ཕྲ་ཕུང་གཅིག་ནང་གི་ཌི་ཨེན་ཨེའི་རྡུལ་ཕྲན་ (DNA) རྣམས་ང་ཚོ་ལོ་བཞི་བཅུ་ཡིན་པའི་སྐབས་ཀྱི་ཕྲ་ཕུང་གཞན་འགའི་ནང་གི་ཌི་ཨེན་ཨེའི་རྡུལ་ཕྲན་རྣམས་དང་གཅིག་པ་མ་རེད། དེ་ག་ནང་བཞིན་ང་ཚོའི་ཕ་མའི་ལུས་ཀྱི་རིགས་རྫས་ཀྱི་རྡུལ་ཕྲན་རྣམས་སོ་སོ་རང་ཉིད་ཀྱི་རིགས་རྫས་དང་གཅིག་པ་མ་རེད། 

ང་ཚོའི་ལུས་ཀྱི་ཕྲ་ཕུང་ཚང་མ་མུ་མཐུད་དེ་ཕྲ་ཕུང་གསར་པས་བརྗེ་ཚབ་བྱེད་ཀྱི་ཡོད། སྨན་པ་རྣམས་ཀྱིས། ཕ་མའི་ཁུ་ཁྲག་ལས་བྱུང་བའི་ཕྲ་ཕུང་ངམ་རྩི་གཞི་འགའ་ཞིག་ཡོད་པ་དང་དེ་དག་རྐང་རུས་ཀྱི་ཆ་ཤས་སུ་གནས་པ་ལྟ་བུ་ཡིན་པ་དང་། དེ་དག་ནི་མི་ཚེ་གཅིག་གང་པོར་དེ་ལྟར་གནས་སྲིད་ཅེས་བརྗོད་ངེས་རེད། 

དོན་ངོ་མར་ནང་ཆོས་ནས་ཀྱང་འདི་གསུང་གི་ཡོད། ནང་ཆོས་ནས་དེ་དག་ལ་ “བྱང་སེམས་དཀར་པོ་དང་དམར་པོ་” ཞེས་བརྗོད་ཀྱི་ཡོད། འོན་ཀྱང་། ལུས་ཀྱི་ཆ་ཤས་ཐོར་བུ་ལྷག་མ་དེ་དག་གཅིག་ཀྱང་མངལ་ཆགས་ནས་བཟུང་སྟེ་མ་ཤི་བར་དུ་དེར་མེད། ང་ཚོ་ཤི་བའི་སྐབས། ཐ་ན་ང་ཚོའི་ཕ་མ་ལས་བྱུང་བའི་དེར་ཡོད་ཀྱི་ཆ་ཤས་ཐོར་བུ་དེ་དག་ཀྱང་གཞན་ཞིག་ཏུ་འགྱུར་འགྲོ་གི་ཡོད། དེ་དག་ནི་ས་ལྟ་བུ་གཞན་ཞིག་གི་ཆ་ཤས་སུ་འགྱུར་གྱི་ཡོད། 

དེ་འདྲ་སོང་ཙང་། མདོར་བསྡུས་ན་ང་ཚོས་སོ་སོའི་ལུས་པོའི་སྐོར་བཤད་པའི་སྐབས། དེ་ནི་ཆོས་གཞན་སྣ་ཚོགས་པ་ལས་འབྱུང་གི་ཡོད་པ་ཧ་ཅང་གསལ་པོ་རེད། ཆ་ཚང་བའི་ངོ་བོ་ལྟ་བུའི་ལུས་ཀྱི་རྒྱུད་ཅིག་ཡོད་པ་དེ་ནི་གང་ལ་གང་འཚམས་ཀྱི་ཁྱད་མཚར་ཞིག་ཡོད། ཡིན་ནའང་། མི་ཚེ་གཅིག་གི་རིང་དུས་ཚོད་ཚད་ངེས་ཅན་གྱི་བར་དུ་གནས་པའི་རྒྱུད་ཅིག་ཡོད། ཆ་ཤས་ཐོར་བུ་དེ་དག་ཐམས་ཅད་ཆོས་ཀྱི་རིགས་གཞན་ཚང་མ་ལས་འབྱུང་གི་ཡོད། སྐད་ཅིག་གཅིག་གི་ང་ཚོའི་ལུས་ཀྱི་ཆ་ཤས་དེ་གང་ཡིན་པ་དེ་ནི་དོན་ངོ་མར་དུས་ཚོད་ཐུང་ངུའི་རིང་གི་ང་ཚོའི་ལུས་པོའི་རྒྱུད་འདིའི་ཆ་ཤས་ཙམ་ཡིན་པ་རེད། འོན་ཀྱང་། དེ་ལ་སོ་སོའི་རྒྱུད་ཡོད་པ་དང་དེ་ནི་སྔོན་གཞན་ཞིག་གི་ཆ་ཤས་ཡིན་པ་དང་ཕྱིས་སུ་དེ་ནི་གཞན་ཞིག་གི་ཆ་ཤས་སུ་འགྱུར་གྱི་རེད། 

དེ་ལྟ་ནའང་། སེམས་ཀྱི་རྒྱུད་ལྟ་བུ་ཆོས་མྱོང་ཚུལ་དེ་གང་འདྲ་རེད་དམ། དེ་ནི་རྒྱུད་ཀྱི་རིགས་གཅིག་པ་ཞིག་རེད། འདི་ནི་ཧ་ཅང་དོ་སྣང་བྱ་འོས་པའི་དྲི་བ་ཞིག་རེད། འདི་ནི་དངོས་གནས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་དྲི་བའི་གནད་དེ་ལ་ཐུག་གི་ཡོད། རིགས་རྫས་ཀྱི་རྒྱུན་ལྟ་བུ་ང་ཚོའི་སེམས་རྒྱུད་ཀྱི་ཆ་ཤས་ཤིག་དེ་ཕ་མ་ནས་བྱུང་བ་དང་དེའི་ཆ་ཤས་སོ་སོའི་བུ་ཕྲུག་ཚོར་བརྒྱུད་པ་ཞིག་རེད་དམ།

སེམས་རྒྱུད་ལ་དཔྱད་ཞིབ།

ཆོས་མྱོང་བའི་རྒྱུད་དེའང་ཆ་ཤས་མང་པོ་ལས་གྲུབ་པ་ཞིག་ཡིན། དཔེར་ན། སྐད་ཅིག་གང་རུང་ཞིག་གི་ནང་ཚོང་ཁང་ནང་གི་དངོས་པོ་ཞིག་མཐོང་ནས་དངོས་པོ་དེ་ལ་དོ་དབྱིངས་བསླེབ་པ་དང་། དེ་ལ་དམིགས་པ་གཏད་པ། དེ་ལ་དགའ་མོས་བྱེད་པ། དེ་ལ་དགའ་ཚོར་སྐྱེ་བ། དེ་ལ་འདོད་པ་སྐྱེ་བ་སོགས་ཡོང་ཆོག དེ་དག་ཐམས་ཅད་ནི་ཆོས་ཤིག་མྱོང་བའི་སྐད་ཅིག་གཅིག་གི་ཆ་ཤས་དག་ཡིན་པ་རེད། ཆོས་ཤིག་མྱོང་སྟངས་དེ་དག་རེ་རེ་ལ་གང་ཟག་སྒེར་གྱི་སེམས་རྒྱུད་ཀྱི་ཆ་ཤས་སུ་སྐད་ཅིག་གི་རྒྱུད་རིམ་ཞིག་ཡོད་སྲིད། ང་ཚོའི་སེམས་ཀྱི་རྒྱུད་ལ་དངོས་པོ་ཞིག་མཐོང་བ་དང་། གནད་དོན་ཞིག་ལ་དོ་སྣང་བྱེད་པ། གནད་དོན་ཞིག་གི་ཐད་ལ་དགའ་ཚོར་སྐྱེ་བ། ཡང་ན་དངོས་པོ་ཞིག་ལ་འདོད་པ་ཡོད་པའི་སྐད་ཅིག་གི་རྒྱུད་རིམ་ཞིག་ཡོད་སྲིད། དེ་འདྲ་བའི་ “ཆོས་གང་རུང་” དེ་ཡང་དོ་སྣང་གི་རིམ་པ་དང་། སྤྲོ་བ། བདེ་སྐྱིད། ཡང་ན་ང་ཚོས་ཚོར་བའི་འདོད་པ་ལྟར་འགྱུར་བ་འགྲོ་སྲིད། ཆོས་མྱོང་ཚུལ་དེ་དག་འགའ་ཞིག་ནི་ཐ་ན་ང་ཚོ་གཉིད་ཁུག་པའི་སྐབས་སུའང་རྒྱུན་མ་ཆད་པར་བརྒྱུད་ནས་འགྲོ་གི་ཡོད། དཔེར་ན། བདེ་བ་དང་། སྡུག་བསྔལ། བཏང་སྙོམས་བཅས་ཀྱི་རིམ་པ་ཞིག་ཚོར་བ་ལྟ་བུ་རེད། གཞན་དག་ལ་མཚོན་ན་འདོད་ཆགས་ལྟ་བུ་མངོན་དུ་མ་གྱུར་བའི་སྐབས་སུ་བར་དོའི་དུས་སྐབས་ཤིག་ཡོད། ཡིན་ནའང་། དུས་སྐབས་དེའི་ཚེ་ན་དེ་དག་བག་ཆགས་ལྟ་བུ་ང་ཚོའི་སེམས་རྒྱུད་ལ་ཕྲ་བའི་རྣམ་པར་མུ་མཐུད་ནས་འགྲོ་གི་ཡོད་ཅེས་ནང་ཆོས་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། 

འོན་ཀྱང་། ང་ཚོའི་ལུས་ཀྱི་རྡུལ་ཕྲན་དང་མི་འདྲ་བར་སེམས་ཀྱི་ཆ་ཤས་ཐོར་བུ་དེ་དག་ལ་སྔོན་དང་རྗེས་ཀྱི་རིམ་པའི་ནང་དེ་སེམས་རྒྱུད་གཞན་ཞིག་གི་ཆ་ཤས་ཡིན་པ་དེ་འདྲ་ཞིག་མེད། དེ་ནི་ཀར་བོན་གྱི་རྡུལ་ཕྲན་དེ་ཟས་ཀྱི་ཆ་ཤས་ཡིན་པ་དང་། དེ་ནས་ང་ཚོའི་ལུས་ཀྱི་ཆ་ཤས་སུ་གྱུར་བ། དེ་ནས་ང་ཚོའི་ལུས་ཀྱི་སྙིགས་རོའི་ཆ་ཤས། མཐར་སའི་ཆ་ཤས་སུ་གྱུར་བ་ལྟ་བུ་མ་རེད། ང་ཚོས་གློག་བརྙན་ཞིག་བལྟ་བཞིན་པའི་སྐབས་སུ་མྱོང་བའི་བདེ་སྐྱིད་དེ་མ་མྱོང་གོང་མི་གཞན་ཞིག་གི་བདེ་སྐྱིད་ཀྱི་རྒྱུད་ཀྱི་ཆ་ཤས་ཤིག་ཡིན་པ་དང་དུས་ཕྱིས་སུ་དེ་མི་གཞན་ཞིག་གི་བདེ་སྐྱིད་ཀྱི་རྒྱུད་ཀྱི་ཆ་ཤས་སུ་འགྱུར་གྱི་ཡོད་པ་དེ་འདྲ་མ་རེད། ཡང་མི་གཞན་ཞིག་གི་བདེ་སྐྱིད་ཀྱིས་བདེ་སྐྱིད་ཡིན་པ་དེ་བཀག་ནས་ང་ཚོའི་བདེ་སྐྱིད་ཀྱི་ངོ་བོར་ཏོག་ཙམ་རིང་གནས་པ་དང་། དེ་ནས་ང་ཚོ་བཞག་ནས་མི་གཞན་ཞིག་གི་བདེ་སྐྱིད་ཆགས་ཀྱི་ཡོད་པ་དེ་འདྲའང་མ་རེད། དེ་ནི་ང་ཚོའི་ལུས་གྲུབ་པའི་རྫས་དང་རྦད་དེ་མི་འདྲ་བ་རེད། ཆོས་གང་ཞིག་མྱོང་བའི་ཚུལ་དེ་ང་ཚོའི་ཕ་མ་དང་གཞན་གང་རུང་ཞིག་ནས་བྱུང་བ་མིན། 

ད་ང་ཚོས་སྒེར་གྱི་ངོས་ནས་ཆོས་རྣམས་ཉམས་སུ་མྱོང་ཐུབ་པ་དེ་ནི་ང་ཚོའི་ཕ་མ་ཚོས་ཆོས་རྣམས་སྒེར་གྱི་ངོས་ནས་མྱོང་ཐུབ་པའི་བདེན་དོན་ལས་བྱུང་བ་ཞིག་ཡིན་ཞེས་བརྗོད་ཆོག དེ་ལྟར་བརྗོད་ཆོག་ནའང་། དེ་ནི་ང་ཚོའི་ཕ་མ་གསོན་པོར་གནས་པ་དེ་ཉམས་སུ་མྱངས་ཡོད་པའི་རྒྱུ་མཚན་གྱིས་ང་ཚོས་གསོན་པོར་གནས་པ་འདི་མྱོང་ཐུབ་ཅེས་ཟེར་བ་འདྲ་པོ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོའི་ཕ་མས་གསོན་པོར་གནས་པ་དང་ལུས་པོ་ཞིག་ཡོད་པ་དེ་མྱངས་མེད་ན། ང་ཚོས་ཀྱང་གསོན་པོར་གནས་པ་དང་ལུས་པོ་ཞིག་ཡོད་པ་འདི་ཉམས་སུ་མྱོང་ངེས་མ་རེད་ཅེས་པ་འདི་ནི་བདེན་པ་རེད། འོན་ཀྱང་། དེ་ནི་འབྲེལ་མེད་ཀྱི་བདེན་པ་རང་གསལ་ཞིག་རེད། ང་ཚོས་སེམས་རྒྱུད་ལ་དཔྱད་པའི་སྐབས། དེ་ནི་ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་མ་རེད། 

གློག་བརྙན་ཞིག་བལྟ་བཞིན་པའི་སྐབས་བདེ་བ་མྱོང་བ་ནི་ཡུལ་ཅན་ཤེས་པས་སྒེར་གྱི་བདེ་བ་ཞིག་མྱངས་ཡོད། དེ་ནི་སེམས་རྒྱུད་གཅིག་པའི་ནང་དུ་བདེ་བ་མྱོང་བའི་སྔོན་གྱི་དུས་སྐབས་ཀྱི་རྗེས་ཀྱི་དུས་སྐབས་ཙམ་ཞིག་རེད། དེ་ནི་རྒྱུད་གཅིག་གི་ནང་སྐད་ཅིག་གི་རྒྱུད་རིམ་ཞིག་གི་ཆ་ཤས་ཁོ་ན་ཡིན་ཆོག དེ་ནི་ང་ཚོའི་ཕ་མའི་སེམས་རྒྱུད་ནས་བྱུང་བ་ཞིག་མིན་ལ། དེ་ང་ཚོའི་བུ་ཕྲུག་ཚོའི་སེམས་རྒྱུད་ལ་འགྲོ་རྒྱུ་ཞིག་ཀྱང་མིན། སྒེར་སོ་སོའི་སེམས་རྒྱུད་ཀྱི་ནང་སོ་སོའི་རྒྱུད་ཅིག་ཡོད་པ་དེ་ཁོ་ན་ཡིན་ཆོག དེ་ནི་འདིར་དངོས་གནས་གལ་གནད་ཅན་དེ་རེད། 

ང་ཚོས་བདེ་བ་མྱོང་བ་ནི་སྒེར་སོ་སོ་དང་ཡུལ་ཅན་གྱི་ཆ་ནས་ཡིན་པ་དང་དེ་ནི་སྤྱིར་བཏང་ང་ཚོས་ཆོས་ཉམས་སུ་མྱོང་བ་དང་གཅིག་མཚུངས་རེད། ང་ཚོས་མི་གཞན་ཞིག་གི་ཉམས་མྱོང་ལས་སྦྱོང་ཆོག་ནའང་། གང་སྒེར་དང་ཡུལ་ཅན་གྱིས་གནམ་གཤིས་མྱོང་བ་དེ་མི་གཞན་ཞིག་གི་སྒེར་དང་ཡུལ་ཅན་གྱིས་གནམ་གཤིས་མྱོང་བ་དེ་ཆགས་ཀྱི་མེད། དེ་ནི་སོ་སོ་རང་ཉིད་སྒེར་དང་ཡུལ་ཅན་གྱིས་གནམ་གཤིས་མྱོང་བའི་སྐད་ཅིག་གཞན་ཙམ་ཞིག་རེད། 

རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ “སྒེར་སོ་སོའི་སེམས་རྒྱུད་” བཤད་པའི་སྐབས། དེ་ནི་ལུས་ལས་འབྱུང་གི་མེད། ཡང་ན་དེ་རྫས་དང་ནུས་ཤུགས་ལས་འབྱུང་གི་མེད། ང་ཚོ་སྒེར་སོ་སོའི་སེམས་རྒྱུད་ཀྱི་སྐད་ཅིག་རེ་རེ་ནི་སྔོན་གྱི་སྒེར་སོ་སོ་དང་ཡུལ་ཅན་གྱི་ཆོས་མྱོང་བ་ཞིག་ལས་འབྱུང་དགོས་ཀྱི་ཡོད། ཡང་ང་ཚོའི་ཕ་མ་ལྟ་བུ་མི་གཞན་ཞིག་གི་སྒེར་དང་ཡུལ་ཅན་གྱི་ཆོས་མྱོང་བ་ལས་འབྱུང་མི་སྲིད། དེ་ནི་ང་རང་ཚོ་སོ་སོ་སྒེར་དང་ཡུལ་ཅན་གྱི་ཆོས་མྱོང་བའི་རྒྱུད་ཀྱི་ཆ་ཤས་ཁོ་ན་ཡིན་སྲིད་པ་རེད།

སེམས་རྒྱུད་ལ་དོན་དམ་གྱི་ཐོག་མ་དང་མཐའ་མ་ཞིག་ཡོད་སྲིད་དམ།

ང་ཚོས་སྒེར་སོ་སོའི་སེམས་རྒྱུད་ནི་དེ་རང་གི་ཆོས་ཀྱི་སྡེ་ཚན་ཞིག་ཁོ་ན་ལས་འབྱུང་ཐུབ་པ་དེ་གཏན་འབེབས་བྱས་ཡོད། སྤྱིར་བཏང་སེམས་རྒྱུད་ལ་དེའི་རྒྱབ་རྟེན་གྱི་ཆེད་དུ་ལུས་ཀྱི་རྒྱུད་ཅིག་དགོས་ནའང་། ལུས་ཀྱི་རྒྱུད་དེ་ནི་སེམས་རྒྱུད་ཀྱི་རྐྱེན་ཙམ་ཞིག་རེད། དེ་ཡང་རྐྱེན་དགོས་ངེས་ཅན་ཞིག་རེད། དེ་ནི་སེམས་རྒྱུད་ཀྱི་ནང་འགྱུར་ལྡོག་འགྲོ་བའི་དེ་མ་ཐག་པའི་རྐྱེན་ཞིག་མིན། སྒེར་སོ་སོའི་སེམས་རྒྱུད་དེ་མི་གཞན་ཞིག་གི་སེམས་རྒྱུད་ལས་འབྱུང་མི་ཐུབ་པ་དེའང་གཏན་ལ་ཕབ་པ་རེད། དེ་ནི་ཤེས་པའི་རྒྱུད་དེ་རང་ལས་ཡོང་དགོས་ཤིང་། དེ་ནས་བརྒྱུད་དེ་མུ་མཐུད་འགྲོ་དགོས་ཀྱི་ཡོད། 

ད་དྲི་བ་གཙོ་བོ་གང་ལྷག་ཡོད་ཅེ་ན། དོན་དམ་གྱི་ཐོག་མ་དེ་མངལ་དུ་ཉིང་མཚམས་སྦྱོར་བའི་དུས་སྐབས་དེའི་ཚེའམ། ཡང་ན་དུས་ཕྱིས་སུ་མངལ་གནས་དེས་སེམས་རྒྱུད་ལ་རྒྱབ་རྟེན་བྱེད་ཐུབ་པའི་འགྲིག་ངེས་ཀྱི་ཡར་རྒྱས་ཕྱིན་མིན་ལ་ལྟོས་མེད་ཐོག་སྒེར་གྱི་སེམས་རྒྱུད་དེ་ལ་དོན་དམ་གྱི་ཐོག་མ་ཞིག་ཡོད་དམ་མེད། ཡང་ན་སྒེར་སོ་སོའི་སེམས་རྒྱུད་ལ་དོན་དམ་གྱི་མཐའ་ཞིག་ཡོད་དམ་མེད་ཅེས་པ་དེ་རེད། དྲི་བ་དེ་གཉིས་རྒྱུ་མཚན་དུ་བྱས་ནས་སྐྱེ་བ་སྔ་ཕྱི་སྐོར་དེ་རྒྱུ་འབྲས་ཀྱི་རྣམ་གཞག་དང་སྟོང་པ་ཉིད་ཀྱི་སྐོར་དང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད། ཤེས་པའི་སྐད་ཅིག་གཉིས་པ་སྐྱེ་བར་རྒྱུ་བྱེད་མཁན་གྱི་སེམས་རྒྱུད་སྐད་ཅིག་དང་པོ་དེ་རྒྱུ་མེད་པ་ལས་བྱུང་སྲིད་དམ། ཡང་ཤེས་པའི་སྐད་ཅིག་སྔ་མའི་འབྲས་བུར་བྱུང་བའི་སེམས་རྒྱུད་ཀྱི་སྐད་ཅིག་མཐའ་མ་དེས་དེའི་རྗེས་ཀྱི་སྐད་ཅིག་འབྱུང་བར་མི་བྱེད་པ་སྲིད་དམ། སྔོན་གྱི་རྒྱུའི་འབྲས་བུ་མིན་པའི་རྒྱུ་ཞིག་ཡོད་སྲིད་དམ། དེ་བཞིན་རྗེས་ཀྱི་འབྲས་བུའི་རྒྱུ་མིན་པའི་འབྲས་བུ་ཞིག་ཡོང་སྲིད་དམ། སྐྱེ་བ་སྔ་ཕྱིའི་གོ་བ་ཟབ་མོ་ཞིག་ཐོབ་པར་གནད་དོན་དེ་དག་གི་ཐད་ལ་ང་ཚོས་བརྟག་དཔྱད་ངེས་པར་དུ་བྱེད་དགོས། 

དེར་མ་ཟད། གལ་ཏེ་ལུས་ཀྱི་རྟེན་འདི་སེམས་རྒྱུད་ཀྱི་རྒྱུ་བྱེད་མི་ཐུབ་པ་དང་། ཤེས་པའི་རྒྱུད་ཀྱི་སྐད་ཅིག་རེ་རེ་ནི་ཤེས་པའི་རྒྱུད་དེ་གའི་སྔོན་གྱི་སྐད་ཅིག་རྒྱུད་པ་གཅིག་པ་ལས་འབྱུང་གི་མེད་པ། དེ་བཞིན་དེས་སྐད་ཅིག་ཕྱི་མའི་ཕྱི་མར་སྐྱེད་པར་བྱེད་ཀྱི་མེད་ན། ཐབས་གཞན་གང་ཡོད་དམ། དོན་དམ་པའི་ཐོག་མ་ཞིག་ནས་དོན་དམ་པའི་ “མེད་པ་” ཞིག་དོན་དམ་པའི་ “ཡོད་པ་” ཞིག་ཏུ་འགྱུར་བ་དང་། དོན་དམ་པའི་མཐའ་མ་ཞིག་ལ་དོན་དམ་པའི་ “ཡོད་པ་” དེ་དོན་དམ་པའི་ “མེད་པ་” ཞིག་ཏུ་འགྱུར་གྱི་ཡོད་དམ། ཕྱོགས་གཞན་ཞིག་ནས་བཤད་ན། དོན་དམ་པའི་ཐོག་མ་ཞིག་ལ་ཤེས་པའི་རྒྱུད་མ་གྲུབ་པ་ཞིག་དེ་ཤེས་པའི་རྒྱུད་གྲུབ་པ་ཞིག་ཏུ་འགྱུར་བ་དང་། དོན་དམ་པའི་མཐའ་མ་ཞིག་ལ་ཤེས་པའི་རྒྱུད་གྲུབ་པ་ཞིག་ཤེས་པའི་རྒྱུད་མ་གྲུབ་པ་ཞིག་ཏུ་འགྱུར་གྱི་ཡོད་དམ། མངལ་གནས་དབྱུང་བ་དང་། རང་ཤི་བརྒྱབ་པ། འཇམ་གསོད་ལྟ་བུའི་གནད་དོན་ཁག་གི་བཟང་སྤྱོད་ཀྱི་རྗེས་འབྲས་རྣམས་ལ་བསམ་ཞིབ་བྱེད་སྐབས། དེ་དག་ནི་ལན་འདེབས་བྱེད་དགོས་པའི་དྲི་བ་གལ་ཆེན་ཁག་རེད། 

ཤེས་པའི་རྒྱུད་ལ་དོན་དམ་པའི་ཐོག་མ་དང་མཐའ་མ་མི་སྲིད་ཅེས་བརྗོད་ནས་ནང་ཆོས་ནས་དྲི་བ་དེ་དག་ཐམས་ཅད་ལ་ལན་འདེབས་བྱེད་ཀྱི་ཡོད། ཇི་ལྟར་ཚན་རིག་གིས་རྫས་དང་ནུས་ཤུགས་སྐྲུན་མི་ཐུབ་ལ་གཏོར་གཤིག་གཏོང་ཐུབ་པར་འགྱུར་བ་ཁོ་ན་གཏོང་ཐུབ་ཅེས་ཁུངས་སྐྱེལ་བྱེད་པ་ལྟར། ནང་ཆོས་ནས་ཀྱང་སྒེར་གྱི་ཤེས་པའི་བྱེད་ལས་དེ་སྐྲུན་མི་ཐུབ་ལ་གཏོར་གཤིག་གཏོང་མི་ཐུབ་པར་འགྱུར་བ་ཁོ་ན་གཏོང་ཐུབ་ཅེས་ཁུངས་སྐྱེལ་བྱེད་ཀྱི་ཡོད། 

ལུས་ཀྱི་རྒྱུད་དང་ཡང་ན་སྐྱེ་བ་གཉིས་བར་གྱི་ཕྲ་བའི་ནུས་པ་འགའ་ཞིག་ནི་ཤེས་པའི་རྒྱུད་ལ་དགོས་ངེས་ཀྱི་རྐྱེན་ཁོ་ན་ལས་གཞན་གང་ཡང་མིན་པ་དེ་དྲན་གསོ་བྱེད་དགོས། འདིར་ལུས་བྱེ་བྲག་གི་བྱེད་ལས་ཀྱིས་ཤེས་པའི་རྒྱུད་ལ་དུས་ཡུན་ངེས་ཅན་ཞིག་གི་རིང་རྒྱབ་རྟེན་བྱེད་སྲིད། ལུས་བྱེ་བྲག་དེས་བྱ་བ་བྱེད་མཚམས་བཞག་ནས་ཤེས་པའི་རྒྱུད་ངེས་ཅན་དེ་ལ་རྒྱབ་རྟེན་བྱེད་མི་ཐུབ་པའི་སྐབས། ནང་ཆོས་ནས་སེམས་རྒྱུད་དེ་མུ་མཐུད་ནས་ཐོག་མར་ལུས་ཕྲ་མོ་དང་དེ་ནས་རགས་པའི་ལུས་རྟེན་མི་འདྲ་བ་ཞིག་ལ་བརྟེན་ནས་འགྲོ་བར་འགྲེལ་བརྗོད་བྱེད་ཀྱི་ཡོད། ཤེས་པའི་ད་ཡོད་ཀྱི་ལུས་རྟེན་བྱ་བ་བྱེད་མཚམས་བཞག་པའི་སྐབས། ཤེས་པའི་རྒྱུད་དེ་མཇུག་རྫོགས་པ་ཙམ་མིན། གང་ཡིན་ཞེ་ན། ཤེས་པའི་རྒྱུད་ཀྱི་ལུས་རྟེན་ནི་ཤེས་པའི་རྒྱུད་དེ་མུ་མཐུད་ནས་འགྲོ་བའི་རྒྱུ་མིན། གོང་དུ་ཞུས་ཟིན་པ་ལྟར། རྫས་དང་ནུས་ཤུགས་ཀྱི་གཟུགས་རྣམ་ཡིན་པའི་ཆ་ནས་ལུས་རྟེན་ནི་རྒྱབ་རྟེན་གྱི་རྐྱེན་ཙམ་ཡིན་པ་རེད། ཤེས་པའི་རྒྱུད་ཀྱིས་དེའི་སྐད་ཅིག་གཞན་ཞིག་སྐྱེད་པར་བྱེད་པའི་རྒྱུ་ནི་ངེས་པར་དུ་རྒྱུད་གཅིག་པ་དེའི་ཆ་ཤས་ཡིན་པའི་ཆོས་མྱོང་བའི་ཚུལ་དེ་ཡིན་དགོས། གཞན་གང་གིས་ཀྱང་གོ་དོན་སྟོན་གྱི་མེད། 

སྒེར་སོ་སོའི་སེམས་རྒྱུད་རྒྱུན་སྲིང་ཚུལ།

ནང་པའི་འགྲེལ་ཚུལ་ལྟར་ན། འཁོར་བའི་རིམ་པའི་སྐབས་སུ་སྐད་ཅིག་རྗེས་མ་སྐྱེད་པར། སྒེར་སོ་སོའི་སེམས་རྒྱུད་ལ་ཆོས་མྱོང་ཚུལ་གསུམ་གྱིས་རྒྱུ་བྱེད་ཀྱི་ཡོད་པ་སྟེ། དེ་ཡང་སྤྱིར་བཏང་དང་ཡང་ན་དམིགས་བསལ་འཆི་བའི་སྐབས་གང་རུང་ལ་རེད། དེ་གསུམ་ནི། ༡། སྲེད་པ། ༢། ལེན་པའི་ཉོན་མོངས་པ། ༣། ལས་ཀྱི་སྐུལ་ཤུགས་སམ་སེམས་པ་སྟེ། དེས་སྲིད་པར་སྐྱེ་བར་བྱེད་ཀྱི་ཡོད། དེ་གསུམ་ནི་སྲེད་པ་དང་། ལེན་པ། སྲིད་པ་གསུམ་ཡིན་ཞིང་། ནམ་རྒྱུན་ཨིན་སྐད་དུ་ (craving, grasping, becoming) ཞེས་བསྒྱུར་ཡོད། འདི་དག་གི་ནང་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་གསུམ་ཚུད་ཡོད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བ་གྲུབ་ཚུལ་ཐད་གཏིང་ཟབ་འགྲེལ་བའི་བརྗོད་གཞི་ཞིག་ཡིན། 

དང་པོ་བདེ་བའི་རིམ་པ་འགའ་ཞིག་ཚོར་བ་ལ་གཞི་བྱས་ཏེ། སྲེད་པའི་ཉོན་མོངས་པ་སྐྱེ་གི་ཡོད། སྲེད་པ་ནི། ༡། ང་ཚོས་ད་ལྟ་མྱོང་བཞིན་པའི་བདེ་བ་ཉི་ཚེ་བ་ལས་མི་འབྲལ་བར་སྲེད་པ་དང་། ༢། ང་ཚོས་ད་ལྟ་མྱོང་བཞིན་པའི་སྡུག་བསྔལ་དང་ཟུག་རྔུ་ལས་བྲལ་བར་སྲེད་པ། ༣། ང་ཚོས་ད་ལྟ་མྱོང་བཞིན་པའི་གསོན་པོར་གནས་པ་དང་མི་ཉམས་པའི་བཏང་སྙོམས་ཀྱི་ཚོར་བར་སྲེད་པ་བཅས་ཡིན་སྲིད། ང་ཚོས་གོང་དུ་ཆོས་མྱོང་བའི་སྐོར་ལ་སྤྱིར་བཏང་གི་གོ་བསྡུར་བྱེད་སྐབས་སུ་བཤད་ཟིན་པ་ལྟར། སྲེད་པ་ནི་དྲན་ཤེས་ཅན་ཞིག་ཡིན་མི་དགོས། གཉིད་ཁུག་པའི་སྐབས་དང་ཐ་ན་དྲན་མེད་སྙ་འབོགས་ (coma) ཀྱི་ནང་དུའང་ང་ཚོས་མི་ཉམས་པར་ད་ལྟ་མྱོང་བཞིན་པའི་ཚོར་བ་བཏང་སྙོམས་ལ་དྲན་ཤེས་མེད་པའི་སྲེད་པ་མྱོང་སྲིད་པ་རེད། 

ལེན་པའི་ཉོན་མོངས་གཅིག་དང་དེ་ལས་མང་བ་མི་འདྲ་བ་འགའ་ཞིག་སྲེད་པ་མྱོང་བ་ལ་གཞི་བྱས་ནས་དེའི་རྗེས་སུ་འབྱུང་གི་ཡོད། དེ་དག་གིས་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པའི་དྲི་མས་བསླད་པའི་ལུས་སེམས་ལ་བརྟེན་ནས་སྲིད་པར་མུ་མཐུད་ནས་སྐྱེ་བ་ལེན་པའི་རྐྱེན་གྱིས་དེ་ལ་ “ལེན་པ་” ཞེས་བརྗོད་ཀྱི་ཡོད། ལེན་པ་དེ་དག་གི་གཞི་རྩ་ནི་ལུས་སེམས་ལ་ལྟ་བ་ཉོན་མོངས་ཅན་དེ་ཡིན་པ་དང་། དེ་ལ་བརྟེན་ནས་ང་ཚོས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ལྟར་སྣང་བའི་ “བདག་” དེ་རྣམ་པ་འགའ་ཞིག་གམ་གཉིས་ཀྱི་རྣམ་པ། ཡང་ན་དེ་དག་ནི་བདེན་པའི་ “བདག་གམ་ང་” ལ་ལ་བརྟེན་ནས་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། ང་ཚོས་སོ་སོའི་ལུས་པོའམ་ཡང་ན་སོ་སོའི་སྤུན་མཆེད་ཀྱི་ལུས་པོ་ལ་བརྟེན་ནས་ངོས་འཛིན་བྱེད་པ་དང་དེ་ལ་གཞི་བྱས་ཏེ། དེ་དག་དང་ནམ་ཡང་འབྲལ་འདོད་རྩ་ནས་མེད་པ་ལྟ་བུ་རེད། 

སྲེད་པ་དང་ལེན་པའི་ཉོན་མོངས་གཉིས་ཀྱིས་ལས་ཀྱི་སྐུལ་ཤུགས་སམ་སེམས་པ་ཞིག་བསྐྱེད་པ་དང་དེས་མུ་མཐུད་ནས་སྲིད་པར་སྐྱེ་བར་མངོན་དུ་བྱེད་ཀྱི་ཡོད། དེ་ནི་གསོན་པོར་འཚོ་བར་སྐུལ་མ་ཞིག་དང་འདྲ་བ་དང་ལས་ཀྱི་སྐུལ་ཤུགས་འདིས་སྔོན་ང་ཚོས་བྱས་པའི་ལས་ཀྱི་རྗེས་འབྲས་ནུས་ལྡན་དུ་བཟོས་ནས་སྲིད་པར་མུ་མཐུད་སྐྱེ་བར་བྱེད་ཀྱི་ཡོད།  “ལས་ཀྱི་རྗེས་འབྲས་” ནི་ལས་ཀྱི་ནུས་པ་དང་། བག་ཆགས། དེ་བཞིན་ང་ཚོའི་སེམས་རྒྱུད་སྟེང་དུ་བཏགས་འོས་པའི་རྒྱུན་ཆད་མེད་པའི་གོམས་གཤིས་ལ་གོ་བ་ཡིན། དེའི་འབྲས་བུར་ང་ཚོའི་སེམས་རྒྱུད་ཀྱིས་དེའི་རྗེས་ཀྱི་སྐད་ཅིག་སྐྱེད་པར་བྱེད་ཀྱི་ཡོད། དཔེར་ན། སྐྱེ་བ་ཕྱི་མའི་སྐད་ཅིག་དང་པོ་ལྟ་བུ་རེད། དེ་ཡང་བསྡུས་ན། མུ་མཐུད་ནས་སྲིད་པའི་སྐུལ་ཤུགས་འདི་ལ་ “འཚོ་གནས་ཀྱི་སྐུལ་མ་” ཞེས་འབོད་ཀྱི་ཡིན། 

གལ་ཏེ་ཁྱེད་ཀྱིས་དེའི་སྐོར་ལ་བསམ་བློ་བཏང་ན། སོ་སོའི་མགོ་བོ་དེ་ཆུས་གང་བའི་ཆུ་གཞོང་ནང་དུ་བླུགས་པའི་སྒོ་ནས་རང་གིས་རང་ཆུས་ནུབས་པར་བྱ་རྒྱུ་དེ་ཧ་ཅང་ཁག་པོ་རེད། གང་ཡིན་ཞེ་ན། དེ་ནི་རང་ཤུགས་དང་རང་བཞིན་ལྷན་སྐྱེས་ཀྱི་སྒོ་ནས་ཁྱེད་ཀྱིས་སོ་སོའི་མགོ་བོ་དེ་ཆུ་ནས་ཕྱིར་འདོན་ངེས་རེད། ནུབ་ཕྱོགས་སུ་ང་ཚོས་དེ་ནི་འཚོ་གནས་ཀྱི་བག་ཆགས་སམ་འཚོ་གནས་ཀྱི་ལྡོག་འཕྲོ་ལ་གཞིགས་ནས་འགྲེལ་བརྗོད་བྱེད་སྲིད། ནང་ཆོས་ནས་འདི་ལ་ཆོས་མྱོང་ཚུལ་གྱི་རྣམ་པ་སྲེད་པ་དང་། ལེན་པ། སྲིད་པའམ་འཚོ་གནས་ཀྱི་སྐུལ་མ་གསུམ་ལ་བརྟེན་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། 

སེམས་རྒྱུད་ཀྱི་འཁོར་བའི་རིམ་པའི་སྐབས་སུ་ཉོན་མོངས་པ་དང་ལས་ཀྱི་སྐུལ་མ་འགའ་ཞིག་ནི་སེམས་རྒྱུད་རྒྱུན་སྲིང་བར་འགྲེལ་བརྗོད་བྱེད་ཀྱི་ཡོད། སེམས་རྒྱུད་ཀྱི་མྱང་འདས་ཀྱི་རིམ་པའི་སྐབས་སུ་ཉོན་མོངས་ཚང་མའི་རྒྱུད་དང་དེ་བཞིན་ལས་ཀྱི་སྐུལ་མ་དང་བཅས་པ་སེམས་རྒྱུད་དེའི་ཆ་ཤས་ཡིན་པ་དེ་དག་ཐམས་ཅད་ཀྱིས་སེམས་རྒྱུད་དེ་མུ་མཐུད་ནས་སྐད་ཅིག་རྗེས་མ་སྐྱེད་དུ་འཇུག་གི་ཡོད། དེ་གཉིས་པོ་ནི་དམིགས་བསལ་སེམས་རྒྱུད་ཀྱི་སངས་རྒྱས་ཀྱི་རིམ་པ་དང་འབྲེལ་ནས་བཤད་པ་སྟེ། ༡། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འབྲལ་བའི་ཕྱིར་དུ་དྲི་མ་མེད་པའི་སྙིང་རྗེ་ཆེན་པོ་དང་། ༢། སེམས་ཅན་ཐམས་ཅད་ཐར་པའི་གོ་འཕང་ལ་འགོད་པའི་ཕྱིར་དུ་སངས་རྒྱས་ཀྱིས་འབད་པའི་འཕྲིན་ལས་བཅས་རེད། 

སེམས་རྒྱུད་ཀྱི་རང་གིས་རང་རྒྱུན་སྲིང་བའི་རྒྱབ་ཏུ་ཡོད་པའི་རྒྱུ་མཚན་རིགས་པ་ཕྱོགས་བསྡོམས་བརྒྱབ་པ།

ད་ང་ཚོས་སེམས་རྒྱུད་ཀྱི་རྒྱུན་སྲིང་བའི་གནད་དོན་དེ་དག་གི་རྒྱབ་ཏུ་ཡོད་པའི་རྒྱུ་མཚན་རིགས་པ་རྣམས་ཕྱོགས་བསྡོམ་བརྒྱབ་རྒྱུ་ཡིན། དཔེར་ན། འཁོར་བའི་རིམ་པ་དང་འབྲེལ་བའི་སེམས་རྒྱུད་ཀྱི་རྒྱུན་སྲིང་བ་ལྟ་བུ་རེད། སྐད་ཅིག་དང་པོ་དང་གཉིས་པ་གཉིས་ཀར་སྲེད་པ་དང་། ལེན་པ། སྲིད་པ་གསུམ་ཡོད་པ་སོང་ཙང་། གལ་ཏེ་སེམས་རྒྱུད་ཀྱི་སྐད་ཅིག་གཅིག་གིས་སྐད་ཅིག་གཉིས་པ་སྐྲུན་པ་དང་སྐད་ཅིག་གཉིས་པས་གསུམ་པ་སྐྲུན་གྱི་ཡོད་ན། སྐད་ཅིག་གསུམ་པས་སྐད་ཅིག་བཞི་པ་སྐྲུན་མི་དགོས་པའི་རྒྱ་མཚན་གང་རེད་དམ། སེམས་རྒྱུད་ཀྱི་ནང་སྐད་ཅིག་བཞི་པ་དེ་དགོས་ངེས་རེད། གང་ཡིན་ཞེ་ན། སྐད་ཅིག་གསུམ་པའི་ནང་སྲེད་ལེན་སྲིད་གསུམ་ཡོད་པའི་ཕྱིར། ཐ་ན་སྐད་ཅིག་གསུམ་པ་དེ་ནི་འཆི་བའི་སྐད་ཅིག་ཡིན་ནའང་། དེ་གནས་སྟངས་དེ་འདྲ་ཡིན་དགོས། དེས་རྒྱུ་དང་འབྲས་བུ་སེམས་རྒྱུད་ཀྱི་སྐད་ཅིག་རིམ་པ་ཚང་མའི་ནང་བྱ་བ་བྱེད་ཀྱི་ཡོད་ནའང་། སྐད་ཅིག་དང་པོ་མཐའ་མའི་ནང་བྱ་བ་བྱེད་ཀྱི་མེད་པ་ལ་རྒྱུ་མཚན་རིགས་པའི་དོན་གང་ཡང་མེད། 

དེ་དང་མཚུངས་པར། སངས་རྒྱས་ཀྱི་སྙིང་རྗེ་ནི་ནམ་ཡང་འཛད་ཀྱི་མེད། གལ་ཏེ་སངས་རྒྱས་པའི་དུས་སྐབས་སུ་ཤེས་པའི་རྒྱུད་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་ཡོད་ན། སྐད་ཅིག་རེ་རེས་དེའི་རྗེས་ཐོག་གི་སྐད་ཅིག་ཅིའི་ཕྱིར་སྐྲུན་གྱི་མེད་པ་ལ་རྒྱུ་མཚན་མེད་པ་རེད། 

འདིར་ང་ཚོས་ལུས་ཀྱི་རྒྱུད་ཀྱི་སྐོར་ཤོད་ཀྱིན་ཡོད་པ་དེ་དྲན་དགོས། ཐ་ན་ཤི་བའི་རྗེས་སུ་ལུས་པོས་སེམས་རྒྱུད་ཀྱི་རྒྱབ་རྟེན་བྱེད་མི་ཐུབ་ནའང་། ལུས་ཀྱི་རྒྱུད་ཀྱི་རྡུལ་ཕྲན་རྣམས་མུ་མཐུད་ནས་འགྲོ་གི་ཡོད། འོན་ཀྱང་། ཇི་ལྟར་ལུས་ཀྱི་རྒྱུད་ཁམས་དཀར་དམར་དེ་ཤེས་པའི་རྒྱུད་ལ་འགྱུར་མི་ཐུབ་པ་ནང་བཞིན་ཤེས་པའི་རྒྱུད་དེ་ཤི་བའི་ཕུང་པོའི་ལུས་ཀྱི་རྒྱུད་བྱེད་མི་ཐུབ། ང་ཚོས་གོ་བསྡུར་བྱས་ཟིན་པ་ལྟར། ཤེས་པའི་རྒྱུད་དེ་ཆོས་ཀྱི་སྡེ་ཚན་གཅིག་པའི་རྒྱུད་དམ་ཤེས་པའི་རྒྱུད་གཅིག་པ་ཞིག་ངེས་པར་དུ་གནས་དགོས། 

སེམས་རྒྱུད་ཀྱི་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས།

ང་ཚོས་གཞན་ལས་ཁྱད་པར་འབྱེད་པའི་སེམས་རྒྱུད་ཅིག་གམ་ཡང་ན་མྱོང་བའི་སྐད་ཅིག་རིམ་པ་ཞིག་ཡོད་པ་དང་། དེ་ནི་ཡུལ་ཅན་ཡིན་ཞེས་བརྗོད་པའི་སྐབས། དེའི་དོན་གང་རེད་དམ། སེམས་རྒྱུད་ཀྱི་ཕྱོགས་སུ་རྙེད་དུ་ཡོད་པའི་ཆོས་ཤིག་ཡོད་དམ་ཡང་ན་དེའི་ངོ་བོ་འབྱིན་པའི་ལུས་རྟེན་གྱི་རྒྱུད། དེ་ཡང་ངོ་བོ་རང་དབང་གིས་གྲུབ་པའི་ཆོས་ཤིག་ཡོད་དམ། དེ་ནི་ “བདག་” གི་རྒྱུད་སྐྲུན་པའི་ཐུན་མིན་གྱི་མཚན་ཉིད་ལྟ་བུ་རང་གཤིས་དང་། མཛུབ་རིས། ཡང་ན་ཌི་ཨེན་ཨེ་ཡིན་སྲིད་དམ། 

མཛུབ་རིས་ཀྱི་རྡུལ་ཕྲན་ཚང་མ་མི་ཚེ་ཧྲིལ་པོའི་ནང་འགྱུར་བ་འགྲོ་བཞིན་ཡོད་པ་ནང་བཞིན་ཕྲ་ཕུང་ནང་གི་ཌི་ཨེན་ཨེའི་རྡུལ་ཕྲན་ཚང་མའང་འགྱུར་བ་འགྲོ་བཞིན་ཡོད། ང་ཚོས་གཤག་བཅོས་བྱས་ནས་མཛུབ་རིས་བརྗེ་པོ་རྒྱག་ཆོག་པ་དང་། ང་ཚོས་རིགས་རྫས་གསོ་ཐབས་ལ་བསྟེན་ནས་ང་ཚོའི་ཌི་ཨེན་ཨེ་འགྱུར་བ་གཏོང་ཆོག དེ་བཞིན་ང་ཚོས་གཟབ་ནན་གྱི་གསོ་དཔྱད་དམ་སྒོམ་ལ་བརྟེན་ནས་སོ་སོའི་རང་གཤིས་ལ་འགྱུར་བ་གཏོང་ཆོག་པའམ། ཡང་ན་དྲན་ཤེས་འཕྱོ་བའམ་སེམས་འཆོལ་བ་ལ་བརྟེན་ནས་འགྱུང་བ་གཏོང་སྲིད། བྱས་ཙང་། རྙེད་དུ་ཡོད་པའི་མཚན་ཉིད་དེ་གང་ཡིན་སྲིད་དམ། སངས་རྒྱས་ཀྱིས་འདིའི་ཐད་ལ་གནད་དོན་ཆེན་པོ་ཞིག་བཟོས་གནང་ཡོད་པ་སྟེ། ལུས་སེམས་ཀྱི་སྟེང་དུ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་། རྙེད་དུ་ཡོད་པ། རྫས་ཡོད། འགྱུར་བ་མེད་པ། གཞན་ལ་ལྟོས་མི་དགོས་པའི་རང་དབང་བ། རང་དབང་གིས་གྲུབ་པ། རང་ངོས་ནས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་གང་ཡང་མེད་ཅེས་གསུངས། ཡིན་ནའང་། ཁྱོད་ང་མིན་ལ་ང་ཁྱོད་མིན། མི་ཚང་མ་སོ་སོ་བ་རེད། དེ་ཇི་ལྟར་ཡིན་སྲིད་དམ། 

གནས་སྐབས་ཀྱི་སེམས་རྒྱུད་དེ་ཇི་ལྟར་མུ་མཐུད་ནས་འགྲོ་བ་དང་དེའི་ངོ་བོ་གནས་ཐུབ་པ་ལ་དཔེ་གཉིས་ཡོད་དེ། དངོས་པོ་འོར་འདྲེན་བྱེད་ཆས་ཀྱི་དཔེ་དང་གློག་བརྙན་གྱི་དཔེ་གཉིས་རེད། ནང་ཆོས་ནས་ཚུགས་ཐུབ་དང་། རྫས་ཡོད། འགྱུར་མེད། རྟག་པའི་ “བདག་” སྐད་ཅིག་གཅིག་ནས་གཞན་དུ་འགྲོ་བ་སྟེ། མྱོང་བའི་སྐད་ཅིག་གཅིག་ནས་མྱོང་བའི་སྐད་ཅིག་རྗེས་མར་འགྲོ་མཁན་ཞིག་ཡོད་པའི་དངོས་པོ་འོར་འདྲེན་བྱེད་ཆས་ཀྱི་རིགས་དེ་ཁས་ལེན་མི་བྱེད་པ་ཡིན། དཔེར་ན། གནམ་ཐང་དུ་དོ་པོ་ཞིག་དངོས་པོ་འོར་འདྲེན་བྱེད་ཆས་ཤིག་གི་སྟེང་དུ་སྐྱོད་བཞིན་པ་ལྟ་བུ་རེད། དེ་ནི་ང་ཚོ་ད་ལྟ་མྱོང་བ་འདིའི་ནང་ཡོད་པ་དང་དེའི་ནང་ཡོད་པ་ལྟ་བུ་ “བདག་” གཅིག་པ་ལྟ་བུ་མིན་ཏེ། དཔེར་ན། “འདི་ནི་རཽམ་ལ་རྒྱག་པའི་ངའི་འདྲ་པར་རེད། འདི་ནི་རྒྱ་གར་ལ་རྒྱག་པའི་ངའི་འདྲ་པར་རེད་” ཅེས་ཟེར་ཞིང་། འགྲུལ་སྒམ་གཅིག་གནས་སྐབས་ཀྱི་དངོས་པོ་འོར་འདྲེན་བྱེད་ཆས་ཀྱི་མི་ཚེའི་ནང་མུ་མཐུད་ནས་རིང་དུ་སྐྱོད་བཞིན་པ་ལྟ་བུ་དེ་འདྲ་མ་རེད། ང་ཚོ་མང་ཆེ་བས་དངོས་ཡོད་གནས་ཚུལ་མི་ཤེས་པའི་དབང་གིས་དེ་འདྲ་ཞིག་བསམ་གྱི་ཡོད་པ་དང་དེ་འདྲ་ཞིག་ཚོར་གྱི་ཡོད་པ་ལ་མ་ལྟོས་པར། དཔེ་འདི་བདེན་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། 

དཔེ་དེ་གློག་བརྙན་ནང་བཞིན་འཕྱུགས་པ་མེད་པ་རེད། གློག་བརྙན་གྱི་དཔེ་མཚུངས་ལ་བརྟེན་ནས་ང་ཚོས་གང་སྟོན་བཞིན་ཡོད་པ་དང་ཁྱེད་ཀྱིས་གང་མཐོང་བའི་སྐོར་ཤོད་ཀྱིན་ཡོད་པ་ལས། འགྱིག་ཤོག་གི་ཚལ་བུ་མ་རེད། ང་ཚོས་གང་མཐོང་བ་ལ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་གང་ཡང་མེད་པར། ཚང་མ་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བཞིན་ཡོད། ང་ཚོས་གློག་བརྙན་ལ་མིང་དུ་ “སྐར་མའི་དམག་” ཅེས་བཏགས་ཆོག་ནའང་། གློག་བརྙན་ནི་དེའི་མིང་བྱང་དེ་མིན། ད་དུང་གློག་བརྙན་དེ་ཀུན་རྫོབ་ཀྱི་ཆ་ནས་ཡོད་པ་རེད། ཀུན་རྫོབ་ཏུ་གྲུབ་པའི་གློག་བརྙན་དེ་ནི་མིང་བྱང་དེ་གང་ལ་གོ་བ་དེ་རེད། ཀུན་རྫོབ་ཏུ་གྲུབ་པའི་གློག་བརྙན་གྱི་ངོས་སུ་ “སྐར་མའི་དམག་” ཅེས་པའི་ཐུན་མིན་གྱི་ངོ་བོ་སོར་གནས་བྱེད་པ་དང་རྙེད་དུ་རུང་བའི་ཆོས་ཤིག་ནི་མེད། གློག་བརྙན་གྱི་མིང་བྱང་དེ་གློག་བརྙན་སྟོན་བཞིན་པའི་སྐད་ཅིག་རེ་རེའི་ནང་སྣང་གི་མེད། གློག་བརྙན་དེས་ “སྐར་མའི་དམག་” ཅེས་པའི་ཐུན་མིན་གྱི་ངོ་བོ་རང་སོར་གནས་པ་ནི་དེའི་མིང་བྱང་ “སྐར་མའི་དམག་” ཅེས་པ་དེའི་སྟེང་ལ་ཚད་མར་མིང་དུ་འདོགས་རུང་བའི་ནུས་ཤུགས་ཙམ་ལ་བརྟེན་ནས་ཡིན། དེ་ཡང་གློག་བརྙན་དེ་གང་དུ་དང་ག་དུས་སྟོན་མིན་དང་དེའི་འདྲ་བཤུས་གང་ཞིག་སྟོན་ཡོད་པ་ལ་མི་ལྟོས་པར། དེས་རང་གི་ངོ་བོ་སོར་གནས་བྱེད་ཀྱི་ཡོད། དེ་ནི་གང་འཚམས་ཀྱི་བསྔགས་འོས་རེད།

དེ་ག་ནང་བཞིན་ང་ཚོས་ཡུལ་ཅན་གྱི་ཆོས་མྱོང་བའི་སེམས་རྒྱུད་འདི་ལ་ “བདག་” ཅེས་མིང་དུ་འདོགས་ཆོག་ནའང་། “བདག་” ཅེས་པའི་སེམས་རྒྱུད་འདི་སྐྲུན་མཁན་ཞིག་སེམས་རྒྱུད་དེའི་ནང་དུའམ་ཡང་ན་ལུས་རྟེན་གྱི་རྒྱུད་དེའི་ནང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་རྙེད་དུ་རུང་བའི་ “བདག་” ཅིག་ནི་མེད། གང་ཡོད་པ་ནི་སྒེར་སོ་སོ་དང་ཡུལ་ཅན་གྱི་མྱོང་བ། དེ་ཡང་ “བདག་” ཅེས་པར་མིང་དུ་འདོགས་རུང་བ་དེ་རེད། “བདག་” དེ་ནི་ཀུན་རྫོབ་ཀྱི་བདག་ལ་གོ་ངེས་རེད། ཀུན་རྫོབ་ཀྱི་ “བདག་” དེས་གང་དུ་བྱེད་པ་དང་། གང་བྱེད་པ། ག་དུས་བྱེད་པ། ཐ་ན་ལུས་གང་ལ་བརྟེན་ནས་བྱེད་པ་ལ་མི་ལྟོར་པར། རང་གི་ངོ་བོ་རང་སོར་གནས་པར་བྱེད་ཀྱི་ཡོད། འདིར་སླར་ཡང་དེས་ “བདག་” ཅེས་པའི་མིང་བྱང་གི་སྟེང་དུ་ཚད་མའི་སྒོ་ནས་འདོགས་རུང་ཡིན་པའི་ནུས་ཤུགས་བརྟེན་ནས་རང་གི་ངོ་བོ་འཛིན་གྱི་ཡོད། འོན་ཀྱང་། འདི་ལ་གོ་བ་གཏིང་ཟབ་པོ་ལོན་པར། ང་ཚོས་ཀུན་རྫོབ་ཀྱི་ “བདག་” དང་ “བདག་” རྫུས་མའི་དབར་གྱི་ཁྱད་པར་དེ་གསལ་པོ་བཟོ་དགོས།

ཀུན་རྫོབ་ཀྱི་ “བདག་” དང་ “བདག་” རྫུས་མ།

ང་ཚོ་ཀུན་རྫོབ་ཀྱི་ཆ་ནས་ཡོད་པའམ་གྲུབ་པ་རེད། ང་རང་ད་ལྟ་འདིར་བསྡད་ནས་ཡི་གེ་འབྲི་བཞིན་པ་དང་དཔེ་ཆ་ཀློག་བཞིན་པ་ནི་བདེན་པ་ཡིན་ངེས་རེད། “བདག་” མིན་པ་མི་གཞན་ཞིག་གིས་བྱེད་ཀྱིན་ཡོད་པ་དེ་འདྲ་མ་རེད་ལ། སུས་ཀྱང་བྱེད་ཀྱིན་མེད་པ་དེ་འདྲའང་མ་རེད། འོན་ཀྱང་། སྒེར་སོ་སོ་བ་དང་ཡུལ་ཅན་གྱི་སྒོ་ནས་ཆོས་མྱོང་བའི་རྒྱུད་ཀྱི་མ་སད་པའི་རིམ་པའི་སྐད་ཅིག་རེ་རེའི་དུས་སྐབས་སུ་སེམས་རྒྱུད་དེ་རང་ཤུགས་ཀྱིས་ཚུགས་ཐུབ་དང་། འགྱུར་མེད། རྟག་པའི་ “བདག་” གི་ཚོར་བ་ཞིག་ལ་བརྟེན་ནས་འབྱུང་གི་ཡོད། དེ་ནི་ཆོས་ཤིག་མྱོང་བའི་བྱ་བ་དང་མྱོང་མཁན་ལྟ་བུ་ཡོད་པ་ལས་ལོགས་སུ་འབྱུང་གི་ཡོད། དེ་མ་ཐག་ཏུ་ “ངས་དེ་ཚོར་བཞིན་འདུག ངས་དུས་ཚོད་འཇིགས་སུ་རུང་བ་ཞིག་མྱངས་ཡིན། ངས་ཁ་ལག་ཧ་ཅང་ཞིམ་པོ་ཞིག་ཟས་ཡིན་” ཞེས་པ་ལྟ་བུ་ཞིག་ཚོར་གྱི་ཡོད། དེ་འདྲ་ཞིག་དངོས་གནས་ཚོར་གྱི་ཡོད། དེ་ནི་ང་ཚོ་དངོས་པོ་འོར་འདྲེན་བྱེད་ཆས་ཀྱི་དུས་ཚོད་ནང་སྐྱོད་བཞིན་པའི་དོ་པོ་ནང་བཞིན་རེད། 

འོན་ཀྱང་། ང་ཚོའི་སེམས་ནང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” ཅིག་ཡོད་པ་ཚོར་ནའང་། གལ་ཏེ་ང་ཚོས་དེ་བཤད་སྟངས་ཧ་ཅང་ཁྱད་མཚར་དེ་བཀོལ་སྤྱོད་བྱེད་པའི་དབང་དུ་བཏང་ན། དོན་ངོ་མར་དེ་ལ་དེ་འདྲ་ཞིག་རྩ་ནས་མེད། ང་ཚོས་གང་ཚོར་བ་ནི་ཚོར་བ་མགོ་རྙོག་ཅན་ཙམ་ཞིག་རེད། ཚོར་བ་དེ་ལ་གཞི་བྱས་ནས་ང་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” དེ་ཡིན་པ་རེད། ཡིན་ནའང་། ཐར་པ་མ་ཐོབ་གོང་ལ་ང་ཚོས་གང་ཚོར་བ་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནས་རྨོངས་པ་དང་མ་རིག་པ་གཞན་ལ་བརྟེན་ནས་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” འདི་ཉེན་སྲུང་ཡོད་པ་ཞིག་བཟོ་བར། “ང་” རང་དགའ་བའི་དངོས་པོ་རྣམས་བླང་བ་དང་སོ་སོར་མི་དགའ་བའི་དངོས་པོ་རྣམས་འདོར་དགོས་པའི་ཚོར་བ་དེ་སྐྱེ་གི་ཡོད། བྱས་ཙང་། ང་ཚོས་འདོད་ཆགས་དང་། འདོད་རྔམ། ཞེ་སྡང་། ཁོང་ཁྲོ་བཅས་ཆོས་མྱོང་བའི་སེམས་རྒྱུད་ཀྱི་ཆ་ཤས་སུ་མྱོང་གི་ཡོད། ཉོན་མོངས་དེ་དག་ལ་གཞི་བྱས་ཏེ། ང་ཚོས་ངང་ངམ་ཤུགས་ཀྱིས་བྱ་སྤྱོད་སྤེལ་བ་དང་ “ཨ་ཙི་” ང་ཚོ་ལ་གང་འཐོབ་ཀྱི་ཡོད་དམ། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དཀའ་ངལ་གྱིས་ཁེངས་ནས་ཡོད་པའི་འཁོར་བའི་སྡུག་བསྔལ་ཚང་མ་མྱོང་གི་ཡོད། 

དེ་ལྟ་བུའི་ཚུགས་ཐུབ་ཏུ་གྲུབ་པ་དང་རྙེད་དུ་རུང་བའི་ “བདག་” དེ་ནི་དངོས་ཡོད་གནས་ཚུལ་ལ་ཡོད་པ་ཞིག་མིན། ང་ཚོ་དེ་ལྟར་གྲུབ་ཡོད་བསམ་པའི་ཚོར་བ་དེ་ལ་ “གཉིས་སྣང་” ཞེས་གྲགས་པ་ཡིན། དེ་གཉིས་སྣང་ཅན་ཞིག་ཡིན་པའི་དོན་ནི་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད། གང་ཡིན་ཞེ་ན། རྙེད་དུ་རུང་བའི་དེ་འདྲའི་བདག་ཅིག་མེད་པའི་ཕྱིར། དེ་ལྟ་བུའི་རྙེད་དུ་རུང་བའི་ “བདག་” དེ་ལ་བདག་རྫུས་མའམ་ཕྱིན་ཅི་ལོག་པའི་བདག་ཟེར་བ་རེད། ཀུན་རྫོབ་ཏུ་གྲུབ་པའི་ “བདག་” ནི་བདག་རྫུས་པ་ལྟ་བུ་གྲུབ་པས་སྟོང་པ་དེ་ཡིན་ཞིང་། དེ་ལ་ཀུན་རྫོབ་ཀྱི་བདག་གི་སྟོང་པ་ཉིད་ཅེས་སུ་གྲགས་པ་ཡིན། 

ཀུན་རྫོབ་ཀྱི་ “བདག་” ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ངོ་བོ་དང་བྲལ་བ་ཡིན། 

ང་ཚོའི་སེམས་རྒྱུད་དང་ལུས་རྒྱུད་ཀྱི་ཕྱོགས་སུ་རྙེད་དུ་རུང་བའི་“བདག་” ཟེར་བ་ཞིག་དང་དེ་དག་རང་དབང་གིས་སོ་སོའི་ངོ་བོ་དེ་ “བདག་” ལྟ་བུར་གྲུབ་པ་ཞིག་རྙེད་དུ་རུང་བའི་མཚན་ཉིད་མེད་པ་མ་ཟད། ཐ་ན་ང་ཚོ་འགྲོ་བ་མི་ཞིག་ཡིན་པ་དང་། སྐྱེས་པ་ཞིག་ཡིན་པ། འབུ་སྲིན་ཞིག་ཡིན་པའམ་ཡང་ན་ཉ་ཞིག་ཡིན་པ། མེཀྶི་ཀོའི་མི་རིགས་ཤིག་ཡིན་པ། འཇར་མི་ནིའི་མི་རིགས་ཤིག་ཡིན་པ། ཡང་ན་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་ཀུན་རྫོབ་ཀྱི་ “བདག་” དེ་ཡང་ཚུགས་ཐུབ་ཏུ་གྲུབ་པ་དང་། རྟག་པ། མི་འགྱུར་བའི་ངོ་བོ་དང་བྲལ་བ་ཡིན། ཀུན་རྫོབ་ཀྱི་ “བདག་” གི་ཕྱོགས་སུ་དེ་ཚུགས་ཐུབ་ཀྱི་ངོ་བོ་དང་ལྡན་པ་བཟོ་བའི་འགྲོ་བ་མི་ལ་སོགས་པའི་རྙེད་དུ་རུང་བའི་མཚན་ཉིད་མེད། 

དེ་ལྟ་ནའང་། ཀུན་རྫོབ་ཀྱི་ “བདག་” ཅིག་ནི་ཡོད་པ་དང་དེ་ནི་སྒེར་སོ་སོ་བ་ཡིན་པ་རེད། དེས་ཆོས་གང་ཞིག་གི་དངོས་ཡོད་དང་མཐུན་པའི་སྒོ་ནས་མྱོང་བའི་སྐད་ཅིག་གི་རིམ་པ་བསྟར་ཆགས་ལ་བརྟེན་ནས་སྒེར་སོ་སོའི་ཀུན་རྫོབ་ཀྱི་ངོ་བོ་ཞིག་རྒྱུན་འཛིན་བྱེད་ཀྱི་ཡོད། གློག་བརྙན་ནང་གི་བརྗོད་བྱའི་སྒྲུང་གི་གོ་རིམ་མ་འཆོལ་བ་ཞིག་ལ་བརྟེན་ནས་གློག་བརྙན་ལྟད་མོ་དེའི་ཀུན་རྫོབ་ཀྱི་ངོ་བོར་རྒྱུན་འཛིན་བྱེད་ཀྱི་ཡོད། གློག་བརྙན་གྱི་སྐད་ཅིག་རེ་རེ་དང་འཁྲབ་ཚན་རེ་རེའི་རིམ་པ་བསྟར་ཆགས་ཀྱིས་གོ་དོན་སྟོན་གྱི་ཡོད། དེ་ནི་སྒེར་སོ་སོའི་ཡུལ་ཅན་གྱི་ཆོས་མྱོང་བ་དང་གཅིག་པ་རེད། གློག་བརྙན་གྱི་འཁྲབ་ཚན་དེའི་གོ་རིམ་མ་འཆོལ་བའི་རྒྱུན་དེ་ནི་སྒེར་སོ་སོའི་ལས་ཀྱིས་རྒྱུན་འཛིན་བྱེད་ཀྱི་ཡོད་པ་སྟེ། དེ་ཡང་གཞན་ཚང་མའི་ལས་དང་འཇིག་རྟེན་གྱི་རྫས་ཀྱི་སྒུལ་ཤུགས་ལ་བརྟེན་ནས་ཕན་ཚུན་གཅིག་ལན་གཅིག་འཇལ་གྱི་འབྲེལ་ཡོད་ངེས་རེད། འོན་ཀྱང་། ལས་དེའང་སེམས་རྒྱུད་དམ་ཡང་ན་དེའི་ལུས་རྟེན་གྱི་ཕྱོགས་སུ་རྙེད་དུ་རུང་བ་ཞིག་མེད། དེ་ནི་དཔེར་ན། གློག་བརྙན་གྱི་རྩོམ་གཞི་དེ་གློག་བརྙན་གྱི་འཆར་བརྙན་ཆ་ཚང་བ་རེ་རེའི་ནང་རྙེད་དུ་རུང་བ་ཞིག་མེད་པ་ལྟ་བུ་རེད། 

འོ་ན་སྒེར་སོ་སོའི་ “བདག་” ལྟ་བུར་གྲུབ་པར་བྱེད་པའི་ “བདག་” དེ་གང་རེད་དམ། ང་ཚོས་བརྗོད་ཐུབ་པའི་བདེན་དོན་ནི་ “བདག་” ཅེས་མིང་དུ་བཏགས་པ་དེ་ནི་སྒེར་སོ་སོའི་ “བདག་” ཙམ་ཡིན་པ་དང་། དེ་ནི་སྒེར་སོ་སོའི་སྟེང་དུ་རིམ་པ་བསྟར་ཆགས་ཀྱི་ཡུལ་ཅན་གྱི་ཆོས་མྱོང་བའི་སྐད་ཅིག་ལ་ཚད་མའི་སྒོ་ནས་འདོགས་རུང་ཡིན་པར་གཞི་བྱས་ཡོད། སྐད་ཅིག་གི་རྒྱུད་ཀྱི་ཕྱོགས་སམ་ཡང་ན་རིམ་པ་བསྟར་ཆགས་ཀྱིས་ “བདག་” དེ་ “བདག་” ཡིན་པར་བཟོ་བའི་ཕྱོགས་སུ་གང་ཡང་རྙེད་དུ་རུང་བ་མེད་པའི་བདེན་དོན་ལ་མ་ལྟོས་པར། གནས་སྟངས་ནི་འདི་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་ཚད་མའི་སྒོ་ནས་འདོགས་རུང་ཡིན་པའི་བློའི་འདོགས་པ་གང་ལ་གོ་བའི་ “བདག་” དེ་ལས་གཞན་པའི་སྒེར་སོ་སོའི་ངོ་བོར་གྲུབ་པའི་ “བདག་” ལྟ་བུ་ཞིག་རྙེད་དུ་རུང་བ་ཡིན་པ་ང་ཚོས་བརྗོད་མི་ཐུབ། དེ་ནི་གློག་བརྙན་ཞིག་གི་སྐད་ཅིག་གི་རྒྱུད་ངོས་སུ་གང་ཡང་རྙེད་དུ་རུང་བ་མེད་པའམ། ཡང་ན་ “སྐར་མའི་དམག་” ཅེས་པའི་གློག་བརྙན་གྲུབ་པར་བྱེད་པའི་རྩོམ་གཞིའི་ངོས་སུ་གང་ཡང་རྙེད་དུ་རུང་བ་ཞིག་མེད། གློག་བརྙན་དེ་ “སྐར་མའི་དམག་” ཅེས་གང་གིས་གྲུབ་ཀྱི་ཡོད་པ་ནི་ “སྐར་མའི་དམག་” ཅེས་པའི་མིང་བྱང་དེ་གློག་བརྙན་ “སྐར་མའི་དམག་” ལ་གོ་བ་ཙམ་དེ་རེད། དེ་ཡང་ཚད་མའི་སྒོ་ནས་གློ་བརྙན་གྱི་འཁྲབ་ཚན་གྱི་རིམ་པ་བསྟར་ཆགས་དེ་སྒེར་སོ་སོའི་སྟེང་དུ་འདོགས་རུང་བ་ལ་གཞི་བྱས་ཡོད། 

བློའི་འདོགས་ཚུལ་ཙམ་ལ་གཞིགས་ནས་སྒེར་སོ་སོའི་ “བདག་” རྟོགས་པའི་རྗེས་འབྲས། 

འདི་དག་ཐམས་ཅད་ནི་ཧ་ཅང་རྟོགས་དཀའ་བ་ཞིག་ཡིན་ངེས་པ་རེད། དེ་དག་ཧ་ཅང་གཏིང་ཟབ་པོ་རེད། གང་ཡིན་ཞེ་ན། ཐ་ན་ང་ཚོས་དེ་ཅུང་ཟད་ཙམ་ཞིག་རྟོགས་ནའང་། སེམས་ཅན་སྒེར་སོ་སོར་དེའི་ཚེ་ཀུན་རྫོབ་ཀྱི་སྒོ་ནས་གང་ཡིན་པ་དང་སེམས་རྒྱུད་ཡིན་པ་གཉིས་ཀའི་ཆ་ནས་ལྟ་ཞིབ་བྱེད་ཆོག ང་ཚོས་མི་ཞིག་ལ་ “མི་” ཙམ་དང་ཡང་ན་ “འབུ་སྲིན་” དང་།  “ངའི་ཨ་ཞང་ནོར་བུ་” དང་ “ཚེ་རིང་ཟེར་བའི་ཁྱི་” ཞིག་གམ། ཡང་ན་ “ཕོ་” དང་ “མོ་” དེ་བཞིན་ལོ་ན་འདི་དང་དེ་རེད་ཅེས་དེ་འདྲ་ཞིག་ཏུ་ལྟ་གི་མེད། ང་ཚོས་དེ་དག་ནི་ཚད་མའི་སྒོ་ནས་སྒེར་གྱི་སེམས་རྒྱུད་ཀྱི་སྟེང་དུ་འདོགས་རུང་ཡིན་པའི་སྒེར་གྱི་ “བདག་” ཅིག་ཏུ་ལྟ་གི་ཡོད། དེ་ནི་དེའི་ལས་རྒྱུ་མཚན་དུ་བྱས་ནས་ཡིན་པ་དང་ད་ལྟ་ལུས་པོ་འདིའི་ནང་གི་རྡུལ་ཕྲན་མང་པོ་དང་འབྲེལ་ནས་ཡོད། འདི་རྟོགས་པ་ནི་ནང་པའི་སྐྱེ་བ་སྔ་ཕྱིའི་འགྲེལ་བ་དེ་རྟོགས་པར་གཙོ་བོ་དེ་ཆགས་ཡོད། 

སྐྱེ་བ་སྔ་ཕྱི་ལ་བརྟེན་ནས་ང་ཚོས་སྐྱེ་བ་ལེན་མཁན་གྱི་ “བདག་” ཚུགས་ཐུབ་ཀྱི་ངོ་བོར་གྲུབ་པ་ཞིག་གི་སྐོར་ཤོད་ཀྱིན་མེད། དེ་ནི་ “ཨེ་ལེགས་” ད་ལྟ་ “ཚེ་རིང་ཟེར་བའི་ཁྱིའི་” ལུས་རྟེན་དུ་སྐྱེས་པ་མིན། དེ་ལས་ལྡོག་སྟེ། ང་ཚོས་ཆོས་མྱོང་བའི་སྐད་ཅིག་གི་རིམ་པ་ཞིག་གི་སྐོར་ཤོད་ཀྱིན་ཡོད་པ་དང་། དེའི་རྗེས་སུ་ལས་ལ་གཞི་བྱས་ནས་སྒྲུང་གི་རྩོམ་གཞི་ཞིག་འབྱུང་གི་ཡོད་པ་དང་དེ་ནི་ཚེ་རབས་གྲངས་མེད་པའི་ནང་རྒྱ་སྐྱེད་འགྲོ་གི་ཡོད། འཁྲབ་ཚན་གྱི་གྲངས་འདི་འགྲོ་བ་མིའི་ལུས་རྟེན་བྱེ་བྲག་འདིའི་ལུས་ཀྱི་རྒྱུད་ལ་རྒྱབ་རྟེན་བྱེད་པའི་སྒོ་ནས་མུ་མཐུད་ནས་འགྲོ་གི་ཡོད། ལུས་ཀྱི་རྒྱུད་འདི་ནི་དེའི་ནང་ནས་འབྱུང་བའི་རྡུལ་ཕྲན་དང་ནུས་པ་ཡོངས་སུ་རྫོགས་པའི་སྒེར་སོ་སོའི་ལུས་ཀྱི་རྒྱུད་ལ་བརྟེན་ནས་རྒྱུན་འཛིན་བྱས་ཡོད་ངེས་རེད། 

ཀུན་རྫོབ་ཀྱི་ “བདག་” ནི་གནས་སྐབས་རིང་ “ཨེ་ལེགས་” ཞེས་པའི་མིང་དུ་བཏགས་ཡོད་པ་དང་། “ཨེ་ལེགས་” ནི་ལུས་རྟེན་འདིའི་རྒྱུད་ལ་ཚད་མའི་སྒོ་ནས་མིང་དུ་འདོགས་རུང་ཡིན་པའི་སྐབས། དེ་ནི་ཚད་མའི་སྒོ་ནས་ཀུན་རྫོབ་ཀྱི་ “བདག་” ལ་གོ་བ་ཡིན། ནང་ཆོས་ནས་འདི་ལ་ཁས་ལེན་མི་བྱེད་པ་ནམ་ཡང་མིན། འོན་ཀྱང་། དུས་ཡུན་ཏོག་ཙམ་རྗེས་ལ་སེམས་རྒྱུད་དེ་ཁྱིའི་ལུས་ཀྱི་རྒྱུད་ལ་གཞི་བྱེད་པའི་ཐོག་རྒྱབ་རྟེན་བྱས་ཡོད་སྲིད། སྒེར་སོ་སོའི་སེམས་རྒྱུད་ཀྱི་རིམ་པ་འདིའི་སྐབས་སུ་ཀུན་རྫོབ་ཀྱི་ “བདག་” ནི་ཚད་མའི་སྒོ་ནས་ “ཁྱི་མིང་ཚེ་རིང་” ལྟ་བུར་མིང་དུ་འདོགས་ཆོག་པ་དང་། “ཚེ་རིང་” ནི་ད་ལྟ་ཀུན་རྫོབ་ཀྱི་ཡང་དག་པར་བཏགས་པ་དང་དེ་ནི་སྒེར་སོ་སོའི་སེམས་རྒྱུད་ཀྱི་སྟེང་དུ་བཏགས་པའི་སྒེར་སོ་སོའི་ཀུན་རྫོབ་ཀྱི་ “བདག་” འདི་ལ་གོ་བ་ཡིན། 

ཐ་ན་དེ་ལས་གཏིང་ཟབ་པའི་དབང་དུ་བྱས་ན། སྐྱེ་བ་བྱེ་བྲག་ཅིག་དང་དེ་ལ་གནས་སྐབས་རིང་མིང་གང་ཞིག་བཏགས་ཡོད་པ་ལ་མ་ལྟོས་པར། སྒེར་སོ་སོའི་སེམས་རྒྱུད་དེ་ཚད་མའི་སྒོ་ནས་ཐོག་མ་དང་མཐའ་མ་མེད་པར་སྒེར་སོ་སོའི་ “བདག་” ལ་མིང་དུ་འདོགས་ཆོག་པ་ཡིན། 

དེ་ནི་སྐྱེ་བ་སྔ་ཕྱི་ལ་བརྟེན་ནས་ནང་ཆོས་ནས་གང་ཤོད་ཀྱིན་ཡོད་པ་དེ་རེད། དེ་ཡང་ཚེ་རབས་ནས་ཚེ་རབས་བརྒྱུད་དེ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་རྒྱུག་བཞིན་པ་དེ་འདྲ་མེད། ཡིན་ནའང་། བདེན་དོན་དེ་ལ་མ་ལྟོས་པར། ཡུལ་ཅན་གྱི་ཆོས་མྱོང་བའི་སྒེར་སོ་སོའི་སེམས་རྒྱུད་ནི་ཀུན་རྫོབ་ཀྱི་སྒོ་ནས་གྲུབ་ཡོད་པ་རེད། ངའི་ཆོས་ཤིག་མྱོང་བ་དེ་ཁྱེད་ཀྱི་ཆོས་མྱོང་བ་དེ་མིན་པ་དང་ “ང་” ནི་ “ཁྱེད་རང་” མ་རེད། 

ཕྱོགས་བསྡོམས། 

དེར་བརྟེན་འདིར་ངོ་བོ་རྟག་པ་ཞིག་ཡོད་པ་དང་སྒེར་སོ་སོ་བ་ཡིན་པའི་དབར་ལ་ཁྱད་པར་ཧ་ཅང་གལ་ཆེན་ཞིག་ཡོད། ང་ནི་ཁྱེད་རང་མིན། ངའི་ཆོས་མྱོང་བ་ནི་ངའི་ཕ་མའི་ཆོས་མྱོང་བ་དེ་མིན། ཆོས་མྱོང་བའི་སེམས་རྒྱུད་དེ་ནི་སྒེར་སོ་སོ་བ་དང་ཡུལ་ཅན་ཞིག་ཡིན་པ་དང་དེ་ནི་ཐོག་མཐའ་མེད་པར་ཚེ་རབས་གྲངས་མེད་པར་རྒྱ་སྐྱེད་འགྲོ་གི་ཡོད། དེར་མ་ཟད། ཆོས་མྱོང་བའི་རྒྱུད་ནི་འགྲོ་བ་མི་ཞིག་ཡིན་པ་དང་། མོ་ཞིག་ཡིན་པ། ཡང་ན་འབུ་ཞུ་ལུ་མ་ཞིག་ཡིན་པའི་ཆ་ནས་བརྟན་ཚུགས་པ་ཞིག་མེད། འོན་ཀྱང་། སེམས་རྒྱུད་ནི་སྒེར་སོ་སོ་བ་ཡིན་པ་དང་དེ་ལ་མི་ཚེ་བྱེ་བྲག་ཅིག་གི་ནང་རྒྱབ་རྟེན་བྱེད་པའི་ལུས་བྱེ་བྲག་གི་ལུས་པོའི་རྒྱུད་དེ་ནི་ལས་ཀྱི་འབྲས་བུ་ཡིན་ཏེ། དེ་ཡང་ང་ཚོས་གང་མྱོང་བ་དེའི་ཡ་ལན་དུ་ལས་གང་ཞིག་བྱེད་པའི་འབྲས་བུ་རེད། 

དེ་ཕྱིར་ང་ཚོས་འགྲེལ་བརྗོད་བྱེད་སྟངས་འདིའི་ཐོག་ནས་སྐྱེ་བ་སྔ་ཕྱིའི་སྐོར་བཤད་སྐབས། ཚེ་རབས་ནས་ཚེ་རབས་བར་དུ་མུ་མཐུད་ནས་བརྒྱུད་མཁན་དེ་གང་རེད་དམ། དེ་ནི་སྒེར་སོ་སོའི་ཡུལ་ཅན་ཤེས་པའི་ཆོས་མྱོང་བ་དེ་ཡིན་ཞིང་། དེ་ནི་སྒེར་སོ་སོའི་ཀུན་རྫོབ་ཀྱི་ “བདག་” ལ་བརྟེན་ནས་དེ་ལ་བཀོད་སྒྲིག་དང་གོ་བ་ཆགས་པར། དེའི་སྟེང་དུ་གང་ཞིག་འདོགས་རུང་ཡིན་པ་དང་། དེ་ཡང་བཏགས་པའི་ “བདག་” ཁོ་རང་མིན་པར། དེ་ལས་ལྡོག་སྟེ། “བདག་” ཅེས་པའི་མིང་དུ་བཏགས་པ་དེ་གང་ལ་གོ་བ་དེ་རེད། 

རྣལ་འབྱོར་བླ་མེད་རྒྱུད་ནས་སྐྱེ་བ་སྔ་ཕྱི་འགྲེལ་ཚུལ་ལས་ཁ་སྐོང་རྒྱས་བཤད། 

གལ་ཏེ་ང་ཚོས་རྣལ་འབྱོར་བླ་མེད་ཀྱི་འགྲེལ་ཚུལ་ལ་བལྟས་ན། ཆོས་མྱོང་བའི་རིམ་པ་མི་འདྲ་བའི་སྐོར་གསུང་གི་ཡོད། སྐབས་དོན་འདི་ལ་མཚོན་ན། ཆོས་མྱོང་བའི་རིམ་པ་ཕྲ་ཤོས་དེའི་སྐོར་གསུང་གི་ཡོད། སེམས་ཀྱི་རིམ་པ་ཕྲ་ཤོས་འདི་ལ་ནམ་རྒྱུན་ “འོད་གསལ་གྱི་སེམས་” ཞེས་བརྗོད་ཀྱི་ཡོད། རླུང་ཤིན་ཏུ་ཕྲ་མོ་དེ་ནི་ཆོས་མྱོང་བ་ལ་རྒྱབ་རྟེན་བྱེད་པའི་ལུས་ཀྱི་རྒྱུད་ཕྲ་ཤོས་དེ་ཡིན་པ་རེད། སེམས་དང་རླུང་ཕྲ་ཤོས་གཉིས་པོ་དབྱེར་མེད་ཡིན་པ་དང་དེ་གཉིས་ནི་དོན་ངོ་མར་ཆོས་གཅིག་པ་འགྲེལ་བརྗོད་བྱེད་པའི་ཐབས་ཚུལ་གཉིས་རེད། འོན་ཀྱང་། དེ་ནི་ད་ལྟ་ཞིབ་ཕྲར་འཆད་རྒྱུ་ཕལ་ཆེར་ཏོག་ཙམ་རྙོག་འཛིངས་ཆེ་དྲགས་པ་རེད། 

དེར་བརྟེན་མཐར་ཐུག་འདི་ནི་ཐོག་མ་དང་མཐའ་མ་མེད་པར་གང་ཞིག་མུ་མཐུད་ནས་སྐྱོད་བཞིན་པ་དེ་ཡིན་པ་དང་ཆོས་མྱོང་བའི་རིམ་པ་ཕྲ་ཤོས་ཀྱི་སྒེར་སོ་སོའི་རྒྱུད་དེ་ཡིན་ཞིང་། དེ་ནི་དབྱེར་མེད་པའི་སྒོ་ནས་རླུང་ཤིན་ཏུ་ཕྲ་མོའི་སྒེར་སོ་སོའི་རྒྱུད་པ་དང་ཀུན་རྫོབ་ཀྱི་ “བདག་” གི་སྒེར་སོ་སོའི་རྒྱུད་དེ་དག་གི་སྐད་ཅིག་རིམ་པའི་སྟེང་དུ་འདོགས་རུང་བ་དེ་རེད། 

དེ་དག་གསུམ་གྱི་རྒྱུད་ནི་ཐོག་མཐའ་མེད་པར་མུ་མཐུད་དེ་འགྲོ་གི་ཡོད་ནའང་། དངོས་པོ་གཞན་འགའ་ཞིག་གི་རྒྱུད་ཀྱང་ཐོག་མ་མེད་པར་མཉམ་དུ་ཡོང་གི་ཡོད། ཡིན་ནའང་། དེ་དག་ལ་མཐའ་ཞིག་ཡོད་ཆོག་པ་རེད། དེ་དག་ནི་དངོས་པོའི་གནས་ལུགས་ལ་མ་རིག་པའམ་རྨོངས་པའི་སྒེར་སོ་སོའི་རྒྱུད་དང་། རྨོངས་པ་དེ་ལས་བྱུང་བའི་ཉོན་མོངས་པས་ཀུན་ནས་བསླངས་ཏེ་ལས་བྱས་པ་ལ་བརྟེན་ནས་ལས་ཀྱི་རྗེས་འབྲས་ཀྱི་སྒེར་སོ་སོའི་རྒྱུད་ཡིན་པ་རེད། རྨོངས་པའི་རྒྱུད་ནི་ཆོས་མྱོང་ཚུལ་གྱི་རྒྱུད་ཅིག་ཡིན་པ་དང་ལས་ཀྱི་རྗེས་འབྲས་ཀྱི་རྒྱུད་དེ། དཔེར་ན། ལས་ཀྱི་ནུས་པ་དང་། བག་ཆགས། རྒྱུན་ཆད་མེད་པའི་གོམས་གཤིས་ལྟ་བུ་ནི་སེམས་རྒྱུད་ཀྱི་སྟེང་དུ་འདོགས་རུང་ཡིན་པའི་རྒྱུད་ཅིག་ཡིན་ཞིང་། དེ་ནི་ཀུན་རྫོབ་ཀྱི་ “བདག་” གི་རྒྱུད་དང་འདྲ་བ་རེད། 

རྨོངས་པ་དང་ལས་ཀྱི་རྗེས་འབྲས་ཀྱི་རྒྱུད་ནི་མཐའ་མཇུག་རྫོགས་སྲིད་པ་རེད། གང་ཡིན་ཞེ་ན། ཆོས་མྱོང་བ་ལ་མུ་མཐུད་ནས་དངོས་པོའི་གནས་ལུགས་ཡང་དག་པ་རྟོགས་པ་དེས་གྲོགས་བྱེད་སྲིད་པའི་ཕྱིར། ཡང་དག་པའི་རྟོགས་པ་དང་ཡང་དག་མིན་པའི་རྟོགས་པ་གཉིས་ནི་དུས་གཅིག་ལ་གཞི་མཐུན་མི་སྲིད་པའི་ཕན་ཚུན་འགལ་བ་རེད། དེ་གཉིས་པོ་སེམས་རྒྱུད་ཀྱི་སྐད་ཅིག་གཅིག་གི་ནང་དུས་གཅིག་ལ་བྱུང་མི་སྲིད་པ་རེད། ཡང་དག་པའི་རྟོགས་པ་ལ་རྒྱུ་མཚན་རིགས་པའི་རྒྱབ་རྟེན་ཡོད་པ་སོང་ཙང་། རྒྱུན་མ་ཆད་པའི་ཡང་དག་པའི་རྟོགས་པའི་རྒྱུད་དེ་ནི་རྨོངས་པའི་རྒྱུད་ཐོག་མ་མེད་པ་དེ་སླར་ནམ་ཡང་མི་འབྱུང་བའི་ཚུལ་དུ་ཕྱིར་འདོར་ཐུབ། 

དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བ་ནི་སེམས་རྒྱུད་དེ་རྨོངས་པ་དང་ལས་ཀྱི་རྗེས་འབྲས་ཀྱི་རྒྱུད་ཀྱི་དྲི་མས་བསླད་པའི་སྐབས་སུ་འབྱུང་བའི་རྒྱུ་མཚན་གྱིས་དྲི་མས་བསླད་པའི་རྒྱུད་དེ་གཉིས་མཇུག་རྫོགས་པའི་སྐབས། འཁོར་བའི་རྒྱུད་ཀྱི་རིམ་པའང་མཇུག་རྫོགས་ཀྱི་ཡོད། མྱང་འདས་ཀྱི་རིམ་པའི་ནང་ལས་ཀྱི་རྒྱུན་ཆད་མེད་པའི་གོམས་གཤིས་ཀྱི་རྒྱུད་དེ་མཇུག་རྫོགས་པའི་སྐབས། སངས་རྒྱས་པའི་དུས་སྐབས་དེ་འགོ་ཚུགས་ཏེ་མཐའ་མེད་པར་མུ་མཐུད་ཀྱི་ཡོད། དེ་ནས་འཁོར་བ་དང་མྱང་འདས་ཀྱི་རིམ་པ་བརྒྱུད་ནས་གང་ཞིག་གནས་ཐུབ་ཀྱི་ཡོད་པ་ནི་སྒེར་སོ་སོའི་འོད་གསལ་སེམས་ཀྱི་རྒྱུད་ཀྱི་གོང་བུ་གཅིག་འདུས་ཏེ། སྒེར་སོ་སོའི་རླུང་ཕྲ་ཤོས་ཀྱི་ནུས་པ་དང་དེ་དག་གི་སྟེང་དུ་འདོགས་རུང་བའི་སྒེར་སོ་སོའི་ཀུན་རྫོབ་ཀྱི་ “བདག་” དེ་གནས་ཀྱི་ཡོད། 

རྗེས་འབྲས།

གལ་ཏེ་ང་ཚོས་སོ་སོ་རང་ཉིད་སྒེར་སོ་སོའི་རྒྱུད་དེ། ཡུལ་ཅན་གྱི་མྱོང་བའི་ཆོས་ལ་ཐོག་མ་དང་མཐའ་མ་མེད་པ་ལ་གཞིགས་ནས་བསམ་བློ་གཏོང་འགོ་ཚུགས་ཐུབ་པ་དང་། མི་ཚེ་ཐུང་ངུ་བྱེ་བྲག་འདིའི་ནང་རྨོངས་པའི་སོ་སོའི་སེམས་རྒྱུད་མ་སྤངས་ན། ང་ཚོས་སྐྱེ་བ་ཕྱི་མའི་ནང་རང་བཞིན་གྱིས་མུ་མཐུད་འདོད་བྱེད་ཀྱི་རེད། དེ་གང་ཡིན་ཞེ་ན། སོ་སོ་སྒེར་གྱི་སེམས་རྒྱུད་དེ་སྐྱེ་བ་ནས་སྐྱེ་བ་བརྒྱུད་དེ་མུ་མཐུད་ངེས་ཡིན་པ་ང་ཚོས་རྟོགས་ཀྱི་ཡོད། བྱས་ཙང་། སྐྱེ་བ་ཕྱི་མའི་ནང་རྐྱེན་བཟང་ཤོས་དང་ལྡན་པ་རང་བཞིན་གྱིས་འདོད་ངེས་པ་དང་དེ་ལ་བརྟེན་ནས་ང་ཚོས་མུ་མཐུད་རྨོངས་པའི་སེམས་རྒྱུད་དེ་སྤོང་བར་འབད་བརྩོན་བྱེད་ཆོག

གཞན་ཡང་། གལ་ཏེ་ང་ཚོས་སྐྱེ་བ་ཐོག་མ་མེད་པ་ནས་སོ་སོའི་སེམས་རྒྱུད་ཡོངས་སུ་རྫོགས་པར་རྟོག་འཆར་བསྐྲུན་ཐུབ་ན། ལས་ཀྱི་སྐོར་གྱི་ཆོས་ཚུལ་ཚང་མས་དོན་དག་སྔར་ལས་ལྷག་པ་སྟོན་གྱི་རེད། ང་ཚོར་ད་ལྟ་ཡོད་པའི་སྐྱེ་གནས་འདིའི་སྐབས་སུ་ང་ཚོས་ཡུལ་ཅན་གྱི་སྒོ་ནས་མྱོང་བཞིན་པ་ཐམས་ཅད་སྐྱེ་བ་མང་པོ་སྔོན་གྱི་ལས་དང་ང་ཚོའི་སེམས་རྒྱུད་ཀྱི་སྟེང་དུ་འདོགས་རུང་བའི་ལས་ཀྱི་རྗེས་འབྲས་ཀྱི་རྒྱུད་མུ་མཐུད་ནས་སྨིན་པ་ལ་གཞི་བྱས་ཡོད། 

གལ་ཏེ་ང་ཚོས་སྒེར་སོ་སོའི་རྒྱུད་དམ་ཡུལ་ཅན་གྱིས་མྱོང་བའི་ཆོས་ཏེ། སོ་སོ་རང་ཉིད་དམ་གཞན་གང་རུང་གི་ཆོས་ཚུགས་ཐུབ་ཏུ་གྲུབ་པ་མེད་པ་དང་། མི་ཞིག་ཡིན་པའི་ཆ་ནས་འགྱུར་མེད་ཀྱི་ངོ་བོ་མེད་པ། འབུ་ཞུ་ལུ་མ་སོགས་གང་ཡིན་རུང་དེ་དག་རྟོགས་ན། ང་ཚོས་འབུ་ཞུ་ལུ་མ་མཐོང་བའི་སྐབས། མི་སྒེར་ཞིག་ཡིན་པའི་ཆ་ནས་སྐྱེ་གནས་མི་འདྲ་བ་ཧ་ཅང་མང་པོའི་ནང་སྐྱེས་ཡོད་པ་དེ་རྟོགས་ཀྱི་ཡོད། སྐྱེ་བ་སྔོན་མའི་ནང་ང་ཚོས་ཀྱང་ལུས་རྟེན་གྲངས་མེད་པ་བླངས་ཡོད་པ་དེ་རྟོགས་ཀྱི་ཡོད། བྱས་ཙང་། དུས་སྐབས་ཤིག་ན་ཁྲུས་ཁང་གི་ཞ་ལའི་སྒང་ལ་དལ་བུར་གོག་འགྲོ་བྱེད་མཁན་གྱི་སེམས་ཅན་འདི་ངའི་ཨ་མ་བྱས་ཡོད་པ་གསལ་པོ་རེད། སྒེར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པའི་རྐྱེན་གྱིས་ཚེ་འདིའི་ནང་གང་ཟག་སྒེར་པ་འདི་འབུ་ཞུ་ལུ་མའི་ལུས་ཀྱི་རྒྱུད་དེས་རྒྱབ་བརྟེན་བྱས་ཡོད། ཡིན་ནའང་། ང་ཚོའི་སེམས་རྒྱུད་དེ་ཡང་དུས་སྐབས་ཤིག་ལ་འབུ་ཞུ་ལུ་མའི་ལུས་ཀྱི་རྒྱུད་དེས་རྒྱབ་བརྟེན་བྱས་ཡོད་པ་གོར་མ་ཆག ནང་གི་རྟོགས་པ་འདིས་ང་ཚོར་འབུ་ཞུ་ལུ་མའི་སྡུག་བསྔལ་ཤེས་ནུས་ཀྱི་ཚོར་བ་སྐྱེད་དུ་འཇུག་པ་དང་དེ་ལ་བརྟེན་ནས་འབུ་ཞུ་ལུ་མ་ལ་མི་སྐྲག་པའམ་ཡང་ན་དེ་མི་གསོད་པ་ཡིན། ང་ཚོས་དེ་ལ་སེམས་ཅན་བྱེ་བྲག་གཅིག་ནས་གཞན་ཞིག་དང་འདྲ་བར་འབྲེལ་བ་བྱེད་ཆོག དེ་ལ་བརྟེན་ནས་ང་ཚོས་དེའི་ཚབ་ལ་སྙིང་རྗེ་སྐྱེད་ཐུབ། ང་ཚོས་འབུ་ཞུ་ལུ་མ་དེ་རང་གི་གཅེས་ཉར་སྲོག་ཆགས་ལྟ་བུར་ཉར་མི་སྲིད་ནའང་། མ་མཐར་ཡང་ང་ཚོས་དེའི་སྟེང་ལ་གོམ་པ་སྤོ་གི་མ་རེད། 

སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་སྐྱེད་པ།

དེ་ལྟར་ང་ཚོས་ནང་ཆོས་ཀྱི་ནང་སྐྱེ་བ་སྔ་ཕྱི་ཟེར་བ་དེ་དོན་ངོ་མར་གང་ཡིན་པ་དེ་རྟོགས་འགོ་ཚུགས་པའི་སྐབས། ང་ཚོའི་རྟོགས་པ་དེ་ནང་གི་རྟོགས་པ་གཞན་མང་པོ་སྐྱེད་པར་བྱེད་པའི་འགག་རྩ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་མཐོང་ཐུབ། ནང་ཆོས་ནང་གི་བརྗོད་གཞི་ཧ་ལམ་ཚང་མ་ལྟ་བུ་ནི་སྐྱེ་བ་སྔ་ཕྱི་རྟོགས་པ་ལ་གཞི་རྩ་བྱས་ཡོད། དེར་བརྟེན་ཐོག་མར་ང་ཚོས་སྐྱེ་བ་སྔ་ཕྱིའི་གལ་གནད་ལ་ངོས་ལེན་བྱེད་དགོས་པ་དང་དེ་ནས་དེ་རྟོགས་པར་བློ་སྒོ་འབྱེད་དགོས་ཤིང་། དེ་རྟོགས་འདོད་ཀྱི་བློ་སྐྱེད་དགོས། དེའི་རྗེས་སུ་དེའི་སྐོར་གྱི་འགྲེལ་བ་ཡང་དག་པ་ལ་ཉན་པའམ་ཀློག་པའི་སྒོ་ནས་དེའི་ཐད་ལ་གཟབ་ནན་གྱིས་བསམ་མནོ་གཏོང་བར་བརྟེན་ང་ཚོར་ཤེས་སྟོབས་ཀྱི་གོ་རྟོགས་ཤིག་རྙེད་པ་དང་དེ་ལ་ཡིད་ཆེས་ཀྱང་རྙེད་ཀྱི་ཡོད། འོན་ཀྱང་། དེ་ཙམ་གྱིས་འགྲིག་གི་མེད་ལ་དེ་ཙམ་ལ་མཚམས་འཇོག་བྱ་རྒྱུ་མེད། ང་ཚོར་སྐྱེ་བ་སྔ་ཕྱིའི་སྐོར་ལ་སེམས་གཏིང་གི་ཚོར་བ་ལས་དྲངས་པའི་གོ་རྟོགས་ཟབ་པ་ཞིག་དང་ཡིད་ཆེས་ཤིག་ཐོབ་འདོད་ཡོད་དགོས། 

ཤེས་སྟོབས་དང་སེམས་གཏིང་གི་ཚོར་བའམ་བློ་ཐག་ཆོད་པའི་རིམ་པ་གཉིས་དབར་ཀྱི་ཁྱད་པར་གང་རེད་དམ། དེ་དག་ནི་ནུབ་ཕྱོགས་ཀྱི་དབྱེ་བ་འབྱེད་ཚུལ་གྱི་སྡེ་ཚན་ཁག་ཡིན་པ་དང་ནང་ཆོས་ནས་དེ་དང་བསྟུན་ནས་གསུང་གི་མེད། དེའི་རྒྱུ་མཚན་ནི་ནུབ་ཕྱོགས་ཀྱི་བསམ་བློ་དེས་སེམས་དང་སྙིང་གི་བར་དང་དེ་བཞིན་ཤེས་སྟོབས་དང་སེམས་ཚོར་གྱི་བར་ལ་དངོས་འགལ་ཆེན་པོ་ཞིག་བརྩི་བའི་རྐྱེན་གྱིས་རེད་སྙམ། ནང་ཆོས་ནས་ཆོས་མྱོང་ཚུལ་གྱི་རྣམ་པ་མི་འདྲ་བ་ཙམ་གྱི་སྐོར་ལ་གསུང་གི་ཡོད། དེའི་ནང་དུ་ནུབ་ཕྱོགས་པའི་སྡེ་ཚན་གཉིས་ཀ་འཚུད་ཀྱི་ཡོད། འོན་ཀྱང་། གལ་ཏེ་ང་ཚོ་ནུབ་ཕྱོགས་ཀྱི་བསམ་བློ་དེའི་རིགས་ཀྱིས་ཤུགས་རྐྱེན་བྱས་པའི་རྒྱབ་ལྗོངས་ཤིག་ནས་བསླེབས་ཡོད་ན། ང་ཚོས་སེམས་དང་སེམས་ཚོར་བར་ལ་དངོས་འགལ་ཡོད་པར་ཡིད་ཆེས་ངེས་ཡིན་པས། རྟོགས་པ་དང་ཡིད་ཆེས་ཀྱི་ཤེས་སྟོབས་དང་སེམས་གཏིང་གི་ཚོར་བའི་རིམ་པ་ལའང་དངོས་འགལ་ཡོད། ང་ཚོས་དངོས་འགལ་འདི་དངོས་ཡོད་ཡིན་པར་ཡིད་ཆེས་པའི་རྒྱུ་མཚན་གྱིས་ཆོས་རྣམས་དེའི་ཚུལ་དུ་མྱོང་གི་ཡོད། དོན་ངོ་མར་ཆོས་ཤིག་གི་ཤེས་སྟོབས་དང་སེམས་ཚོར་ཡང་ན་སེམས་གཏིང་གི་ཚོར་བའི་རྟོགས་པའི་བར་གྱི་ཁྱད་པར་དེ་ང་ཚོས་མྱོང་བ་དང་དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་། ནང་ཆོས་ནས་གཏིང་ཟབ་པའི་རྟོགས་པ་དང་ཡིད་ཆེས་ཐོབ་པའི་རྒྱུད་རིམ་ལ་དཔྱད་པ་ཇི་ལྟར་བྱེད་ཀྱི་ཡོད་དམ། དཔྱད་པ་དེས་ཕལ་ཆེར་ཤེས་སྟོབས་ཀྱི་རྟོགས་པ་ནས་བློ་ཐག་ཆོད་པོའི་རྟོགས་རིམ་བར་དུ་ཇི་ལྟར་འགྲོ་བར་གསལ་ཁ་ཞིག་གཏོད་ཀྱི་ཡོད་སྲིད། 

ཐོག་མར་ནུབ་ཕྱོགས་ཀྱི་ཤེས་སྟོབས་དང་བློ་ཐག་ཆོད་པོའི་གོ་རྟོགས་དབར་གྱི་ཁྱད་པར་དེ་ནང་པའི་ལུགས་ཀྱི་རྟོག་བཅས་དང་རྟོག་མེད་ཀྱི་གོ་རྟོགས་དབར་ཁྱད་པར་འབྱེད་ཚུལ་དང་གཅིག་པ་མིན། རྟོག་བཅས་ཀྱི་བློ་ནི་རྟག་ཏུ་ཡིད་ཡིན་པ་ལས་དབང་པོ་མིན། དེ་ནི་དངོས་པོ་གང་ཞིག་སྡེ་ཚན་ནམ་དོན་སྤྱི་བརྒྱུད་ནས་རྟོགས་པ་ཞིག་སྟེ། དཔེར་ན། ཤིང་རྐང་པ་བཞི་དང་ལྡན་པ་ཞིག་ལ་དེའི་སྟེང་གི་བཟོ་ལྟ་ལེབ་ལེབ་ཡོད་པ་དེ་མཐོང་བ་དང་དེ་ནི་ཅོག་རྩེའོ་ཞེས་རྟོགས་པ་ལྟ་བུ་རེད། ང་ཚོས་ཅོག་རྩེ་ཟེར་བ་དེ་གང་ཡིན་པའི་བསམ་བློ་ཞིག་ལ་བརྟེན་ནས་དངོས་པོ་འགའ་ཞིག་ནི་ཅོག་རྩེ་ཡིན་པར་རྟོགས་སྲིད་ནའང་། རྟོག་བཅས་ཀྱི་བློ་ནི་ངག་ཐོག་ཅིག་ཡིན་མི་དགོས་ཏེ། ང་ཚོའི་སེམས་ནང་ཅོག་རྩེ་ཟེར་བའི་ཚིག་དེ་བརྗོད་མི་དགོས། དེ་ལས་ལྡོག་སྟེ། དངོས་པོ་གང་ཞིག་གི་རྟོག་མེད་ཀྱི་བློ་དེ་ནི་དངོས་པོ་དེ་དོན་སྤྱི་བརྟན་པོ་ཞིག་དང་མཉམ་དུ་འདྲེས་ཀྱི་མེད། དེ་ལྟ་ནའང་། རྟོག་མེད་ཀྱི་བློ་དེ་ལ་དངོས་པོ་དེ་གང་ཡིན་པའི་ཀུན་རྫོབ་ཀྱི་བདེན་པའི་གོ་རྟོགས་ཤིག་ཡོད་སྲིད་པ་རེད། 

རྟོག་མེད་ཀྱི་ཤེས་པ་དེ་གང་ཡིན་པ་དང་ཆོས་གང་ཞིག་གི་དོན་ངོ་མ་གང་ཡིན་པའི་གོ་རྟོགས་དེ་རྙེད་རྒྱུ་དངོས་གནས་ཁག་པོ་རེད་ཅེས་ངས་ངོས་ལེན་བྱེད་དགོས་ངེས་རེད། གང་ལྟར་ཡང་། ནང་པའི་རྟོག་བཅས་དང་རྟོག་མེད་ཀྱི་རྟོགས་པའི་ཁྱད་པར་དེ་ནི་ནུབ་ཕྱོགས་ཀྱི་ཤེས་སྟོབས་དང་སེམས་གཏིང་གི་ཚོར་བའི་རྟོགས་པའི་ཁྱད་པར་དང་འབྲེལ་བ་གང་ཡང་མེད་ངེས་རེད། ང་ཚོས་སྐྱེ་བ་སྔ་ཕྱིའི་དོན་སྤྱིའམ་ཡང་ན་སྐྱེ་བ་སྔ་ཕྱིའི་དོན་སྤྱིའི་དོན་གང་ཡིན་པའི་བསམ་བློ་བརྒྱུད་ནས་དེ་ལ་བསམ་བློ་གཏོང་བཞིན་དུ་ང་ཚོར་སྐྱེ་བ་སྔ་ཕྱིའི་སྐོར་ལ་སེམས་གཏིང་གི་རྟོགས་པ་ཞིག་ཡོད་ཆོག་པ་ནི་གསལ་པོ་རེད། 

ནང་པའི་ཁྱད་པར་གཞན་འབྱེད་ཀྱི་ཡོད་པ་ནི་ངའི་བསམ་པར་ནུབ་ཕྱོགས་ཀྱི་བསམ་བློས་འབྱེད་པའི་ཁྱད་པར་དང་འབྲེལ་ཐག་ཉེ་བ་ཡོད། དེ་ནི་ཆོས་གང་ཞིག་ལ་རྩོལ་བ་དང་རྩོལ་མེད་ཀྱི་རྟོགས་པ་དང་ཆོས་ཤིག་ལ་ཡིད་ཆེས་ཀྱི་ཁྱད་པར་དེ་ཡིན་པ་དང་། ཁྱད་པར་དེ་ལ་གཞི་བྱས་ནས་ང་ཚོར་ཆོས་རྣམས་སྣང་ཚུལ་གྱི་ཁྱད་པར་གཞན་དག་འབྱུང་གི་ཡོད། ད་ང་ཚོས་གནད་དོན་དེ་དག་རྟོགས་ཐབས་བྱ་རྒྱུ་ཡིན། 

རྩོལ་བཅས་དང་རྩོལ་མེད་ཀྱི་རྟོགས་པ་དང་ཆོས་ཤིག་ལ་ཡིད་ཆེས་པ།

ང་ཚོས་རྩོལ་བཅས་ཀྱི་རྟོགས་པ་དང་ཡིད་ཆེས་ལ་བརྟེན་ནས་ཆོས་ཤིག་རྟོགས་པའི་སྐབས། རྒྱུ་མཚན་རིགས་པ་བརྒྱུད་ནས་ཤེས་པ་དེ་སྐྲུན་དགོས་ཀྱི་ཡོད། དཔེར་ན། ང་ཚོས་སོ་སོའི་གློག་ཀླད་ལ་བལྟས་ནས་རྒྱུ་མཚན་རིགས་པ་བརྒྱུད་ནས་འདི་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་ཆོས་ཤིག་ཡིན་པ་དང་དེ་ཡང་རྒྱུ་དང་རྐྱེན་གཞན་གྱིས་ཤུགས་རྐྱེན་བྱས་ཡོད་ཅེས་དང་། རྒྱུ་མཚན་དེའི་ཕྱིར་ན། འདི་ནི་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་འགྲོ་གི་ཡོད་པས་མི་རྟག་པ་རེད། འདི་ནི་འཕྲོ་བརླག་འགྲོ་རྒྱུ་ངེས་པ་དང་སྐད་ཅིག་རེ་རེའི་ནང་ཟད་ནས་མཇུག་རྫོགས་ལ་ཉེ་རུ་འགྲི་བཞིན་ཡོད། ང་ཚོས་དེ་ལྟར་གློག་ཀླད་ལ་རྟོགས་པ་དང་ཡིད་ཆེས་ཡོད་པའི་སྒོ་ནས་དེའི་མི་རྟག་པ་ལ་དམིགས་པའི་སྐབས། གློག་ཀླད་ལ་མི་རྟག་པར་ལྟ་བའི་ཤེས་པ་དེ་ནི་རྩོལ་བཅས་ཡིན་པ་རེད། དེ་ནི་གློག་ཀླད་ཀྱི་མི་རྟག་པ་དངོས་དང་མི་རྟག་པའི་དོན་སྤྱིའི་ཆོས་དང་འདྲེས་པའི་རྟོག་བཅས་ཀྱི་ཤེས་པ་ཞིག་ཀྱང་ཡིན་པ་རེད།

ང་ཚོས་རང་གིས་རང་ལ་དུས་ཡུན་རིང་པོའི་ནང་རྒྱུ་མཚན་རིགས་པ་ལ་བརྟེན་ནས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་མི་རྟག་པ་ཡིན་པའི་ཐད་ལ་དཔྱིས་ཕྱིན་པའི་གོམས་འདྲིས་བྱེད་པའི་སྐབས། མཐར་ང་ཚོས་སོ་སོའི་གློག་ཀླད་ག་དུས་མཐོང་བ་དང་དེ་ལ་བསམ་བློ་གཏོང་དུས་རྒྱུ་མཚན་རིགས་པ་བརྒྱུད་ནས་འགྲོ་མི་དགོས་པར། རང་ཤུགས་ཀྱིས་གློག་ཀླད་ཀྱི་མི་རྟག་པ་དེ་རྟོགས་ཐུབ་ཀྱི་རེད། དེའི་མི་རྟག་པའི་རྩོལ་མེད་ཀྱི་ཤེས་པ་ནི་དེ་རྟོགས་པ་དང་ཡིད་ཆེས་པ་མཉམ་དུ་བསླེབ་ཀྱི་རེད། ཡིན་ནའང་། དེ་ནི་ད་དུང་ཡང་མི་རྟག་པ་དངོས་དང་དོན་སྤྱིའི་མི་རྟག་པ་འདྲེས་པའི་རྟོག་བཅས་ཀྱི་བློ་ཞིག་ཡིན་པ་རེད། ངའི་བསམ་པར། རྩོལ་བཅས་དང་རྩོལ་མེད་ཀྱི་རྟོགས་པ་དང་ཡིད་ཆེས་འདི་ནི་གལ་ཆེན་ཞིག་རེད། ཡིན་ནའང་། དེ་ནི་ད་དུང་ཡང་ཤེས་སྟོབས་དང་སེམས་གཏིང་གི་རྟོགས་པ་དང་ཡིད་ཆེས་དབར་གྱི་ཁྱད་པར་དང་གཅིག་པ་གཅིག་རྐྱང་མ་རེད། 

དེ་ལྟ་ནའང་། མཐར་སེམས་གཏིང་གི་རྟོགས་པ་དང་ཡིད་ཆེས་རྙེད་པའི་ཕྱིར། རྩོལ་བཅས་ནས་རྩོལ་མེད་ཀྱི་ཤེས་པའི་བར་དུ་གོང་འཕེལ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། འདི་ཡང་སྐྱེ་བ་སྔ་ཕྱི་དང་འབྲེལ་ནས་བྱེད་པར། ང་ཚོས་ནང་པའི་སྐྱེ་བ་སྔ་ཕྱིའི་འགྲེལ་བཤད་ལ་གོམས་འདྲིས་ཆེན་པོ་ཆགས་དགོས་ཀྱི་ཡོད། དེ་ཡང་རྒྱུ་མཚན་རིགས་པ་དང་ང་ཚོས་གོ་བསྡུར་བྱས་དང་བྱེད་མུས་ཀྱི་གནད་དོན་དེ་དག་ལ་ཡང་ནས་ཡང་དུ་འཇུག་པའི་སྒོ་ནས་བྱེད་དགོས། འདི་ནི་ང་ཚོས་མང་ཆེ་བ་སྒོམ་ཐུན་གྱི་སྐབས་སུ་བྱེད་ཀྱི་ཡོད། དེ་ནས་ང་ཚོས་ཡང་ནས་ཡང་དུ་ཉམས་ལེན་བྱེད་དགོས་པ་དང་རྩོལ་བཅས་ཀྱི་རྟོགས་པ་དང་ཡིད་ཆེས་ལ་གཞི་བྱས་ནས་སོ་སོ་རང་ཉིད་དང་གཞན་རྣམས་སྐྱེ་བ་སྔ་ཕྱིའི་སྤྱི་ལ་བརྟེན་ནས་ལྟ་དགོས། ང་ཚོས་སྒོམ་རྒྱག་སྐབས་སོ་སོ་རང་ཉིད་དང་ང་ཚོས་ཤེས་པའི་མི་གཞན་དག་ལ་བསམ་བློ་གཏོང་བཞིན་དུ་དེ་བྱེད་ཆོག་ཀྱང་། ང་ཚོས་ཉིན་རེའི་མི་ཚེའི་ནང་གཞན་དག་དང་ཐུག་འཕྲད་སྐབས་སུའང་བྱེད་ཆོག དེ་ཡང་ཐ་ན་ང་ཚོས་རང་གིས་རང་ལ་སྐྱེ་བ་སྔ་ཕྱིར་རྒྱབ་བརྟེན་བྱེད་པའི་རྒྱུ་མཚན་རྣམས་དྲན་གསོའི་ཆེད་དུ་དུས་ཚོད་ཏོག་ཙམ་ཞིག་ལེན་དགོས་ནའང་བྱེད་ཐུབ། ང་ཚོས་ཡང་ནས་ཡང་དུ་རྒྱུ་མཚན་རིགས་པ་བརྒྱུད་ནས་དེའི་ཚུལ་དུ་སོ་སོ་རང་ཉིད་དང་གཞན་རྣམས་མཐོང་བ་ཉམས་ལེན་བྱས་ཏེ། སྐྱེ་བ་སྔ་ཕྱི་ལ་དཔྱིས་ཕྱིན་པའི་གོམས་འདྲིས་ཆགས་པའི་སྐབས། མཐར་འདི་ལྟ་བུའི་མི་རྣམས་དང་དུད་འགྲོ་རྣམས་ལ་ལྟ་ཚུལ་དེས་རང་ཤུགས་དང་ལྷན་སྐྱེས་ཀྱིས་འབྱུང་གི་ཡོད། དེ་ནི་རྩོལ་མེད་ཆགས་ཀྱི་ཡོད། ཡིན་ནའང་། ད་དུང་རྟོག་བཅས་རེད། 

དེ་ནས་རང་ཤུགས་ཀྱིས་ང་ཚོས་སེམས་ཅན་ཐམས་ཅད་རེ་རེ་བཞིན་སྒེར་སོ་སོ་བ་དང་ཆོས་མྱོང་བའི་ཡུལ་ཅན་ཤེས་པའི་རྒྱུད་དང་། སྒེར་སོ་སོའི་ “བདག་” ཏུ་ཚད་མའི་སྒོ་ནས་འདོགས་རུང་བ་མཐོང་བ་ལས། དེ་དག་ནི་བུད་མེད་དང་། སྐྱེས་པ། ཡང་ན་ཁྱི་དང་འབུ་ཞུ་ལུ་མ་ལྟ་བུར་མཐོང་གི་མེད། ང་ཚོས་སོ་སོ་རང་ཉིད་དང་། སོ་སོའི་བརྩེ་བ་ཡོད་ས། སོ་སོའི་དགྲ་བོ་རྣམས་ཀྱང་རང་ཤུགས་ཀྱིས་དེ་ལྟར་མཐོང་གི་རེད། གང་ཡིན་ཞེ་ན། ང་ཚོ་རྟོགས་པ་དེ་དང་ཡིད་ཆེས་དེ་ལ་ཧ་ཅང་གོམས་འདྲིས་ཆེན་པོ་ཆགས་ཡོད་པ་རེད། འོན་ཀྱང་། གལ་ཏེ་འདི་ནི་གོ་རྟོགས་མ་ནོར་བ་དེ་ཆགས་ཀྱི་ཡོད་ན། ད་ལྟ་ཀུན་རྫོབ་ཀྱི་སྒོ་ནས་མི་རེ་རེ་སུ་ཡིན་པ་མཐོང་ངེས་རེད། 

དངོས་པོ་རྣམས་ང་ཚོར་ཇི་ལྟར་སྣང་བའི་ཚུལ།

མཐར་ང་ཚོས་ཚང་མ་དེ་འདྲ་ཞིག་ཏུ་མཐོང་བ་ཙམ་དུ་མ་ཟད། སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་ནང་གི་རྟོགས་པ་ལ་གོམས་འདྲིས་ཧ་ཅང་ཆེན་པོ་ཞིག་ཡོད་པའི་རྗེས་སུ་མི་ཚང་མ་རང་ཤུགས་ཀྱིས་དེ་འདྲ་ཞིག་ཏུ་སྣང་བ་དང་ང་ཚོའི་སྣང་ངོ་ལའང་དེ་འདྲ་ཞིག་ཏུ་སྣང་གི་རེད། ཚང་མ་རྡོག་རྡོག་ཚུགས་ཐུབ་ཏུ་རྟག་པའི་སྒོ་ནས་སྐད་ཅིག་དེའི་ནང་གི་འདྲ་པར་ཞིག་གསལ་སྟོན་བྱེད་ངེས་པ་དང་འདྲ་བ་ཞིག་ང་ཚོར་མི་སྣང་བར། དེ་ལས་ལྡོག་སྟེ། སྒེར་སོ་སོ་ཐོག་མ་དང་མཐའ་མ་མེད་པའི་སེམས་རྒྱུད་ཀྱི་སྟེང་དུ་འདོགས་རུང་བའི་སྒེར་སོ་སོའི་ “བདག་” ཅིག་དང་འདྲ་བ་ཞིག་ང་ཚོ་སྣང་གི་རེད། དེ་ནི་སྐྱེ་བ་སྔ་ཕྱི་ལ་གཞིགས་ནས་གཞན་རྣམས་ད་ལྟ་དེ་དག་གི་ངོས་ནས་སྣང་བ་ཞིག་མིན་ལ། སེམས་ནི་གཞན་རྣམས་ཚུལ་དེ་ལྟར་སྣང་བར་བྱེད་པའི་ཆོས་ལྟ་བུ་ཞིག་ཡིན་པ་དེ་འདྲའང་མིན། དེ་ལས་ལྡོག་སྟེ། དེ་ལྟ་བུའི་སྣང་བ་ནི་རང་ཤུགས་ཀྱིས་ང་ཚོས་མི་སུ་འདྲ་ཞིག་མཐོང་བའི་མྱོང་བ་དེའི་ཆ་ཤས་སུ་འབྱུང་རྒྱུ་རེད། 

དེའི་དོན་གང་རེད་དམ། ང་ཚོས་གང་འགྲེལ་བརྗོད་བྱེད་ཀྱིན་ཡོད་དམ། ང་ཚོས་སྐྱེ་བ་སྔ་ཕྱིའི་ “ཚོར་བ་” ཞིག་གི་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད། དེའི་དོན་ནི་སྐྱེ་བ་སྔ་ཕྱི་ལ་གོ་རྟོགས་དང་ཡིད་ཆེས་དེ་བཞིན་དེ་ལྟར་ཡིན་པའི་སྣང་བ་དེའང་ཡིན། དེ་གསུམ་ཀ་རང་ཤུགས་ཀྱིས་དེ་དག་ཆོས་མྱོང་བའི་སྒེར་སོ་སོའི་ཡུལ་ཅན་ཤེས་པའི་རྒྱུད་ཅིག་ཡིན་པ་ལ་གཞིགས་ནས་མི་ཞིག་མྱོང་བའི་ཆ་ཤས་སུ་འབྱུང་གི་ཡོད། དེ་ནི་ཚིག་ཧ་ཅང་མང་པོ་ཆགས་ཀྱི་ཡོད། འོན་ཀྱང་། གནད་དོན་གཙོ་བོ་དེ་ནི་ང་ཚོའི་རྟོགས་པ་དང་ཡིད་ཆེས་དེ་བཞིན་སྣང་བ་དང་བཅས་པ་ནི་རང་ཤུགས་ཀྱིས་གཞན་དང་འཕྲད་པའི་མྱོང་བའི་ཆ་ཤས་སུ་འབྱུང་བ་དང་། དེ་ཡང་ང་ཚོས་གང་སྣང་བ་དང་། གང་རྟོགས་པ། ང་ཚོས་དོན་ངོ་མར་གང་བདེན་པ་ཡིན་པ་ལ་བདེན་པར་ཡིད་ཆེས་པ་ལྟ་བུ་ཚོར་གྱི་རེད། 

གལ་ཏེ་ང་ཚོ་དང་གཞན་རྣམས་རང་ཤུགས་ཀྱིས་ཚུལ་འདི་ལྟར་ང་ཚོར་སྣང་གི་མེད་ན། སྐྱེ་བ་སྔ་ཕྱི་ལ་རྩོལ་མེད་ཀྱི་རྟོགས་པ་དང་ཡིད་ཆེས་ཡོད་ནའང་། ང་ཚོས་ད་དུང་ཡང་གང་མྱོང་བའི་ “ཤེས་སྟོབས་ཀྱི་རྟོགས་པ་” ཞེས་བརྗོད་ངེས་རེད་བསམ་གྱི་འདུག སྐྱེ་བ་སྔ་ཕྱི་ལ་རྩོལ་མེད་ཀྱི་རྟོགས་པ་དང་ཡིད་ཆེས་ཡོད་པ་དེའི་སྟེང་ལ་ང་ཚོ་དང་གཞན་རྣམས་རང་ཤུགས་ཀྱིས་དེ་དག་མྱོང་བའི་ནང་སྐྱེ་བ་སྔ་ཕྱི་དང་བསྟུན་ནས་སྣང་བའི་སྐབས། དེ་ལ་ང་ཚོས་ “སེམས་གཏིང་གི་རྟོགས་པའམ་” ཡང་ན་ “བློ་ཐག་ཆོད་པོའི་རྟོགས་པ་” ཞེས་བརྗོད་ངེས་རེད་སྙམ། དེ་ནི་དངོས་གནས་ཚུལ་དེ་ལྟར་ཡིན་པ་ཚོར་བའི་རྒྱུ་མཚན་གྱིས་རེད། ང་ཚོས་ཚོང་བ་དེ་ལ་ “སེམས་ཚོར་” ཞེས་བརྗོད་དང་མི་བརྗོད་ནི་ང་ཚོས་“སེམས་ཚོར་” ལ་འགྲེལ་བརྗོད་ཇི་ལྟར་བྱེད་པར་རག་ལུས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཤེས་སྟོབས་དང་སེམས་གཏིང་གི་རྟོགས་པའི་དབར་ཀྱི་ཁྱད་པར་ནི་སེམས་ཚོར་ཞིག་རེད་ཅེས་བརྗོད་རྒྱུ་དེ་དཀའ་ལས་ཁག་པོ་རེད། 

སྐྱེ་བ་སྔ་ཕྱིའི་སྐོར་ལ་ཤེས་སྟོབས་ཀྱི་རྟོགས་པ་དང་ཡིད་ཆེས་ལ་མིང་ཆད་བཟོ་མི་དགོས།

གང་ལྟར་ཡང་། ཤེས་སྟོབས་ཀྱི་རྟོགས་པ་ནས་སེམས་གཏིང་གི་རྟོགས་པར་འགྲོ་བ་དང་དེ་བཞིན་ཤེས་སྟོབས་ཀྱི་ཡིད་ཆེས་ནས་བློ་ཐག་ཆོད་པོའི་ཡིད་ཆེས་ལ་འགྲོ་བ་ནི་རང་བཞིན་གྱིས་རྫུ་འཕྲུལ་ལྟ་བུ་འབྱུང་གི་ཡོད་པ་ཞིག་མིན། དེ་ནི་རྟོག་བཅས་ཀྱི་རྟོགས་པ་ནས་རྟོག་མེད་ཀྱི་རྟོགས་པར་འགྲོ་བའི་གནད་དོན་ཞིག་ཀྱང་མིན། དེ་ནི་མི་སྲིད་པ་ལྟ་བུ་དཀའ་ལས་ཁག་པོ་རེད། དེ་ག་ནང་བཞིན་བསམ་བློ་གཏོང་བ་ནི་ངག་ཙམ་ཡིན་པ་དང་དེ་ལ་ནུབ་ཕྱོགས་པ་ཚོས་ “སྙམ་སེམས་པའི་རྟོགས་པ་” ཞེས་བསམ་བློ་གཏོང་རྒྱུ་དེ་མཚམས་འཇོག་བྱས་ནས་ཆོས་གང་ཞིག་ལ་སྙམ་སེམས་པའི་རྟོགས་པའི་སྒོ་ནས་ཚོར་བ་ལྟ་བུ་ཆོས་གང་ཞིག་ལ་བསམ་བློ་གཏོང་བ་ནས་བསམ་བློ་མི་གཏོང་བར་འགྲོ་བའི་གནད་དོན་ཞིག་ཀྱང་ཡིན་ངེས་མ་རེད། ཤེས་སྟོབས་ཀྱི་རིམ་པ་ནས་བློ་ཐག་ཆོད་པོའི་རིམ་པར་འགྲོ་བ་དེ་ནི་རྟོགས་པ་དང་ཡིད་ཆེས་ལ་བརྟེན་ནས་གནད་དོན་རྣམས་ལ་བསྐྱར་ཞིབ་བྱེད་པའི་གོམས་འདྲིས་ཀྱི་འབྲས་བུ་ཙམ་ཞིག་རེད་བསམ་གྱི་འདུག འདི་ནི་རྩོལ་བཅས་ཀྱི་སྒོམ་དང་སོ་སོ་རང་ཉིད་དང་གཞན་རྣམས་ཚུལ་དེ་ལྟར་ལྟ་བའི་ཉམས་ལེན་ལ་བརྟེན་ནས་འགོ་བཙུག་གི་ཡོད། 

དེར་བརྟེན་གལ་ཏེ་ཁྱེད་རང་ལ་སྐྱེ་བ་སྔ་ཕྱིའི་སྐོར་ཤེས་སྟོབས་ཀྱི་རྟོགས་པ་དང་ཡིད་ཆེས་ཁོ་ན་ཡོད་ན། དེ་ལ་སེམས་འཁྲལ་བྱ་མི་དགོས། དེ་དག་ཡོད་པ་ནི་ཧ་ཅང་ཡག་པོ་ཡིན་པ་དང་དེ་ལ་མི་བདེ་བ་ཚོར་དགོས་དོན་མེད། མི་མང་པོས་སོ་སོའི་རྟོགས་པ་དང་ཡིད་ཆེས་དེ་ཤེས་སྟོབས་ཙམ་ཡིན་ཞེས་རྙོག་དྲ་ཤོད་ཀྱི་ཡོད། འོན་ཀྱང་། སྐྱེ་བ་སྔ་ཕྱིའི་སྐོར་ལ་ཤེས་སྟོབས་ཀྱི་རྟོགས་པ་དང་ཡིད་ཆེས་ཡོད་པ་ནི་འགྲུབ་འབྲས་ཆེན་པོ་ཞིག་རེད་བསམ་གྱི་འདུག གནད་དོན་གཙོ་བོ་ནི་སྒོམ་རྒྱག་རྒྱུ་དང་རང་གིས་རང་ལ་གོམས་འདྲིས་བཟོ་བ་དང་སོ་སོ་རང་ཉིད་དང་གཞན་རྣམས་ཡང་ནས་ཡང་དུ་ཚུལ་དེ་ལྟར་མཐོང་རྒྱུ་དེ་རེད། དེ་ནི་སོ་སོ་སྒོམ་གདན་སྟེང་སྡོད་བཞིན་པའི་སྐབས་སུ་བྱེད་པ་ཙམ་མིན་པར། མི་རྣམས་སྲང་ལམ་དུ་ཡོད་པ་མཐོང་བ་དང་། སོ་སོའི་ནང་དུ་མི་རྣམས་ཡོད་པ་མཐོང་བ། ཁྱེད་ཀྱི་ཁྲུས་ཁང་ཡང་ན་ལྡུམ་རའི་ནང་འབུ་ཞུ་ལུ་མ་ཡོད་པ་མཐོང་བ། ཡང་ན་སོ་སོ་རང་ཉིད་མེ་ལོང་ནང་མཐོང་བའི་ཚུལ་དུ་ཉམས་ལེན་བྱེད་དགོས། དེ་ལྟ་བུའི་བསྐྱར་ལྡབ་ཡང་ལྡབ་ཀྱི་གོམས་འདྲིས་བྱེད་པ་བརྒྱུད་མཐར་ཚང་མ་རང་ཤུགས་ཀྱིས་སྐྱེ་བ་སྔ་ཕྱི་དང་བསྟུན་ནས་གྲུབ་པ་ལྟ་བུར་སྣང་བ་དང་དེ་ལྟར་ཡིན་པ་ཚོར་གྱི་རེད། 

མཇུག་སྡོམ།

ང་ཚོས་ནང་པའི་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་གནད་དོན་དེ་དག་ཐམས་ཅད་ངེས་པའི་ཆེད་དུས་ཚོད་ཡང་དག་པ་ཞིག་ལེན་དགོས་ངེས་རེད་ལ། དེ་དག་ཚང་མ་ཆ་ཚང་བ་ཞིག་ངེས་པར་ལོ་མང་འགོར་གྱི་རེད། གཏམ་བཤད་འདིའི་དགོས་དོན་ཚང་མ་ནི་ང་ཚོས་ནང་ཆོས་ནང་སྐྱེ་བ་སྔ་ཕྱིའི་སྐོར་ལ་བརྟག་དཔྱད་བྱེད་སྟངས་དང་བསམ་བློ་གཏོང་སྟངས། དེ་ཇི་ལྟར་རྟོགས་ཐབས་བྱེད་ཚུལ། དེའི་རྩོད་གླེང་རྣམས་གང་དག་ཡིན་པ་བཅས་སྟོན་པའི་ཆེད་དུ་རེད། གོ་བསྡུར་ཚང་མ་ནི་སེམས་རྒྱུད་ཀྱི་རིགས་མི་འདྲ་བ་རྣམས་རྟོགས་རྒྱུ་དང་སེམས་རྒྱུད་དེ་དག་གི་སྐད་ཅིག་གི་རྒྱུད་རིམ་རྒྱུན་སྲིང་ཚུལ་དང་སྦྲེལ་བ་ཞིག་ཡིན། 

གལ་ཏེ་བཤད་པ་འདིའི་འབྲས་བུར། ང་ཚོས་སྐྱེ་བ་སྔ་ཕྱིའི་བརྗོད་གཞི་འདི་དོ་གལ་རྦད་དེ་ཆེ་བ་བརྩིས་ནས། “འདི་ནི་དངོས་གནས་གལ་ཆེན་པོ་རེད། ངས་གཏམ་བཤད་འདི་ཙམ་ལ་གཞི་བྱས་ནས་རྟོགས་ཀྱི་མི་འདུག ཡིན་ནའང་། འདི་ནི་ངས་དངོས་གནས་དྲང་གནས་འབད་བརྩོན་གྱིས་ཡར་རྒྱས་གཏོང་དགོས་པ་ཞིག་རེད་” ཅེས་བསམ་གྱི་ཡོད། དེ་ནས་ང་ཚོར་གོ་བ་ཆེན་པོ་ཞིག་རག་པ་རེད། ང་ཚོས་ཐ་ན་བརྗོད་གཞི་འདི་ཇི་ཙམ་ཟབ་པ་ཡིན་པ་དེ་ཅུང་ཟད་ཅིག་མཐོང་འགོ་བཙུག་གི་ཡོད། དམིགས་བསལ་ང་ཚོའི་ལུས་པོ་དང་འབྲེལ་བའི་གནད་དོན་དེ་དག་མཐོང་གི་རེད། གལ་ཏེ་ལུས་རྟེན་འདིའི་རྡུལ་ཕྲན་ཡོད་དོ་ཅོག་རྒྱུན་ཆད་མེད་པར་བརྗེ་པོ་རྒྱག་པ་དང་། ལུས་འདིའི་ཆ་ཤས་མིན་པ་ཞིག་ནས་འབྱུང་བ་དང་གཞན་ཞིག་ལ་ཕྱིན་ནས་གཞན་ཞིག་གི་ཆ་ཤས་སུ་འགྱུར་གྱི་ཡོད་ན། ལུས་འདིའི་རྒྱུད་ཀྱིས་དེའི་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་དེ་ཇི་ལྟར་རྒྱུན་འཛིན་བྱེད་ཀྱི་ཡོད་དམ། དེ་ནི་དངོས་གནས་ཁྱད་པར་དུ་འཕགས་པ་རེད། 

དེའི་རྗེས་ཆོས་མྱོང་བའི་སྒེར་སོ་སོའི་སེམས་རྒྱུད་དང་དེ་ལ་རྒྱབ་བརྟེན་བྱེད་པའི་ལུས་ཀྱི་རྒྱུད་ཀྱིས་དེ་དག་གི་རྒྱུད་ལ་ཐབས་ཚུལ་མི་འདྲ་བ་ཚང་མའི་སྒོ་ནས་རྒྱུན་འཛིན་ཇི་ལྟར་བྱེད་པའི་ཐད་ལ་ང་ཚོས་བསམ་བློ་གཏོང་འགོ་བཙུག་གི་ཡོད། དེ་ལྟར་ང་ཚོས་དེ་ནང་པའི་ལས་ཀྱི་ངོ་སྤྲོད་དང་རྒྱུ་འབྲས་ཀྱི་སྟོང་པ་ཉིད་དང་མཉམ་དུ་སྒྲིལ་དགོས། དེ་ལྟར་བྱུང་ན། བརྗོད་གཞི་ཡོངས་སུ་རྫོགས་པ་ཧ་ཅང་གཏིང་ཟབ་པོ་ཆགས་འགོ་བཙུག་གི་ཡོད། སྐྱེ་བ་སྔ་ཕྱིའི་བརྗོད་གཞི་འདི་ནི་ཆོས་རྣམས་དངོས་ཡོད་གནས་སྟངས་ལ་ཇི་ལྟར་གྲུབ་ཡོད་པ་རྟོགས་པར་གནད་འགག་གཙོ་བོ་དེ་ཇི་ལྟར་ཆགས་ཀྱི་ཡོད་པའི་ཐད་ལ་ང་ཚོས་ཏོག་ཙམ་མང་བ་མཐོང་འགོ་བཙུག་གི་ཡོད། 

རིགས་རྫས་རིག་པ་དང་། ཕ་མ་ནས་བྱུང་བའི་རྒྱུད་འཛིན། འཕེལ་རིམ་སོགས་གོ་བསྡུར་འདིའི་ཁོངས་སུ་འཇུག་པར་སྐྲག་སྣང་བྱེད་དགོས་དོན་མེད། དོན་ངོ་མར་ཆ་རྐྱེན་དེ་དག་གིས་འདི་ནི་དོ་སྣང་ཆེ་བ་དང་སྣ་ཚོགས་པ་ཞིག་བཟོ་གི་ཡོད། ང་ཚོས་ “ཨོ། དེ་འདྲའི་དོ་སྣང་འོས་པ་ཞིག་འདུག་” ཅེས་བརྗོད་ཆོག་ནའང་། དེ་ནི་དོ་སྣང་ཅན་ཙམ་ཞིག་མིན། སྐྱེ་བ་སྔ་ཕྱིའི་སྐོར་དེ་ནུབ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་སྒོ་ནས་རྟོགས་པའི་རྗེས་འབྲས་སུ་ང་ཚོས་མི་ཚེ་ལ་གདོང་ལེན་ཇི་ལྟར་བྱེད་པ་དང་ཉིན་རེའི་མྱོང་བ་བཅས་ལ་ཕན་ཐོགས་གཏིང་ཟབ་ཅིག་ཡོད་པ་རེད། ཐུགས་རྗེ་ཆེ།།

Top