ཐེག་དམན་ (ཐེག་པ་ཆུང་བའམ་ཚུལ་ལྡན་ཉམ་ཆུང་ཐེག་པ་) དང་ཐེག་ཆེན་ (ཐེག་པ་ཆེ་བའམ་རྒྱ་ཆེན་ཐེག་པ་) ཞེས་པའི་ཐ་སྙད་ནི། ཤེར་ཕྱིན་གྱི་མདོའི་ནང་ནས་ཐོག་མར་བྱུང་། དེ་དག་ནི་དམའ་འབེབས་ཀྱི་ཐ་སྙད་ཆ་གཅིག་ཡིན། ཐེག་ཆེན་ལ་ཆེ་བརྗོད་བྱེད་པ་དང་ཐེག་དམན་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། དེ་ལ་གདམ་ཀའི་ཐ་སྙད་ཁག་ཡོད་པ་དེ་དག་ལའང་སྐྱོན་གྱི་ཆ་མང་པོ་ཡོད་པ་རེད། དེར་བརྟེན་ངས་དེ་དག་ལ་ཚད་ལྡན་གྱི་ཐ་སྙད་འདི་དག་བེད་སྤྱོད་བྱ་རྒྱུ་ཡིན།
ཐེག་དམན་ནང་སྡེ་པ་བཅོ་བརྒྱད་ཡོད་ཅིང་། དེ་དག་ལས་ང་ཚོའི་དམིགས་ཡུལ་གྱི་ཆེད་དུ་གལ་ཆེ་ཤོས་ནི། ཐམས་ཅད་ཡོད་པར་སྨྲ་བ་དང་གནས་བརྟན་སྨྲ་བའམ་ཐེ་ར་ཝཱ་ད་ (Theravada) ཡིན། གནས་རྟན་སྨྲ་བའི་སྡེ་ནི། དེང་སང་ཤྲཱི་ལངྐ་དང་ལྷོ་ཤར་ཨེ་ཤི་ཡའི་ནང་གནས་བཞིན་པ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ནི། བོད་རིགས་རྒྱ་གར་བྱང་ཕྱོགས་སུ་འགྲུལ་བཞུད་བྱས་པ་དང་བོད་དུ་ནང་ཆོས་དར་འགོ་ཚུགས་པའི་སྐབས་རྒྱ་གར་བྱང་ཕྱོགས་སུ་རྒྱ་ཆེར་དར་ཁྱབ་བྱུང་ཡོད།
ལྟ་གྲུབ་ཀྱི་ཁྱད་པར་ལ་གཞི་བཞག་པའི་ཐོག་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ཚན་གཙོ་བོ་གཉིས་ཡོད། དེ་གཉིས་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ཡིན། ཐེག་དམན་གྱི་གྲུབ་མཐའི་ལམ་ལུགས་འཛིན་མཁན་ཚོས་ནཱལནྜ་ལྟ་བུའི་རྒྱ་གར་གྱི་ནང་པའི་གཙུག་ལག་སློབ་ཁང་ཆེན་མོའི་ནང་སློབ་གཉེར་བྱས་ཡོད་པ་དང་། ཕྱིས་སུ་བོད་ཀྱི་ཐེག་ཆེན་པ་རྣམས་ཀྱང་གྲུབ་མཐའ་དེ་གཉིས་ལས་བྱུང་ཡོད། བོད་ནང་རབ་བྱུང་གི་སྡེའི་སྡོམ་རྒྱུན་ཐམས་ཅད་ཡོད་པར་སྨྲ་བའི་ནང་གསེས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ཚན་ནས་བྱུང་།
སངས་རྒྱས་དང་དགྲ་བཅོམ་པ།
དགྲ་བཅོམ་པ་དང་སངས་རྒྱས་འགྲེལ་བརྗོད་བྱེད་སྟངས་ཐད་ཐེག་ཆེན་དང་ཐེག་དམན་དབར་གང་ལ་གང་འཚམས་ཀྱི་གལ་གནད་ཆེ་བའི་ཁྱད་པར་ཡོད། གཉིས་ཀས་དགྲ་བཅོམ་པའམ་ཐར་པ་ཐོབ་པའི་གང་ཟག་རྣམས་སངས་རྒྱས་ལས་ཡོན་ཏན་གྱི་ཆ་ནས་ཚད་ངེས་ཅན་ཞིག་ཡིན་པར་མོས་མཐུན་བྱེད་ཀྱི་ཡོད། ཐེག་ཆེན་གྱིས་ཁྱད་པར་དེ་ནི་སྒྲིབ་པ་གཉིས་ཀྱི་ཐོག་ནས་འཇོག་གི་ཡོད། དེ་གཉིས་ལས། ཉོན་མོངས་པའི་སྒྲིབ་པས་ཐར་པ་དང་། ཤེས་བྱའི་སྒྲིབ་པས་ཐམས་ཅད་མཁྱེན་པའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་འགོག་རྐྱེན་བྱེད་ཀྱི་ཡོད། དགྲ་བཅོམ་པ་རྣམས་ནི་ཉོན་སྒྲིབ་གཅིག་པུ་ལས་ཐར་བ་ཡིན་ཞིང་། སངས་རྒྱས་རྣམས་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀ་ལས་ཐར་བ་ཡིན། ཁྱད་པར་འདི་ནི་ཐེག་དམན་ནང་མཐོང་རྒྱུ་མེད། དེ་ནི་ཐེག་ཆེན་ཁོ་ནས་ཆེད་དུ་བཟོས་པའི་དབྱེ་བ་ཞིག་ཡིན།
ཐར་པའམ། ཡང་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ། ཐེག་ཆེན་དང་ཐེག་དམན་གཉིས་ཀས་ཡིན་པ་མི་སྲིད་པ་ལས་གྲུབ་པའི་བདག་མེད་པའི་རྟོག་མེད་མངོན་སུམ་གྱི་ཤེས་པ་དང་ལྡན་པའམ་བདག་མེད་རྟོགས་པ་ཞིག་དགོས་པ་དང་། དེ་ལྟ་བུའི་བདག་མེད་པ་ལ་ལེགས་སྦྱར་སྐད་དུ་ “ཨ་ནཱ་ཏྨ་” (anatma) ཞེས་ཐམས་ཅད་ཡོད་པར་སྨྲ་བ་དང་ཐེག་ཆེན་གྱི་རྒྱ་གཞུང་ནང་གསལ་བའི་སྐད་གཙོ་བོ་ཡིན་ཅིང་། གནས་བརྟན་སྨྲ་བའི་གཞུང་སྐད་པཱ་ལི་སྐད་དུ་ “ཨ་ནཱ་ཏྟ་” (anatta) ཞེས་ཟེར་གྱི་ཡོད། ཐེག་དམན་གྱིས་ཡིན་པ་མི་སྲིད་པའི་བདག་མེད་པ་འདི་གང་ཟག་ཁོ་ནའི་ཆ་ནས་འཇོག་པའམ་གང་ཟག་གི་བདག་མེད་མ་གཏོགས་ཆོས་ཐམས་ཅད་ལ་མི་འཇོག་པ་ཡིན། གང་ཟག་གི་བདག་མེད་དེ་ཡང་། འགྱུར་བ་མེད་པ་དང་། ཆ་མེད་པ། ལུས་སེམས་གཉིས་དང་བྲལ་རུང་ཡིན་པ། དེ་བཞིན་གཞན་ལ་མ་ལྟོས་པར་རང་ངོས་ཤེས་ཐུབ་པའམ་རང་སྐྱ་ཐུབ་པའི་རྫས་ཡོད་བཅས་སུ་ཡོད་པར་འདོད། དེ་ལྟ་བུའི་བདག་ནི་མི་སྲིད་པ་རེད། དེ་འདྲ་བའི་གང་ཟག་གི་བདག་མེད་པ་རྟོགས་པའི་ཐོག་ནས་དགྲ་བཅོམ་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ། ཁྱད་པར་ནི་དགེ་བའི་ནུས་པའམ་བསོད་ནམས་ཇི་ཙམ་བསགས་ཡོད་མེད་ལ་རག་ལས་ཡོད། སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་བརྟེན་ནས། སངས་རྒྱས་རྣམས་ཀྱིས་དགྲ་བཅོམ་པ་ལས་བསོད་ནམས་སྟོབས་ཆེ་བ་བསགས་ཡོད་པ་རེད།
སངས་རྒྱས་ཀྱིས་གང་ཟག་གི་བདག་མེད་གཅིག་པུ་མ་ཡིན་པར། ཆོས་ཀྱི་བདག་མེད་ཀྱང་རྟོགས་ཡོད་ཅེས་ཐེག་ཆེན་པས་འགྲེལ་བརྗོད་བྱེད་ཅིང་། དེ་འདྲ་བའི་མེད་པ་དེ་ལ་སྟོང་ཉིད་ཅེས་ཟེར་གྱི་ཡོད། རྒྱ་གར་ནང་ཐེག་ཆེན་གྱི་གྲུབ་མཐའ་སྣ་ཚོགས་ཀྱིས་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་དམ་སྟོང་ཉིད་རྟོགས་ཀྱི་ཡོད་མེད་ཁྱད་པར་ཆེན་པོ་ཡོད། ཐེག་ཆེན་ནང་དབུ་མ་ཐལ་འགྱུར་བས་དགྲ་བཅོམ་པ་རྣམས་ཀྱིས་སྟོང་ཉིད་རྟོགས་པར་འདོད། འོན་ཀྱང་བོད་ཀྱི་སྲོལ་རྒྱུན་ཆོས་བརྒྱུད་བཞིས་དབུ་མ་ཐལ་འགྱུར་བའི་འདོད་ཚུལ་དང་བསྟུན་ནས་གནད་དོན་དེ་འགྲེལ་བཤད་མི་འདྲ་བ་བྱེད་ཀྱི་ཡོད། འགའ་ཞིག་གིས་དགྲ་བཅོམ་པས་རྟོགས་པའི་སྟོང་ཉིད་དེ་སངས་རྒྱས་ཀྱི་མཁྱེན་པའི་སྟོང་ཉིད་དང་འདྲ་གི་མེད་པར་བརྗོད་པ་དང་། ཁ་ཤས་ཀྱིས་སྟོང་ཉིད་དེ་གཉིས་གཅིག་པར་འདོད། ཡང་འགའ་ཞིག་གིས་དགྲ་བཅོམ་པ་རྣམས་ཀྱིས་རྟོགས་པའི་སྟོང་ཉིད་ཀྱི་སྟོང་གཞི་ཆོས་ཅན་དེ་སངས་རྒྱས་ཀྱིས་མཁྱེན་པའི་སྟོང་ཉིད་ཀྱི་སྟོང་གཞི་ཆོས་ཅན་ལས་ཁྱབ་ཆུང་བར་འདོད་པ་དང། འགའ་ཞིག་གིས་གཅིག་པར་འདོད། སྐབས་འདིར་རྒྱས་པར་བརྗོད་དགོས་དོན་མེད།
སངས་རྒྱས་དང་དགྲ་བཅོམ་པ་དང་འབྲེལ་བའི་གནད་དོན་གཞན།
སངས་རྒྱས་དང་དགྲ་བཅོམ་པའི་ཐད་ཐེག་དམན་དང་ཐེག་ཆེན་གྱི་འདོད་ཚུལ་མི་འདྲ་གཞན་མང་པོ་ཡོད། དཔེར་ན། གནས་བརྟན་སྨྲ་བས། དགྲ་བཅོམ་པའི་གོ་འཕང་དོན་དུ་གཉེར་མཁན་གྱི་ཉན་ཐོས་དང་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་མཁན་གྱི་བྱང་ཆུབ་སེམས་དཔའི་དབར་ཁྱད་པར་གཅིག་ནི། ཉན་ཐོས་རྣམས་ཀྱིས་ནང་པའི་བཤེས་གཉེན་བསྟེན་ནས་བསླབ་པ་སློབ་གཉེར་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནང་པའི་བཤེས་གཉེན་བསྟེན་གྱི་མེད་པར་བརྗོད། དཔེར་ན། ལོ་རྒྱུས་ནང་གི་བདག་ཅག་གི་སྟོན་པས་སངས་རྒྱས་གཞན་ཞིག་ལ་བསྟེན་ནས་ཡོན་ཏན་སྦྱངས་མེད། ཁོང་གིས་ཕྱི་རོལ་པའི་དགེ་རྒན་དང་མཉམ་དུ་སློབ་གཉེར་མཛད་དེ་མཐར་དེ་དག་གི་ཐབས་ཚུལ་རྣམས་བསྐྱུར་གནང་ཡོད། མདོར་ན་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ནང་པའི་དགེ་རྒན་ཞིག་ལ་བརྟེན་ནས་བྱུང་བ་མ་ཡིན། དེར་རྟེན་གནས་བརྟན་སྨྲ་བས་སངས་རྒྱས་ཀྱི་མཁྱེན་པ་ནི་དགྲ་བཅོམ་པའི་མཁྱེན་པ་ལས་མཆོག་ཏུ་གྱུར་བར་འདོད་ཀྱི་ཡོད།
དེར་མ་ཟད། མ་གཞི་དགྲ་བཅོམ་པ་རྣམས་ཀྱིས་རང་གི་སློབ་མ་ཚོར་ཆོས་སྟོན་གྱི་ཡོད་པ་ནི་བཤད་མི་དགོས་པ་རེད། ཡིན་ནའང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པ་ནང་བཞིན་ཉན་ཐོས་ཀྱིས་ཆོས་སྟོན་གྱི་མེད། གནས་བརྟན་སྨྲ་བ་ལྟར་བྱས་ན། སངས་རྒྱས་རྣམས་ལ་སེམས་ཅན་ཐམས་ཅད་ཐར་པའི་ས་ལ་འགོད་པར་བྱེད་པའི་ཐབས་ལ་མཁས་ཆེ་ཞིང་། རྒྱ་ཆེ་བའི་ཆོས་སྟོན་ཚུལ་གྱི་ཆ་ནས་དགྲ་བཅོམ་པ་ལས་ཀྱང་མཆོག་ཏུ་གྱུར་བ་ཡིན་པར་འདོད་ཀྱི་ཡོད། དེའང་སངས་རྒྱས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའི་གནད་ཀྱིས་ཡིན། འོན་ཀྱང་འགྲེལ་བརྗོད་འདི་ལ་གཞིགས་ན། སངས་རྒྱས་ཀྱིས་མི་ཚང་མའི་ཁ་བྱང་མ་མཁྱེན་པར་གཞན་ལ་བཀའ་འདྲི་གནང་དགོས་ཀྱི་ཡོད།
ཐེག་དམན་བྱེ་བྲག་སྨྲ་བ་ལྟར་ན། སངས་རྒྱས་ཀྱིས་དེ་ལྟ་བུའི་གནས་ཚུལ་རྣམས་མཁྱེན་པའི་ཐོག་ནས་ཐམས་ཅད་མཁྱེན་པ་ཡིན་ནའང་། དེ་དུས་གཅིག་ལ་ཆོས་གཅིག་ལས་མཁྱེན་གྱི་མེད་པར་འདོད། ཐེག་ཆེན་ལྟར་ན། ཐམས་ཅད་མཁྱེན་པ་ཟེར་དུས་ཆོས་ཐམས་ཅད་དུས་གཅིག་ལ་མཁྱེན་པར་གོ་དགོས་ཀྱི་ཡོད། དེ་ཡང་ཆོས་ཐམས་ཅད་ཕན་ཚུན་ལྟོས་གྲུབ་དང་རྟེན་ཅིང་འབྲེལ་བར་བྱུང་བའི་དབང་གིས་ཡིན། ང་ཚོས་ཆོས་གཞན་ཞིག་དང་འབྲེལ་བ་རྩ་ནས་མེད་པའམ་གཞན་ལ་བརྟེན་མི་དགོས་པའི་ཆོས་གཅིག་གི་སྐོར་སྐད་ཆ་ཤོད་མི་ཐུབ།
ཐེག་དམན་གྱིས་བདག་ཅག་གི་སྟོན་པས་ཁོང་གི་སྐུ་ཚེའི་ནང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དགྲ་བཅོམ་པ་དང་འདྲ་བར། ཁོང་སྐུ་མྱ་ངན་ལས་འདས་རྗེས། སེམས་ཀྱི་རྒྱུན་ཆད་པར་འདོད། དེར་བརྟེན། ཐེག་དམན་ལྟར་བྱས་ན། བདག་ཅག་གི་སྟོན་པས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱས་པའི་སྐུ་ཚེ་ལྷག་མ་དེ་ཁོ་ནའི་རིང་ལ་ཆོས་གསུང་གི་ཡོད། ཐེག་ཆེན་གྱིས་གསུང་པ་བཞིན་ཁོང་ཚོས་གྲངས་མེད་པའི་འཇིག་རྟེན་ལ་སྤྲུལ་འགྱུར་སྣ་ཚོགས་མཛད་ནས་ཆོས་ཀྱི་འཁོར་ལོ་སྐོར་བའི་རྣམ་གཞག་འཇོག་གི་མེད། ཐེག་ཆེན་གྱི་ལུགས་གཅིག་པུའི་ནང་། སྟོན་པ་ཐུགས་རྗེ་ཆེན་པོ་ནང་པའི་དགེ་བའི་བཤེས་གཉེན་དང་ལྷན་དུ་བསླབ་པ་སློབ་གཉེར་གནང་ནས་བསྐལ་པ་མང་པོའི་སྔོན་ནས་སངས་རྒྱས་ཟིན། མཛད་པ་བཅུ་གཉིས་ཀྱི་ཡ་གྱལ་དུ་ཁོང་གིས་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན་པར་འདོད། སངས་རྒྱས་ཀྱི་རྣམ་ཐར་གྱི་སྔོན་དུ་བཞུགས་པའི་འགྲེལ་པ་ནི་ཐེག་དམན་གྱི་དགེ་འདུན་ཕལ་ཆེན་པའི་སྡེ་པའི་ནང་ནས་བརྙེད། དེ་ནི་ཐེག་དམན་གྱི་སྡེ་པ་བཅོ་བརྒྱད་ནང་གི་གཅིག་ཡིན། འོན་ཀྱང་ཐམས་ཅད་ཡོད་པར་སྨྲ་བ་དང་གནས་བརྟན་སྨྲ་བའི་ནང་རྙེད་རྒྱུ་མེད།
སངས་རྒྱས་ལ་ཆ་མཚོན་ན། ཁྱད་པར་ཆེན་པོ་གཞན་གཅིག་ནི། ཐེག་ཆེན་ཁོ་ནས་སངས་རྒྱས་ཀྱི་སྐུ་ལ་སྤྲུལ་སྐུ་དང་། ལོངས་སྐུ། ཆོས་སྐུ་བཅས་གསུམ་ཡོད་པར་འདོད་ཀྱི་ཡོད། ཐེག་དམན་གྱིས་དེ་ལྟར་གསུང་གི་མེད། དེ་འདྲ་ཡིན་དུས་ཐེག་དམན་དང་ཐེག་ཆེན་གྱི་སངས་རྒྱས་ཀྱི་གོ་དོན་ལ་ཁྱད་པར་ཆེན་པོ་ཡོད།
ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ།
ཐེག་དམན་དང་ཐེག་ཆེན་གཉིས་ཀས་རང་རང་སོ་སོའི་མཐར་ཐུག་བྱང་ཆུབ་ཀྱི་གོ་འཕང་ལ་བགྲོད་པའི་བརྒྱུད་རིམ་ནང་ལམ་ལྔ་གོང་འཕེལ་གཏོང་དགོས་པར་གསུང་གི་ཡོད། དེ་དག་ནི་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ཡིན། མཐོང་ལམ་ཐོབ་པའི་ཉན་རང་དང་བྱང་ཆུབ་སེམས་དཔའ་གཉིས་ཀ་ཚད་མཐོའི་རྟོགས་པ་དང་ལྡན་པའི་འཕགས་པ་ཡིན། གཉིས་ཀར་བདེན་བཞི་མི་རྟག་སོགས་རྣམ་པ་བཅུ་དྲུག་རྟོགས་པའི་རྟོག་མེད་ཀྱི་ཤེས་པ་ལྡན་ཡོད།
ཐེག་དམན་དང་ཐེག་ཆེན་གཉིས་ཀས་མཐོང་ལམ་གྱིས་ཉན་རང་འཕགས་པ་དང་བྱང་སེམས་འཕགས་པ་རྣམས་མཐོང་སྤངས་ཉོན་མོངས་ཀུན་བརྟགས་སྤོང་བ་དང་། སྒོམ་ལམ་ལ་བརྟེན་ནས་ཉོན་མོངས་ལྷན་སྐྱེས་སྤོང་བར་མོས་མཐུན་བྱེད་ཀྱི་ཡོད། སྔ་མ་ནི་རྒྱ་གར་ནང་གི་ཕྱི་རོལ་པའི་གྲུབ་མཐའི་ནང་ནས་གཅིག་གི་འདོད་ཚུལ་སློབ་གཉེར་བྱེད་པ་ལ་གཞིར་བྱས་པ་དང་། ཕྱི་མ་ནི་དུད་འགྲོ་ཚུད་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྷན་སྐྱེས་སུ་བྱུང་བ་ཡིན། ཉན་རང་དང་བྱང་སེམས་འཕགས་པ་རྣམས་ཀྱིས་སྤོང་བར་འགྱུར་བའི་ཉོན་མོངས་རྣམས་ནི་སེམས་བྱུང་གི་གྲངས་འདྲེན་སྤྱིའི་ཆ་ཤས་སུ་གཏོགས་པ་ཡིན་ཅིང་། ཐེག་དམན་གྱི་གྲུབ་མཐའ་སོ་སོར་རང་རང་གི་སེམས་བྱུང་གྲངས་འདྲེན་རེ་ཡོད། དེ་དང་ཆབས་ཅིག་ཐེག་ཆེན་གྱིས་གྲངས་འདྲེན་གཞན་ཞིག་གསུང་གི་ཡོད། གྲངས་འདྲེན་སོ་སོའི་ནང་སེམས་བྱུང་རྣམས་འགྲེལ་བརྗོད་མི་འདྲ་བ་བྱས་ཡོད།
ཐེག་དམན་དང་ཐེག་ཆེན་གཉིས་ཀས་ལམ་ལྔ་ལ་བརྟེན་ནས་སེམས་ཡར་རྒྱས་གཏོང་བའི་རྒྱུད་རིམ་ནང་བྱང་ཆུབ་ཏུ་བགྲོད་པའི་ཐབས་བྱང་ཕྱོགས་སོ་བདུན་ (བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་) ཉམས་ལེན་བྱེད་དགོས་པ་མོས་མཐུན་བྱེད། བྱང་ཆུབ་ཡང་ན་ལེགས་སྦྱར་སྐད་དུ་བོདྷི་ཞེས་པ་ནི་དགྲ་བཅོམ་པའམ་སངས་རྒྱས་ཀྱི་ས་ལ་གོ་དགོས། བྱང་ཕྱོགས་སོ་བདུན་ནང་། དྲན་པ་ཉེར་བཞག་བཞི་དང་། འཕགས་ལམ་ཡན་ལག་བརྒྱད་སོགས་ཡོད། དེ་དག་ནི་ཧ་ཅང་གལ་ཆེན་པོ་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་བྱང་ཕྱོགས་སོ་བདུན་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་སོ་བཞི་དང་སྐུ་གསུང་ཐུགས་བཅས་ཀྱིས་མཚོན་པར་བྱས་ཡོད། དེ་ག་ནང་བཞིན་རྡོ་རྗེ་རྣལ་འབྱོར་མའི་ལུས་དཀྱིལ་ནང་གི་མཁའ་འགྲོ་མས་ཀྱང་མཚོན་པར་བྱས་ཡོད། བྱང་ཕྱོགས་སོ་བདུན་ནི་ཚད་དང་ལྡན་པའི་ཉམས་ལེན་ཆ་ཚང་ཞིག་ཡིན། འོན་ཀྱང་ཐེག་ཆེན་དང་ཐེག་དམན་ནང་བྱང་ཕྱོགས་སོ་བདུན་གྱི་ཉམས་ལེན་རེ་རེའི་དོན་གནད་རྣམས་ནམ་རྒྱུན་མི་འདྲ་བ་ཡོད།
ཐེག་དམན་དང་ཐེག་ཆེན་གཉིས་ཀས་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་བཅས་ཀྱི་ལུགས་དེ་ཉན་རང་འཕགས་པའི་ལམ་གྱི་རིམ་པ་རྣམས་ལ་བརྩི་གི་ཡོད། འོན་ཀྱང་བྱང་སེམས་འཕགས་པའི་ལམ་ལ་གོ་གི་མེད། དེར་བརྟེན་རྒྱུན་ཞུགས་པ་རྣམས་ལ་རྟོག་མེད་མངོན་སུམ་དུ་བདེན་བཞི་མི་རྟག་སོགས་རྣམ་པ་བཅུ་དྲུག་རྟོགས་པའི་ཤེས་པ་དང་ལྡན་ཅིང་། དེའི་ནང་རྟོག་མེད་མངོན་སུམ་དུ་ཡིན་པ་མི་སྲིད་པ་ལས་གྲུབ་པའི་གང་ཟག་གི་བདག་དེ་མེད་པར་རྟོགས་པ་ཡང་ཚུད་ཡོད། ང་ཚོས་རྒྱུན་ཞུགས་ནི་ལས་དང་པོ་བ་ཞིག་ཏུ་བརྩི་རྒྱུ་མེད། དེར་བརྟེན་སུ་འདྲ་ཞིག་གིས་རྒྱུན་ཞུགས་ཀྱི་གོ་འཕང་ཐོབ་ཡོད་ཚུལ་བརྗོད་ན། དེ་ལ་དོགས་ཟོན་བྱེད་དགོས།
ཐེག་དམན་གྱི་གཞུང་ནང་བྱང་ཆུབ་སེམས་དཔའི་ལམ་གྱི་སྐོར་འགྲེལ་བཤད་རྒྱས་པོ་གསུང་མེད། འོན་ཀྱང་ཐེག་ཆེན་གྱིས་ས་བཅུའི་རྣམ་གཞག་ཐོག་ནས་སངས་རྒྱས་ཀྱི་ས་ལ་བགྲོད་པའི་བྱང་སེམས་ཀྱི་ལམ་རྒྱས་པར་གསུངས་ཡོད། ས་བཅུའི་རྣམ་གཞག་ནང་ཉན་རང་གི་ས་ལམ་དང་འབྲེལ་བ་མེད།
ཐེག་དམན་དང་ཐེག་ཆེན་གཉིས་ཀས་བྱང་སེམས་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་ས་ལ་བགྲོད་པ་ནི་ཉན་རང་གིས་དགྲ་བཅོམ་པའི་ས་ལ་བགྲོད་པ་ལས་དུས་ཚོད་མང་བ་འགོར་གྱི་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ཐེག་ཆེན་ཁོ་ནས་སངས་རྒྱས་པར་བསྐལ་ཆེན་གྲངས་མེད་གསུམ་གྱི་རིང་ཚོགས་གཉིས་གསོག་དགོས་ཚུལ་གསུང་གི་ཡོད། དབྱིན་སྐད་ནང་གི་ “zillion” ཟེར་བ་དེ་གྲངས་མེད་ལ་བསྒྱུར་ཡོད། གྲངས་མེད་ཟེར་བའི་དོན་ནི་གྲངས་ལས་འདས་པའམ་ང་ཚོས་གྲངས་བརྩི་མི་ཐུབ་པར་གོ་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། ཉན་རང་གིས་ཉུང་མཐར་ཡང་ཚེ་གསུམ་གྱི་ནང་དགྲ་བཅོམ་པའི་གོ་འཕང་འཐོབ་པར་གསུང་གི་ཡོད། ཚེ་དང་པོའི་ནང་རྒྱུན་ཞུགས་ཐོབ་པ་དང། ཚེ་གཉིས་པའི་ནང་ལན་གཅིག་ཕྱིར་འོང་ཐོབ། དེ་ནས་ཚེ་གསུམ་པའི་ནང་ཕྱིར་མི་འོང་སྟེ། ཐར་པ་ཐོབ་ནས་དགྲ་བཅོམ་པ་ཆགས་ཀྱི་ཡོད། འདི་ནི་མི་མང་པོ་ཞིག་ལ་བློ་སེམས་འགུག་ནུས་པ་ཞིག་ཡོད།
དགྲ་བཅོམ་པ་རང་འདོད་དོན་གཉེར་ཅན་ཡོད་ཚུལ་བརྗོད་པ་ནི་བྱང་ཆུབ་སེམས་དཔའ་དྲིལ་བསྒྲགས་བྱེད་པ་འདྲ་པོ་ཡོད། དེའི་དོན་ནི་མཐའ་གཉིས་སུ་མི་ལྷུང་བའི་ཆེད་དུ་ཡིན། སངས་རྒྱས་ཀྱིས་རང་གི་སློབ་མ་དགྲ་བཅོམ་དྲུག་བཅུར་ཆོས་སྟོན་དགོས་ཞེས་གསུངས་པ་མདོའི་ནང་གསལ། གལ་སྲིད་ཁོང་ཚོ་རང་འདོད་དོན་དུ་གཉེར་མཁན་ཡིན་ན། དེ་ལྟར་བྱ་རྒྱུའི་ཁས་ལེན་བྱེད་ངེས་མ་རེད། འོན་ཀྱང་དགྲ་བཅོམ་པས་གཞན་གྱི་དོན་བྱེད་ཐུབ་ཀྱང་སངས་རྒྱས་ནང་བཞིན་མི་ཐུབ། གཉིས་ཀས་ལས་དང་འབྲེལ་བ་ཡོད་པ་ཁོ་ནར་ཕན་ཐོགས་བྱེད་ཐུབ།
བྱང་ཆུབ་སེམས་དཔའ།
ཐེག་དམན་གྱི་གྲུབ་མཐའི་ནང་སངས་མ་རྒྱས་པའི་སྔ་རོལ་ཏུ་བྱང་སེམས་ཀྱི་ལམ་ཉམས་ལེན་དགོས་ཚུལ་བརྗོད་ཀྱི་ཡོད་པ་ཤེས་རྟོགས་བྱ་རྒྱུ་གལ་ཆེ། ཐེག་པ་ཆེ་ཆུང་གཉིས་ཀར་སངས་རྒྱས་ཀྱི་སྐྱེས་རབས་ཀྱི་འདོད་ཚུལ་ཡོད་ཅིང་། དེའི་ནང་སངས་རྒྱས་ཀྱི་སྐུ་སྐྱེ་སྔོན་མའི་ནང་བྱང་ཆུབ་སེམས་དཔའ་ཞིག་ཡིན་སྟངས་འགྲེལ་བརྗོད་བྱེད་ཀྱི་ཡོད། དུས་རབས་གསུམ་པའི་ནང་རྒྱལ་པོ་དཔལ་དགེ་འདུན་བྱང་ཆུབ་ (Siri Sanghabodhi) ནས་འགོ་བཙུགས་ཏེ། ཤྲཱི་ལངྐའི་རྒྱལ་པོ་མང་པོས་རང་གིས་རང་ལ་བྱང་ཆུབ་སེམས་དཔའ་ཞེས་བོས། སྐབས་དེར་ཤྲཱི་ལངྐར་ཐེག་ཆེན་འགའ་ཡོད་པས། དཀའ་ངལ་དེ་སེལ་ཡག་ཏོག་ཙམ་མགོ་རྙོག་པོ་ཡོད། རྒྱལ་པོ་རྣམས་བྱང་ཆུབ་སེམས་དཔའ་ཡིན་ཞེས་པའི་བསམ་ཚུལ་དེ་སྔོན་ནས་ཡོད་པའི་ཐེག་ཆེན་གྱི་ཤུགས་རྐྱེན་ཡིན་མིན་ཤོད་རྒྱུ་ཁག་པོ་ཡིན་ནའང་། དེ་ལྟར་བྱུང་ཡོད་པ་རེད། དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ལ། དུས་རབས་ལྔ་པའི་ནང་། ཤྲཱི་ལངྐའི་རྒྱལ་ས་ཨ་ནུ་རཱ་དྷ་པུ་རར་གནས་བརྟན་ཚོས་མངོན་པ་ལ་མཁས་པའི་གནས་བརྟན་སྨྲ་བའི་སློབ་དཔོན་སངས་རྒྱས་དབྱངས་ (Buddhaghosa) བྱང་ཆུབ་སེམས་དཔའ་རྗེ་བཙུན་བྱམས་པའི་ཡང་སྲིད་དུ་ཕེབས་པར་གསལ་བསྒྲགས་བྱས་པ་རེད།
ཐེག་ཆེན་གྱིས་ནི། བསྐལ་པ་བཟང་པོ་འདིའི་ནང་སངས་རྒྱས་སྟོང་རྩ་གཅིག་ཡོད་པ་དང་ཁོང་རྣམས་ཀྱིས་གོ་ལ་ཡོངས་ལ་ཁྱབ་པའི་ཆོས་ཤིག་འགོ་འཛུགས་ཀྱི་རེད་ཅེས་བརྗོད་པ་དང་། དེ་མིན་དུས་སྐབས་གཞན་དུ་སངས་རྒྱས་མང་པོ་ཕེབས་ངེས་ཡིན་པར་འདོད། ཐེག་ཆེན་གྱིས་ད་དུང་སེམས་ཅན་ཐམས་ཅད་སངས་རྒྱས་ཐུབ་པར་འདོད་ཅིང་། དེའི་རྒྱུ་མཚན་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོ་ཡོད། ཐེག་དམན་གྱིས་སངས་རྒྱས་ཀྱི་རིགས་སམ་བདེ་གཤེགས་སྙིང་པོའི་སྐོར་བཤད་ཀྱི་མེད། ཡིན་ནའང་གནས་བརྟན་སྨྲ་བས་འདས་པའི་སངས་རྒྱས་བརྒྱ་རྩ་བརྗོད་ཀྱི་ཡོད། ཐེག་དམན་གྱི་མདོ་ཞིག་གི་ནང་། སངས་རྒྱས་ཉི་ཤུ་རྩ་བདུན་གྱི་མཚན་གསུངས་ཡོད། དེ་དག་ཚང་མ་སངས་མ་རྒྱས་པའི་སྔོན་བྱང་ཆུབ་སེམས་དཔའ་ཡིན་ཅིང་། མ་འོངས་པའི་དུས་སུ་རྗེ་བཙུན་བྱམས་པ་ཚུད་པའི་སངས་རྒྱས་གྲངས་མེད་བྱོན་པར་འདོད། གལ་སྲིད་མི་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་ཉམས་ལེན་བྱས་ན། མི་སུ་འདྲ་ཞིག་ཡིན་རུང་སངས་རྒྱས་ཀྱི་གོ་འཕང་ཐོབ་རུང་ཡིན་པར་འདོད།
རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་བཅུ། ༼ཕ་རོལ་ཏུ་ཕྱིན་པ་བཅུ།༽
རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་བཅུའམ། ཡང་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་བྱང་སེམས་ཁོ་ནས་ཉམས་ལེན་བྱེད་པ་ལས་ཉན་རང་གིས་ཉམས་སུ་མི་ལེན་ཞེས་ཐེག་ཆེན་པས་གསུངས། གང་ཡིན་ཞེ་ན། དེ་དག་ནི་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྒོ་ནས་ཡོང་དགོས་པར་འགྲེལ་བརྗོད་བྱས་ཡོད།
འོན་ཀྱང་གནས་བརྟན་སྨྲ་བ་ལྟར་ན། ཕར་ཕྱིན་བཅུ་པོ་དེ་དག་ངེས་འབྱུང་གི་བསམ་པས་ཀུན་ནས་བླངས་པའི་ཐར་འདོད་ཀྱི་ཆོད་སེམས་དང་ལྡན་ན། ཐར་པའི་རྒྱུར་ཕར་ཕྱིན་བཅུ་ཉམས་ལེན་བྱེད་པར་བྱང་ཆུབ་སེམས་དགོས་ངེས་མིན་ཞེས་ཟེར། བྱས་ཙང་། གནས་བརྟན་སྨྲ་བས་ཐེག་པ་ཆེ་ཆུང་གཉིས་ཀས་ཕར་ཕྱིན་བཅུ་ཉམས་སུ་ལེན་པར་འདོད། དེ་དག་གི་རྒྱབ་ཏུ་སྐུལ་སློང་གི་དམིགས་ཡུལ་ཇི་ལྟར་ཡོད་ཀྱང་། ཐེག་པ་ཆེ་ཆུང་གཉིས་ཀྱི་ཉམས་ལེན་གྱི་ཁྱད་པར་གཙོ་བོ་ནི་ཤུགས་ཆེ་ཆུང་ལ་རགས་ལུས དེར་བརྟེན་ཕར་ཕྱིན་རེ་རེར་རིམ་པའམ་ཚད་མི་འདྲ་བ་གསུམ་རེ་ཡོད་པ་ནི། རབ་འབྲིང་མཐའ་གསུམ་ཡོད། དཔེར་ན། སྦྱིན་པའི་ཉམས་ལེན་ཚད་མཐོ་ཤོས་དེ་སངས་རྒྱས་ཀྱིས་རང་གི་སྐུ་ཚེ་སྔོན་མའི་ནང་བྱང་ཆུབ་སེམས་དཔའ་ཞིག་ཏུ་ཤིན་ཏུ་ལྟོགས་པའི་སྟག་མོར་ལུས་བྱིན་པ་ལྟ་བུ་རེད།
ཕར་ཕྱིན་བཅུའི་གྲངས་འདྲེན་ལ་མཚོན་ནའང་ཐེག་པ་ཆེ་ཆུང་གཉིས་ཀྱི་དབར་ཁྱད་པར་ཏོག་ཙམ་ཡོད། ཐེག་ཆེན་གྱི་གྲངས་བརྩི་ཚུལ་ནི།
- སྦྱིན་པ།
- ཚུལ་ཁྲིམས།
- བཟོད་པ།
- བརྩོན་འགྲུས།
- བསམ་གཏན།
- ཤེས་རབ།
- ཐབས་མཁས།
- སྨོན་ལམ།
- སྟོབས།
- ཡེ་ཤེས་བཅས་ཡིན།
ཐེག་དམན་གྱི་གྲངས་བརྩི་ཚུལ་ནང་བསམ་གཏན་དང་། ཐབས། སྨོན་ལམ། སྟོབས། ཡེ་ཤེས་རྣམས་མེད། དེ་དག་ནི།
- ངེས་འབྱུང་།
- བདེན་པ་(ཁ་ཞེ་གཉིས་མེད་བྱེད་པ)།
- རྟེན་པ།
- བྱམས་པ།
- བཏང་སྙོམས་བཅས་ཡིན།
ཚད་མེད་པའི་བསམ་ཕྱོགས་བཞི། ༼ཚད་མེད་བཞི།༽
ཐེག་པ་ཆེ་ཆུང་གཉིས་ཀས་བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ཚད་མེད་བཞིའི་ཉམས་ལེན་གྱི་སྐོར་སློབ་ཀྱི་ཡོད། གཉིས་ཀས་བྱམས་པ་ནི་སེམས་ཅན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པའི་བློ་ཞིག་དང་། སྙིང་རྗེ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ཤོག་ཅེས་པའི་བློ་ཞིག་ཏུ་འགྲེལ་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་ཐེག་དམན་གྱིས་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་བའི་རྒྱུ་མཚན་ལ་བརྟེན་ནས་ཚད་མེད་བཞི་ཉམས་ལེན་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ། ང་ཚོས་སུ་ལ་བརྩེ་བ་བྱས་ཀྱང་དེ་ལ་མུ་མཐུད་ནས་རིམ་གྱིས་དམིགས་པ་རྒྱ་ཇེ་ཆེར་གཏོང་འགོ་འཛུགས་ཀྱི་ཡོད།
ཐེག་པ་ཆེ་ཆུང་གཉིས་ཀྱི་ནང་དགའ་བ་ཚད་མེད་དང་བཏང་སྙོམས་ཚད་མེད་ཀྱི་གོ་དོན་ཅུང་མི་འདྲ་བ་ཡོད། ཐེག་དམན་གྱིས་དགའ་བ་ཚད་མེད་ཀྱིས་ཕྲག་དོག་མེད་པར་གཞན་གྱི་བདེ་བར་རྗེས་སུ་ཡི་རངས་བྱེད་པ་དང་བདེ་བ་གོང་དུ་འཕེལ་བར་ཡིད་སྨོན་བྱེད་ཀྱི་ཡོད། ཐེག་ཆེན་གྱིས་དགའ་བ་ཚད་མེད་ནི། གཞན་རྣམས་ཟད་མཐའ་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་གྱི་བསམ་པ་ཞིག་ཡིན།
བཏང་སྙོམས་ནི་ཆགས་སེམས་དང་། ཞེ་སྡང་། ཕན་གནོད་མི་ཤེས་པའི་གཏི་མུག་སོགས་དང་བྲལ་བའི་སེམས་ཀྱི་གནས་བབས་ཤིག་ཡིན། གནས་བརྟན་སྨྲ་བའི་ནང་། བཏང་སྙོམས་ནི་བྱམས་པ་དང་། སྙིང་རྗེ། དགའ་བ་བཅས་ཀྱི་འབྲས་བུར་དམིགས་པར་འདོད། ང་ཚོས་གཞན་ལ་རོགས་རམ་བྱེད་ཐབས་བྱེད་པའི་འབྲས་བུ་ནི་ཁོང་ཚོའི་ལས་དང་འབད་རྩོལ་ལ་རག་ལས་ཡོད། ཡིན་ནའང་། ཐེག་ཆེན་ལྟར་གནས་བརྟན་སྨྲ་བས་དགེ་བའི་ནུས་པའམ་བསོད་ནམས་གཞན་ལ་གཏོང་བ་སྲིད་པ་དེ་ཁས་ལེན་ཅིང་། ང་ཚོས་གཞན་རྣམས་བདེ་བ་དང་ལྡན་པ་དང་སྡུག་བསྔལ་དང་བྲལ་བར་འདོད་ཀྱང་། དངོས་སུ་གང་བྱུང་བའི་སྐབས་བཏང་སྙོམས་དགོས། གང་ཡིན་ཟེར་ན། དངོས་གཞིའི་ལས་ཀ་སོ་སོ་རང་གིས་བྱེད་དགོས་པ་ང་ཚོས་ཤེས་ཀྱི་ཡོད། ཐེག་ཆེན་ནང་བཏང་སྙོམས་ཚད་མེད་ནི། གཞན་སེམས་ཅན་རྣམས་ཆགས་སེམས་དང་། ཞེ་སྡང་། ཕན་གནོད་མི་ཤེས་པའི་བློ་དང་བྲལ་བར་ཤོག་ཅེས་པའི་བསམ་པ་ཞིག་ཡིན། རྒྱུ་མཚན་ནི་ཉོན་མོངས་དེ་དག་གིས་ཁོང་ཚོར་སྔུག་བསྔལ་བཟོ་གི་ཡོད།
མ་གཞི་ཐར་པ་ཐོབ་པའམ་དགྲ་བཅོམ་པའི་གོ་འཕང་འཐོབ་པར་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་དགོས་ཀྱང་། དེས་ལྷག་པའི་བསམ་པ་དང་བྱང་ཆུབ་ཀྱི་སེམས་དགོས་པ་ཚུད་མེད། ལྷག་པའི་བསམ་པ་ནི། སེམས་ཅན་ཐམས་ཅད་ཐར་པ་དང་སངས་རྒྱས་ཀྱི་ས་ལ་འགོད་པའི་འགན་དེ་རང་ཉིད་ཀྱི་འཁུར་གྱི་ཡིན་ཞེས་ཐག་ཆོད་པའི་སེམས་ཀྱི་གནས་བབས་ཤིག་ཡིན། བྱང་ཆུབ་ཀྱི་སེམས་ནི་ལྷག་པའི་བསམ་པ་དེའི་དམིགས་ཡུལ་དེ་བསྒྲུབ་པའི་ཆེད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་བདག་གིས་བྱེད་ཀྱི་ཡིན་བསམ་པའི་སེམས་ཀྱི་གནས་བབས་ཤིག་ཡིན། ཐེག་དམན་གྱི་གཞུང་ནང་བྱང་སེམས་ལམ་གྱི་སྐོར་ལ་འགྲེལ་བརྗོད་ཅུང་ཟད་ཡོད་ཀྱང་། དེས་བསམ་ཕྱོགས་དེ་གཉིས་པོ་འགྲེལ་བརྗོད་བྱེད་ཀྱི་མེད། ཐེག་ཆེན་གྱིས་དེ་དག་ཡར་རྒྱས་གཏོང་བའི་ཉམས་ལེན་རྒྱས་ཤིང་རྒྱས་པ་འགྲེལ་བརྗོད་བྱེད་ཀྱི་ཡོད།
དེ་ནས་ཐེག་དམན་གྱིས་རང་རྒྱུད་ཀྱི་ཉོན་མོངས་ཀྱི་གཉེན་པོ་བསྟེན་པའི་ཆེད་ཚད་མེད་བཞི་རང་རྒྱུད་ལ་སྐྱེད་པར་བྱེད་དགོས་པའི་ནན་བཤད་བྱེད་ཀྱི་ཡོད། བྱམས་པ་ནི་གནོད་སེམས་ཀྱི་གཉེན་པོ་ཡིན་ཞིང་། དེས་རང་རྒྱུད་དུ་གཏིང་ནད་དང་། དྲག་སྦྱོར། བསུན་གཙེར། སེམས་འཚབ། འཇིག་སྐྲག་སོགས་གནས་སྐབས་རིང་ཐར་བར་བྱེད་ཀྱི་ཡོད། སྙིང་རྗེ་ནི་གཞན་ལ་འཚེ་བའམ་གནོད་སེམས་ཀྱི་གཉེན་པོ་ཡིན། དགའ་བའམ་རྗེས་སུ་ཡི་རངས་ནི་ཕྲག་དོག་གི་གཉེན་པོ་དང་། བཏང་སྙོམས་ནི་རེ་བ་དང་། སེམས་ཁྲལ་ལམ་བློ་ཕམ་བཅས་ཀྱི་གཉེན་པོ་དང་། གཞན་ཡང་གནས་བརྟན་སྨྲ་བའི་ལུགས་ལ་དེ་ལྟ་བུའི་ཚད་མེད་བཞི་ནི་སེམས་ཅན་གཞན་ལ་མ་དམིགས་པའི་སྔོན་དུ་ཐོག་མར་རང་རྒྱུད་ལ་སྐྱེད་དགོས་པ་ཡིན། ཐེག་ཆེན་གྱི་ལུགས་ལ་གོང་གསལ་བཞི་པོ་རྣམས་རང་སྟེང་དུ་མྱོང་བའི་ཚབ་ཏུ་གཞན་སྟེང་དུ་གྲུབ་ཐུབ་པའི་མྱོང་བ་གཙོ་འདོན་བྱེད་པ་ཡིན།
བདེན་པ་གཉིས།
ཐེག་དམན་གྱིས་ཡིན་པ་མི་སྲིད་པའི་ཆོས་ཀྱི་བདག་མེད་པའམ་ ༼ཆོས་ཀྱི་བདག་མེད་༽ སྟོང་ཉིད་ཀྱི་ལྟ་བ་མི་འདོད་ཀྱང་། ཐེག་དམན་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ལུགས་སྤྱིའི་སྐོར་ལ་བགྲོ་གླེང་མི་བྱེད་པའི་དོན་མ་ཡིན། ཐེག་དམན་གྱིས་ཆོས་ཐམས་ཅད་དང་འབྲེལ་བའི་སྒོ་ནས་བདེན་གཉིས་ཀྱི་རྣམ་དབྱེ་འཇོག་གི་ཡོད། ཆོས་རྣམས་ཀྱི་སྟོང་ཉིད་རྟོགས་པའི་གོང་དུ་བདེན་གཉིས་རྟོགས་དགོས། ཐེག་ཆེན་ནང་བདེན་པ་གཉིས་ནི་ཆོས་རྣམས་ཀྱི་གནས་ལུགས་སམ་བདེན་དོན་གཉིས་ཡིན་ཅིང་། ཐེག་དམན་ལ་བདེན་པ་གཉིས་ནི་ཆོས་ཀྱི་སྡེ་ཚན་ནམ་དབྱེ་གཞི་ཁག་གཉིས་ཡིན། དེ་གཉིས་ནི། འཇིག་རྟེན་ཀུན་རྫོབ་བདེན་པ་དང་མཐར་ཐུག་དོན་དམ་གྱི་བདེན་པ་ཡིན།
ཐམས་ཅད་ཡོད་པར་སྨྲ་བའི་ནང་ཚན་བྱེ་བྲག་སྨྲ་བས་ཀུན་རྫོབ་བདེན་པ་ནི། ཕྱིའི་དངོས་པོ་དང་ནང་ཤེས་པའི་གནས་སྟངས་སུ་འདོད། དེ་ཡང་ང་ཚོས་ཆ་ཕྱེས་ནས་བརྟག་དཔྱད་བྱེད་པའི་སྐབས། དེ་དག་གི་ཀུན་རྫོབ་ཀྱི་ངོ་བོ་བརླག་འགྲོ་བར་འདོད། དཔེར་ན། ང་ཚོས་ལག་པ་ལྟ་བུར་རྡུལ་ཕྲ་རབ་བར་དུ་དཔྱད་པ་བྱེད་པའམ། ཡང་ན་བསམ་བློའི་རྒྱུན་ལྟ་བུར་སྐད་ཅིག་རེ་རེ་བཞིན་དཔྱད་པ་བྱེད་པའི་སྐབས། ང་ཚོས་རྡུལ་ཕྲན་འདི་ལག་པ་རེད་ཟེར་བ་ཞིག་དང་། སྐད་ཅིག་འདི་བསམ་བློའི་རྒྱུན་རེད་ཟེར་བ་ཞིག་བཙལ་དོན་རྙེད་རྒྱུ་མེད། དོན་དམ་བདེན་པ་ནི། ཕྱིའི་དངོས་པོ་གྲུབ་བྱེད་ཀྱི་རྡུལ་ཕྲན་རྣམས་དང་ཤེས་པ་སྐད་ཅིག་ཕྲ་མོར་འདོད། དེ་ཡང་ང་ཚོས་དཔྱད་པ་བྱེད་པའི་སྐབས། ཆོས་རྣམས་ཀྱི་ཀུན་རྫོབ་ཀྱི་ངོ་བོ་དེ་ཤེས་ཐུབ་ཀྱི་ཡོད། བྱེ་བྲག་སྨྲ་བ་ལྟར་ན། ཕྱིའི་དངོས་གཟུགས་རྣམས་རྡུལ་ཕྲན་ཚོགས་པ་ལས་གྲུབ་པ་དང་། ཤེས་པའི་སྐད་ཅིག་ཕྲ་ཤོས་རྣམས་ཆ་མེད་ཡིན་ཞེས། དེ་དག་ནི་རྡུལ་ཕྲན་གྱི་མཐར་ཐུག་ཡིན་པར་འདོད། ང་ཚོས་ག་ཚོད་ཀྱིས་དཔྱད་པ་དང་འཚོལ་ཞིབ་བྱས་ཀྱང་། དེ་དག་གི་ངོ་བོར་འགྱུར་བ་མེད་པ་རང་འཇགས་སྡོད་ཀྱི་ཡོད་པར་འདོད། བྱས་ཙང་། ང་ཚོས་གང་མཐོང་བ་དེ་དག་ཀུན་རྫོབ་བདེན་པ་ཡིན་པར་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན། འོན་ཀྱང་དེའི་མཐར་ཐུག་གི་རིམ་པའི་དབང་དུ་བྱས་ན། ཆོས་ཐམས་ཅད་རྡུལ་ཕྲན་དང་སྐད་ཅིག་གི་རྒྱུན་གྱིས་བཟོས་པ་ཞིག་ཡིན། དེ་འདྲ་ཡིན་ཙང་། འདིས་ཀུན་རྫོབ་པའི་ཆོས་རྣམས་ཇི་ལྟར་སྒྱུ་མ་ལྟ་བུར་རྟོགས་ཀྱི་ཡོད་པ་ང་ཚོས་ཤེས་ཐུབ་པ་ཡིན།
མདོ་སྡེ་པ་ལྟར་ན། ཀུན་རྫོབ་བདེན་པའི་ཆོས་རྣམས་ནི། སྤྱི་མཚན་གྱི་ཆོས་རྣམས་ (ཡུལ་གྱི་སྟེང་རྟོག་པས་བཏགས་པ་ཙམ་གྱི་ཆོས་) ཡིན། དོན་དམ་བདེན་པ་ནི། རང་མཚན་གྱི་ཆོས་རྣམས་ (ཡུལ་གྱི་སྟེང་དུ་དངོས་གནས་ཡོད་པའི་ཆོས་) ཡིན། འདིར་རང་གི་རྟོག་པས་བཞག་པ་ཙམ་གྱི་ཆོས་རྣམས་ནི་སྒྱུ་མ་ལྟ་བུར་ཤེས་པར་འགོ་བཙུག་གི་ཡོད། གལ་སྲིད་ང་ཚོས་རྟོག་པས་བཞག་པ་རྣམས་མེད་པ་བཟོས་ན། ཡུལ་ཁོ་རང་གི་སྟེང་དུ་དངོས་གནས་གང་ཡོད་པའི་དངོས་པོ་རྣམས་ཤེས་ཐུབ། དེར་བརྟེན་ང་ཚོའི་རྟོག་པས་བཞག་པའི་ཆོས་རྣམས་ནི་སྒྱུ་མ་དང་འདྲ་བ་ཡིན།
གནས་བརྟན་སྨྲ་བ་ལྟར་ན། ཀུན་རྫོབ་བདེན་པ་ནི་བཏགས་ཡོད་ཀྱི་ཆོས་དང་། དེ་ནི་ཕྱི་དང་ནང་གང་ཡིན་ཀྱང་གང་ཟག་དང་གཟུགས་ཅན་གྱི་ཆོས་གཉིས་ཀར་གོ་གི་ཡོད། དོན་དམ་བདེན་པ་ནི་དེ་དག་གི་སྟེང་གང་འདོགས་སའི་གཞི་དེ་ཡིན། ལུས་དང་ཕྱིའི་དངོས་པོ་རྣམས་དེ་དག་གི་འབྱུང་བ་དང་དབང་པོའི་ཡུལ་གྱི་སྟེང་ལ་བཏགས་ཡོད། དཔེར་ན། ཚ་ལུ་མ་ཟེར་བ་དེ་ག་རེ་རེད། དེ་ང་ཚོས་གང་མཐོང་ཆོས་སུ་ཡོད་པའི་གཟུགས་དེ་རེད་དམ། དེའི་དྲི་རེད་དམ། རོ་རེད་དམ། ཡང་ན་དེའི་རེག་བྱ་རེད། དེ་དག་ལས་གང་རེད་དམ་ཞེ་ན། ཚ་ལུ་མ་ནི་དེ་དག་ཐམས་ཅད་ཀྱི་སྟེང་དུ་གང་བཏགས་པའི་ཆོས་དེ་རེད། དེ་ག་ནང་བཞིན་གང་ཟག་ནི་གཟུགས་དང་སེམས་ཀྱི་ཕུང་པོར་བཏགས་ནས་ཡོད། རྣམ་ཤེས་ཚོགས་དྲུག་དང་སེམས་བྱུང་རྣམས་དོན་དམ་བདེན་པ་ཡིན། གང་ཡིན་ཟེར་ན། གང་ཟག་ནི་དེ་དག་གི་སྟེང་དུ་བཏགས་པའི་ཆོས་ཤིག་རེད།
ཐེག་དམན་གྱི་སྡེ་པ་ཚང་མས་སྟོང་ཉིད་སྐོར་ཤོད་ཀྱི་མེད་ཀྱང་། ཐར་པ་འཐོབ་པའི་ཆེད་དུ་དོན་དམ་བདེན་པ་རྟོག་མེད་མངོན་སུམ་དུ་རྟོགས་རྒྱུ་གལ་ཆེན་པོ་ཡིན་པར་གསུང་གི་ཡོད། དེར་བརྟེན་དེའི་ཁྱད་ཆོས་ནི་ཐེག་ཆེན་དང་ཧ་ལམ་འདྲ་པོ་ཡོད།
ཡང་གནས་བརྟན་སྨྲ་བ་ལ་ལས་ཀྱི་རྣམ་གཞག་སྐོར་འགྲེལ་ཚུལ་མི་འདྲ་བ་ཞིག་ཡོད་པ་ནི་ཐེག་ཆེན་དང་ཐམས་ཅད་ཡོད་པར་སྨྲ་བ་ནང་མཐོང་རྒྱུ་མེད། འོན་ཀྱང་དེའི་སྐོར་འདིར་བརྗོད་ཀྱི་མིན།
ཕྱོགས་བསྡོམས།
ངོ་སྤྲོད་འདི་ལ་བརྟེན་ནས་ང་ཚོས་ཐེག་དམན་གྱི་གྲུབ་མཐའ་གནས་བརྟན་སྨྲ་བ་དང་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ནང་ཆོས་ཀྱི་ཁྱད་ཆོས་ཡོངས་རྫོགས་དང་ལྡན་ཡོད་པར་རྗེས་སུ་ཡི་རངས་བྱེད་ཐུབ། དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་གང་ཡིན་རུང་ནང་ཆོས་མ་རེད་ཅེས་པའི་ཆོས་སྤོང་གི་ལས་མི་གསོག་པར་ཕན་ཐོགས་ཐུབ་པ་དང་། ང་ཚོས་གྲུབ་མཐའ་མི་འདྲ་སོ་སོའི་འདོད་ཚུལ་རྣམས་ཚུལ་བཞིན་དུ་ཤེས་པའི་སྐབས། སངས་རྒྱས་ཀྱི་ཆོས་ཚང་མ་ལ་གུས་བརྩི་ཆེན་པོ་ཞིག་ངང་གིས་སྐྱེད་ཀྱི་རེད། འདི་ནི་ཤིན་ཏུ་གལ་ཆེན་པོ་རེད།།