ང་ཚོར་གནོད་པ་བྱེད་མཁན་རྣམས་ལ་ཁོང་ཁྲོ་མི་བྱ་བ།
མི་རྣམས་ཀྱིས་དུས་ཡུན་རིང་པོ་ཞིག་གི་རིང་ལ་སོ་སོ་རང་ཉིད་ལ་ཧ་ཅང་གནོད་པའི་ཡ་ལན་སློག་པའི་སྐབས། མི་དེ་དག་ལ་ད་དུང་ཡང་བྱམས་པ་དང་བརྩེ་བའི་ཚོར་བ་འདི་སྐྱེད་པར་རང་ཉིད་ལ་དཀའ་ངལ་ཞིག་ཡོད་པ་རེད། སྐབས་འགར་ངས་མི་འདི་ལ་མཁྲེགས་པོ་བྱེད་དགོས་པ་དང་དེ་ལྟར་མུ་མཐུད་ན་མི་འགྲིག་པ་ཚོར་གྱི་ཡོད། གནས་སྟངས་དེ་ལ་ཇི་ལྟར་གདོང་ལེན་བྱེད་དམ།
ཁྱེད་ཀྱིས་འདིའི་ཐད་ལ་སྡུག་ཅག་ཚོར་རྒྱུ་མེད། གང་ལགས་ཞུས་ན། སྙིང་རྗེ་སྐྱེད་པའི་ཆེད་ངས་གོང་དུ་བློའི་ཁྱེར་སོ་གོ་བསྡུར་བྱས་པ་དེ་དག་ཐམས་ཅད་ནི་གློ་བུར་དུ་ལམ་སེང་རང་རྒྱུད་ལ་སྐྱེད་པ་དང་གོང་འཕེལ་གཏོང་ཐུབ་པ་ཞིག་མིན། ཁྱེད་ཀྱིས་སོ་སོའི་སེམས་གཙང་མ་བཟོ་དགོས་པ་དང་བློའི་ཁྱེར་སོ་འདི་དག་རང་རྒྱུད་དུ་སྐྱེད་པར་ཉམས་ལེན་རྒྱུན་རིང་པོ་དང་རྒྱུན་ཆད་མེད་པ་ལ་བརྟེན་ནས་བློ་སྦྱོང་དགོས། གལ་ཏེ་ཁྱེད་ཀྱིས་དེ་ལྟར་བྱེད་མ་ཐུབ་ན། ངས་གོ་བསྡུར་བྱས་དང་བྱེད་མུས་ཀྱི་ཐབས་ལམ་ཁག་ལ་བརྩོན་འགྲུས་བརྩམ་དགོས། གལ་ཏེ་ཁྱེད་ཀྱིས་རང་ཉིད་ལ་གནོད་འཚེ་བྱེད་མཁན་གྱི་མི་རྣམས་ལ་རོགས་བྱེད་པ་དང་སེམས་བཟང་པོ་བྱེད་ཐུབ་ཀྱི་མེད་ན། མ་མཐར་ཡང་ཁྱེད་ཀྱིས་དེ་དག་ཕར་རྒོལ་ལྟ་བུའི་གནོད་འཚེ་བྱ་རྒྱུ་སྤོང་དགོས།
གལ་ཏེ་ཁྱེད་ཀྱིས་སྦྱོང་བརྡར་བྱས་ན། ཁྱེད་ལ་ནུས་པ་དང་རིག་རྩལ་གང་ཡིན་རུང་འཐོབ་ཐུབ་ཀྱི་རེད། ནུས་པའམ་འཇོན་ཐང་ནི་སྦྱོང་བརྡར་མེད་པར་ཡོང་གི་མེད་པས། ཁྱེད་ཀྱིས་རང་གིས་རང་ལ་སྦྱོང་བརྡར་ངེས་པར་དུ་བྱེད་དགོས། གལ་ཏེ་ཁྱེད་ཀྱི་མི་འགའ་ཞིག་ལ་བལྟས་ན། ཁོང་ཚོས་སོ་སོའི་ལག་པ་ཤིང་དུམ་བུ་ཆག་གྲུབ་དང་སོ་ཕག་ལ་གཞུས་ནས་སྦྱོང་བརྡར་བྱེད་ཀྱི་ཡོད། མཐར་ཁོང་ཚོས་སོ་སོའི་ལག་པར་ན་ཟུག་གང་ཡང་མེད་པའི་སྒོ་ནས་རྩིག་པ་བརྒྱུད་ནས་གཞུ་ཐུབ་ཀྱི་ཡོད། འདི་ནི་ཁྱེད་ཀྱིས་གློ་བུར་དུ་ལམ་སེང་རྩིག་པར་གཞུས་ནས་བྱེད་མི་ཐུབ་པར། ཁྱེད་ཀྱིས་དུས་ཡུན་རིང་མོ་ཞིག་གི་བར་དུ་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད།
དཔེར་ན། ཁྱེད་ལ་རྟག་པར་གནོད་སྐྱེལ་མཁན་ཞིག་ཡོད་པ་དང་དེ་ལ་ཁྱེད་རང་ཧ་ཅང་མི་དགའ་བའི་སྡང་ཟུག་ཆེན་པོ་ཡོད་པར་བསམ་བློ་ཐོངས། གལ་ཏེ་ཉིན་གཅིག་མི་དེས་ཁྱེད་ལ་ “ངས་གང་བྱས་པ་ཚང་མ་ལ་དངོས་གནས་དགོངས་དག་ཞུ་གི་ཡོད། སྐུ་མཁྱེན། དགོངས་པ་དག་པ་གནང་རོགས། འདི་ལེགས་སྐྱེས་སུ་དངུལ་ཏོག་ཙམ་ཡོད་” ཅེས་བརྗོད་ནས་ཁྱེད་ལ་ཧ་ཅང་ཡག་པོ་བྱས་ན། ཁྱེད་ཀྱི་ཁོང་ཁྲོ་དེ་ཤུགས་ཆུང་དུ་འགྲོའམ་མི་འགྲོ། ཁྱེད་རང་ད་དུང་ཡང་ཁོང་ཁྲོ་ཟ་ངེས་རེད་དམ།
ཕལ་ཆེར་ཁོང་ཁྲོ་ཟ་ངེས་མ་རེད།
གལ་ཏེ་མི་ཞིག་གིས་ཁྱེད་ལ་དེ་ལྟར་བྱས་ནས་དགོངས་དག་ཟེར་བ་དང་ཁྱེད་ལ་ཡག་པོ་བྱ་རྒྱུའི་ཐབས་ཤེས་བྱེད་སྐབས། ཁྱེད་ཀྱི་ཁོང་ཁྲོ་ཤུགས་ཆུང་དུ་ཕྱིན་ན། དེ་བཞིན་དུ་གལ་ཏེ་ཁྱེད་ཀྱིས་སོ་སོར་དཀའ་ངལ་ཡོད་པའི་མི་གཞན་ལ་དེ་འདྲ་བྱས་ན། གནས་སྟངས་དེ་དང་གཅིག་པ་ཡོང་ངེས་རེད། གལ་ཏེ་ཁོང་ཚོས་ཁྱེད་ཀྱི་དགོངས་དག་ཞུས་པ་དེ་ལ་ངོས་ལེན་མ་བྱས་ན། སོ་སོའི་དངུལ་དེ་ཚུར་བླངས་ན་འགྲིགས། མི་གཞན་དེས་ཁྱེད་ཀྱིས་དགོངས་དག་ཞུས་པར་ངོས་ལེན་མ་བྱས་པ་སོང་ཙང་། རང་ཉིད་ཧ་ཅང་ཡ་ང་སྙིང་རྗེ་སྐྱེ་གི་རེད། མི་དེས་སྒེའུ་ཕྱི་རུ་བལྟས་ནས་ཁྱེད་རང་གང་དུ་ཕྱིན་པར་ལྟ་ཐབས་བྱེད་ཀྱི་རེད། དེ་འདྲ་མ་རེད་དམ། མི་གཞན་དེ་ལ་དངུལ་རག་རྒྱུའི་གོ་སྐབས་དེ་བརླགས་པ་རེད། ད་ཁྱེད་ཀྱིས་སྐད་ཆ་གང་འདྲི་འདོད་ཡོད་དམ།
ཁོང་ཁྲོ་སྟོན་པ།
ནུབ་ཕྱོགས་སུ་གལ་ཏེ་ཁྱེད་ཀྱིས་ཁོང་ཁྲོ་ཕྱིར་མ་སྟོན་ན། ཁྱེད་ཀྱི་གྲོད་ཁོག་ནང་རྨ་འབྲུམ་ཆགས་ཀྱི་ཡོད་ཅེས་པའི་བསམ་བློ་ཞིག་ཡོད། དེའི་ཐད་ལ་དགོངས་ཚུལ་ཞིག་གསུང་རོགས།
ཁོང་ཁྲོ་དེ་ཁོག་པའི་ནང་དུ་ཉར་ནས་སྡོད་རྒྱུ་དེ་ཡག་པོ་ཞིག་མིན་པ་ངས་ངོས་ལེན་བྱེད་ཀྱི་ཡོད། ཁོང་ཁྲོ་དེ་སྟོན་རྒྱུ་ཚུལ་མཐུན་རེད། ཡིན་ནའང་། སོ་སོའི་དཀའ་སྡུག་ཕྱིར་སྟོན་པའི་དུས་ཚོད་གདམ་ཀའི་ཐོག་ལ་ཧ་ཅང་གཟབ་ནན་དང་ཐབས་ལ་མཁས་པ་ཞིག་དགོས་ཀྱི་ཡོད། ཁྱེད་རང་ཁོང་ཁྲོ་ཧ་ཅང་ལངས་པའི་སྐབས་སུ་ནམ་ཡང་སྐད་ཆ་ཤོད་རྒྱུ་མེད། ཐོག་མར་རང་ཉིད་ཞི་འཇམ་ཆགས་ཐབས་བྱེད་དགོས། ཁྱེད་རང་ཁོང་ཁྲོ་ཧ་ཅང་ཆེན་པོ་ཡོད་པའི་སྐབས་སུ་ཕྱི་ལ་གོམ་པ་རྒྱག་ཏུ་འགྲོ་བའམ། ཡང་ན་གྲོགས་པོ་ཚོ་དང་མཉམ་དུ་དུས་ཚོད་སྐྱིད་པོ་ཞིག་སྐྱེལ་འདོད་མེད་ན། དེ་ཧ་ཅང་ཡག་པོ་རེད། ཁྱེད་རང་ཞི་འཇམ་ཆགས་པའི་སྐབས་སུ་སྐད་ཆ་བཤད་ན་འགྲིགས། དེ་ག་ནང་བཞིན་ཁྱེད་ཀྱིས་མི་གཞན་དེའི་གནས་སྟངས་ལའང་ལྟ་ཆོག་པ་སྟེ། ཁོང་ཚོ་ཁོང་ཁྲོ་ཆེན་པོའི་སྒང་ལ་ཡོད་སྐབས། སྐད་ཆ་ཤོད་རྒྱུ་མེད། ཁོང་ཚོ་ཞི་འཇམ་ལྷོད་ཡངས་མ་ཆགས་བར་དུ་བསྒུག་དགོས་པ་ལྟ་བུ་རེད།
ཁྱེད་ཀྱིས་སུའི་ནོར་འཁྲུལ་ཡིན་དྲང་པོ་དྲང་གཞག་གིས་བརྟག་དགོས། གལ་ཏེ་སོ་སོ་རང་ཉིད་ཀྱི་ནོར་འཁྲུལ་རེད་འདུག་ན། དེ་ངོས་ལེན་བྱེད་ཐུབ་པའི་བློ་ཁོག་དེ་དགོས། གལ་ཏེ་མི་གཞན་གྱིས་བྱས་པའི་ནོར་འཁྲུལ་ཞིག་ཡིན་ན། གནས་སྟངས་ཏག་ཏག་ཚུལ་ལྡན་ཡིན་པའི་སྐབས། ཁྱེད་ཀྱིས་ཧ་ཅང་གཟབ་ནན་དང་ཐབས་ལ་མཁས་པའི་སྒོ་ནས་ “ངེད་གཉིས་ཀ་འདི་ལ་དགའ་མོས་བྱས་སོང་། དེ་ནི་ཕལ་ཆེར་འགྲིག་མ་སོང་” ཞེས་འགྲེལ་བརྗོད་དང་བཅས་ཞི་འཇམ་ངང་ནས་གོ་བསྡུར་བྱེད་དགོས། གལ་ཏེ་མི་ཞིག་ཧ་ཅང་ཁོང་ཁྲོ་ཟ་བ་དང་བློ་ཕམ་ནས་ཐ་ན་ཁ་ལག་ཀྱང་བཟའ་ཐུབ་ཀྱི་མེད་ན། ཁྱེད་རང་དེར་ཕྱིན་ནས་ “ཁྱེད་རང་ཁ་ལག་བཟའ་མི་ཐུབ་པའི་དཀའ་ངལ་དེ་འདྲ་གང་རེད་དམ་” ཞེས་སྐད་ཆ་འདྲི་དགོས། མི་དེས་རང་ཉིད་ལ་གང་གིས་དཀའ་ངལ་བཟོ་བཞིན་ཡོད་པ་དེ་འགྲེལ་བརྗོད་བྱེད་ཐུབ་པ་ཞིག་དགོས་ངེས་རེད། ཁྱེད་རང་མི་གཞན་དེ་གཉིས་ཀ་ཧ་ཅང་ཁོང་ཁྲོ་ཆེན་པོའི་ཟ་བཞིན་པའི་སྐབས་སུ་གོ་བསྡུར་བྱེད་པ་དང་སྐད་ཆ་ནམ་ཡང་ཤོད་མི་ཉན།
ཁྱེད་ཀྱིས་སོ་སོའི་སེམས་ནང་ཉར་ངེས་པའི་དཀའ་སྡུག་དང་ཁོང་ཁྲོའི་རིགས་དེ་བཞིན་ཁྱེད་ལ་སེམས་སྡུག་ཧ་ཅང་ཆེན་པོའི་རྒྱུ་བྱེད་པ་དང་ཁོག་ཏུ་རྨ་འབྲུམ་བཟོ་བའི་དཔེ་མཚོན་འཇོག་དགོས།
ངས་སོ་སོ་རང་ཉིད་ཀྱི་སྐོར་བཤད་མེད། ངས་བསམ་བློའམ་ལྟ་བའི་རྣམ་གཞག་གི་སྐོར་ལ་མང་བ་བཤད་ཡིན།
མི་གསུམ་མཉམ་དུ་ཡོད་པའི་དབང་དུ་བཏང་ནས་མི་གཉིས་ཀྱིས་སོ་སོའི་ཆེད་དུ་ཇ་ཕོར་པ་གང་རེ་བླུགས་པ་དང་མི་གསུམ་པ་དེ་ལ་ཇ་མ་འདྲེན་པ་ཡིན་ན། མི་གསུམ་པ་དེ་གནོད་ནས་ཧ་ཅང་ཁོང་ཁྲོ་ཟ་སྲིད་པ་རེད། དཔེ་མཚོན་འདི་འདྲ་ཞིག་རེད་དམ།
(ཆོས་ཞུ་བ་གཞན་ཞིག་གིས་ལན་མེད་ཅེས་བརྗོད།) གཞོན་སྐྱེས་ཚོས་ཕ་མའི་འདོད་པ་ལྟར་བྱ་སྤྱོད་མི་སྤེལ་བའི་སྐབས། ཕ་མ་ཚོས་ཁོང་ཚོར་ “ཁྱེད་ཚོས་ང་ཚོའི་འདོད་མོས་ལྟར་བྱ་སྤྱོད་མི་སྤེལ་བ་སོང་ཙང་། ང་ཚོའི་ཁོག་པའི་ནང་རྨ་འབྲུམ་ཆགས་ཀྱི་འདུག་” ཅེས་བརྗོད་ཀྱི་ཡོད། གནས་སྟངས་དེ་འདྲའི་སྐབས་ཅི་ལྟར་བྱེད་དམ། གནས་སྟངས་དེའི་ནང་གཞོན་སྐྱེས་ཚོས་གང་བྱེད་དགོས་སམ། ཁོང་ཚོས་ཕ་མའི་ཁང་པ་བཞག་ནས་འགྲོ་དགོས་སམ། ཁོང་ཚོས་འབྲེལ་བ་སྤོང་དགོས་སམ། ཁོང་ཚོས་གང་བྱེད་དགོས་སམ།
སོ་སོའི་ཕ་མ་ལ་བསུན་གཙེར་བྱེད་པའི་ལས་གང་ཞིག་ཁྱེད་ཀྱིས་བྱེད་ཀྱིན་ཡོད་དམ།
དཀའ་ངལ་ནི་ངས་བྱེད་པའི་ལས་ཀའི་རིགས་ཤིག་དང་། གསོག་པའི་དངུལ། ཁོའི་ཡོང་འབབ་ཀྱི་དངུལ་ཚང་མ་བླ་མའི་ཆེད་དུ་འགྲོ་གི་ཡོད། ངའི་ཨ་ཕ་དེ་ལ་དགའ་མོས་བྱེད་ཀྱི་མེད།
ཁྱེད་ཀྱི་ཨ་ཕ་ཁྱེད་རང་བླ་མ་རྣམས་ཀྱི་ཆོས་ཁྲིད་ལ་འགྲོ་བར་དགའ་མོས་མི་བྱེད་པ་རེད་དམ།
སྐབས་རེར་དེ་འདྲ་རེད། ངའི་ཨ་ཕས་ང་རང་འཇིག་རྟེན་གྱི་བྱེད་སྒོའི་ཐད་ལ་སེམས་ཁུར་བྱེད་དགོས་པར་བསམ་གྱི་ཡོད། དཔེར་ན། དངུལ་མང་པོ་གསོག་པ་དང་མི་ཧ་ཅང་མང་པོར་ལས་ཀ་སྤྲོད་པ་ལྟ་བུ་མི་གཞན་དག་བཀོལ་སྤྱོད་མང་བ་བྱེད་པའི་བཟོ་འདྲ་རེད། བླ་མ་འདི་མཇལ་མི་ཉན་ཞེས་ཁོང་གིས་ང་ལ་གསུངས་མེད་པ་སོང་ཙང་། དེ་ནི་སྤྱིར་བཏང་ཞིག་རེད། ངས་གང་བྱེད་བཞིན་པ་ལ་ཁོས་དོ་གལ་ཆེན་པོ་བརྩི་གི་མེད།
གལ་ཏེ་ཁྱེད་ཀྱིས་དེ་གཉིས་ཀ་བྱེད་ཐབས་བྱས་ན། དེ་ལ་ནོར་འཁྲུལ་གང་ཞིག་ཡོང་ངེས་སམ། ཁྱེད་ཀྱི་ཨ་ཕ་སྐྱིད་པོ་ཡོང་བའི་དངུལ་ཏོག་ཙམ་ཞིག་བཟོ་བ་དང་དེ་དང་མཉམ་དུ་ཆོས་ཀྱི་ལམ་ཞིག་ལའང་འཇུག་དགོས།
ངས་དེ་ཇི་ལྟར་བྱེད་པའི་ལམ་དབུ་མ་ཞིག་འཚོལ་ཐབས་ལན་མང་བྱེད་ཀྱི་ཡོད།
དེ་ནི་བྱེད་སྟངས་ཡང་དག་པ་དེ་རེད། དཔེ་ཡག་པོ་རེད།
འོན་ཀྱང་། དེས་ང་རང་ལ་ཚོར་བ་ངན་པ་ཞིག་སྟེར་གྱི་འདུག །གང་ཡིན་ཞེ་ན། ངའི་ཨ་ཕས་ “ཁྱེད་ཀྱིས་ང་ལ་གང་འདོད་པ་ནང་བཞིན་མི་བྱེད་པར་བརྟེན་ང་རང་ནད་པ་ཆགས་སོང་” ཞེས་བརྗོད་སོང་།
ཁྱེད་ཀྱིས་སོ་སོའི་ཨ་ཕ་ལ་ “ཐུགས་འཁྲལ་མ་གནང་། ཁྱེད་རང་ན་གི་མ་རེད། གང་ཡིན་ཞེ་ན། ངས་ཁྱེད་ཀྱིས་གང་འདོད་པ་དེ་བྱེད་ཀྱིན་ཡོད་” ཅེས་བརྗོད་དགོས་པ་དང་། དེ་ལྟར་ཁྱེད་ཀྱིས་ལས་ཀ་བྱེད་དགོས། འོན་ཀྱང་། གོང་དུ་འགྲེལ་བརྗོད་ཟིན་པ་ལྟར། ཆོས་ཉམས་ལེན་གྱི་ནང་གཙོ་བོ་ནི་སོ་སོའི་བློའི་ཁྱེར་སོའམ་བསམ་ཕྱོགས་དང་། སེམས། སྙིང་། སྔགས་བགྲང་སྟངས་ལ་གཞིགས་པའི་ངག་དང་ཚིག་གི་ནུས་པ་ཡར་རྒྱས་གཏོང་རྒྱུ་དང་ལས་ཀ་གང་འདྲ་ཞིག་བྱེད་ནའང་དེ་ལ་མི་གནོད་པ་ཞིག་དགོས། འདིའི་དོན་ནི་ཆོས་ཀྱི་གནད་དོན་རྣམས་སོ་སོའི་རང་ཉིད་ཀྱི་ཆེད་དུ་ཁེ་གཙང་ཐོག་ནས་བྱེད་དགོས།
གནས་སྟངས་ཡར་རྒྱས་གཏོང་ཆེད་འཚེ་བ་སྤྱོད་པ།
མི་རྣམས་དང་ཡང་ན་རྒྱལ་ཁབ་རྣམས་ཕྱི་དངོས་པོའི་འཚོ་བའི་གནས་སྟངས་ཧ་ཅང་དྲག་གནོན་ཡོད་པ་དང་ཁོང་ཚོའི་རང་དབང་ལ་དྲག་གནོན་ཆེ་བའི་གནས་སྟངས་སུ་ཡོད་སྐབས། དེ་ལ་རིན་པོ་ཆེའི་དགོངས་ཚུལ་གང་ཡོད་དམ། ཁོང་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་བའི་ཕྱིར་དང་གནས་སྟངས་ཡག་ཏུ་འགྱུར་བ་གཏོང་བའི་ཕྱིར། ཁོང་ཚོ་ཆིག་སྒྲིལ་བྱེད་པ་དང་ཐ་ན་འཚེ་བ་བཀོལ་སྤྱོད་བྱས་ན་འགྲིག་གམ།
གལ་ཏེ་ཁྱེད་ཀྱི་དམིགས་ཡུལ་དེ་གཞན་ཚང་མའི་དཀའ་ངལ་དང་སྡུག་བསྔལ་རྣམས་མེད་པ་བཟོ་རྒྱུ་དེ་ཡིན་ན། དེའི་ཆེད་དུ་ཐབས་ལམ་གང་ཞིག་དགོས་ངེས་ཡིན་པ་དེ་བཀོལ་སྤྱོད་བྱེད་པའི་ཆོག་མཆན་ཡོད། འོན་ཀྱང་། དེ་ནི་སོ་སོ་ལམ་ལྷོང་ཡོང་བ་ཁོ་ནའི་ཆེད་དུ་ཡིན་ན། དེ་ནི་ཡང་དག་པ་དང་ཚུལ་ལྡན་ཞིག་མིན། སངས་རྒྱས་ཉིད་ཀྱིས་གཞན་ཞིག་བསད་པའི་དཔེ་མཚོན་ཞིག་ཡོད་པས། ཁྱེད་ཀྱི་དྲི་བ་དེ་དང་འབྲེལ་བ་མཐུད་དགོས། སངས་རྒྱས་ཀྱིས་སྐུ་སྐྱེ་སྔོན་མའི་ནང་གྲུ་གཟིངས་ནང་ཡོད་པའི་ཚོང་པ་ལྔ་བརྒྱ་གསོད་རྩིས་ཡོད་པའི་མི་ཞིག་བསད་པ་རེད། སངས་རྒྱས་ཀྱིས་གཞན་ཐམས་ཅད་ཀྱི་སྲོག་བསྐྱབ་པའི་ཕྱིར་དང་གནོད་འཚེ་དེ་དག་ཐམས་ཅད་ལ་སྔོན་འགོག་གི་ཚུལ་དུ་དང་དེའི་རྗེས་འབྲས་ངན་པ་ཚང་མ་ཁོང་ཉིད་ཀྱི་ཁྱེར་གནང་ཡོད། གལ་ཏེ་ཁྱེད་ལ་གཞན་ཚང་མར་ཕན་པའི་ཕྱིར་དེ་འདྲ་བྱེད་པའི་བློ་སྟོབས་དང་དཔའ་ཡོད་པ་དང་། དེའི་རྗེས་འབྲས་ངན་པ་རྣམས་རང་ངོས་ནས་མྱོང་ཐུབ་ན། དེ་ནི་འགྲིག་པ་རེད།
བདག་གཞན་མཉམ་བརྗེའི་བློ་སྦྱོང་བའི་སྐབས་ང་རྒྱལ་གྱི་ཉེན་ཁ།
གཞན་ནས་ང་ལ་དོ་སྣང་ཧ་ཅང་མང་པོ་ཞིག་ཐོབ་ཀྱི་ཡོད། གང་ཡིན་ཞེ་ན། ང་རང་ཧ་ཅང་ཡག་པོ་དང་ཁོང་ཚོ་ལ་སེམས་བཟང་པོ་བྱེད་ཀྱི་ཡོད་ཅེས་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་དེས་ང་རྒྱལ་གྱི་ཉོན་མོངས་གཞན་ཞིག་འབྱུང་བར་བྱེད་པའི་ཉེན་ཁ་ཡོད་དམ།
ཁྱེད་ཀྱིས་གཞན་ཚང་མ་ལ་རོགས་བྱེད་ཀྱིན་ཡོད་པ་དེ་ཧ་ཅང་ཡག་པོ་ཡིན་པ་ཚོར་བའི་སྐབས་སུ་ཉེན་ཁ་དེ་ཡོང་གི་ཡོད་པ་ནི་བདེན་པ་རེད། ཡིན་ནའང་། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་བདག་གཞན་མཉམ་བརྗེའི་བློ་སྦྱོང་ཚུལ་གྱི་ཉམས་ལེན་རིགས་དེ་དག་ཐམས་ཅད་སྦས་པའི་ཚུལ་དང་ཁེ་གཙང་དུ་བྱེད་དགོས་ཞེས་རྟག་ཏུ་ནན་བརྗོད་བྱས་ཡོད། ཁྱེད་ཀྱིས་གང་བྱེད་ཀྱིན་ཡོད་པ་མི་གཞན་ལ་བརྗོད་མི་ཉན་པར། དེ་ནི་སོ་སོའི་བློའི་ཁྱེར་སོ་ཡར་རྒྱས་གཏོང་བར་གཞིགས་ནས་རང་སོ་སོའི་ངོས་ནས་ཁེ་གཙང་དུ་ཉམས་ལེན་བྱེད་དགོས་པ་ཞིག་རེད། ཁྱེད་ཀྱིས་གང་བྱེད་བཞིན་པ་དེ་ཁྱབ་བསྒྲགས་གཏོང་རྒྱུ་མེད།
དཔེར་ན། གལ་ཏེ་ང་ཚོའི་ཨ་ཕའམ་ཨ་མ་གང་རུང་འདས་གྲོངས་སུ་གྱུར་ན། ང་ཚོ་ངུ་རྒྱུ་ངེས་པ་རེད། དེ་དང་མཚུངས་པར་གལ་ཏེ་ལྕེབ་འདྲེ་མ་ཞིག་བཞུ་མར་གྱི་མེ་ལྕེའི་ནང་འཕུར་ནས་ཤིི་ན། དེའི་སྐབས་སུའང་ཁྱེད་རང་ངུས་ནའང་འགྲིག་པ་རེད། དེ་ནི་ཡག་པོ་རེད། ཡིན་ནའང་། ཁྱེད་རང་མི་གཞན་དག་གི་མདུན་དུ་ལྕེབ་འདྲེ་མ་ལ་ངུས་ན། དེ་ནི་ཡ་མཚན་པོ་དང་ཆོ་མེད་པ་ཞིག་མཐོང་ངེས་རེད། གང་ཡིན་ཞེ་ན། ཁྱེད་རང་དེར་བསྡད་ནས་ཉམས་ལེན་དེ་འདྲ་ཞིག་བྱེད་པའི་ཟོག་རྫུ་ཅན་གྱི་སྣང་ཚུལ་ཞིག་སྟོན་གྱི་ཡོད་པ་སོང་ཙང་། ཁྱེད་རང་ཁུངས་ལུང་མེད་པ་དང་ཆོ་མེད་པ་ཙམ་མཐོང་གི་རེད། འདི་ནི་དཔེ་མཚོན་ཙམ་ཞིག་རེད།
ངས་ཁོང་ཚོར་བཤད་ནའང་འདྲ་མ་བཤད་ནའང་འདྲ་སྟེ། འཛམ་གླིང་ཡོངས་རྫོགས་དེར་ཡོད། བྱས་ཙང་། ཐ་ན་ངས་གསང་བའི་ཉམས་ལེན་བྱེད་ནའང་། ང་ལ་བསམ་ཕྱོགས་འདི་སྐྱེས་ནས་སོ་སོ་ཧ་ཅང་ཡག་པོ་ཡིན་པ་ཚོར་ཆོག་གི་རེད།
རང་ཉིད་ཁེ་གཙང་དུ་དེ་ལྟར་ཚོར་བ་ནི་དེ་ཙམ་གྱི་སྡུག་ཅག་མིན་ནའང་། ཁྱེད་རང་ཉེ་འཁོར་དུ་ཕྱིན་ཏེ་མི་རྣམས་ལ་རང་ཉིད་ཅི་འདྲའི་ཡག་པོ་ཡིན་ཚུལ་བཤད་ན། དེ་ནི་དེ་ལས་རྦད་དེ་སྡུག་པ་ཡིན། འོན་ཀྱང་། ཁྱེད་རང་ཁེར་རྐྱང་ཡིན་པའི་སྐབས། རང་གིས་རང་ལ་དེ་ལྟར་ཚོར་བ་ནི་སོ་སོའི་སེམས་ནང་ཡོད་པ་ཞིག་རེད། དེ་ནི་གནོད་གཞི་ཅན་དང་སྡུག་ཅག་ཅིག་ཆགས་ངེས་མ་རེད་ལ། ཁྱེད་ཀྱི་གཡས་གཡོན་དུ་དེ་སྤྲོད་ས་མི་གཞན་མེད་པའི་རྒྱུ་མཚན་གྱིས་དེ་ཧ་ཅང་ཆེན་པོ་ཆགས་ཀྱི་མེད། དེར་བརྟེན་ཚེ་འདིའི་ཆེད་དུ་རྒྱུ་དངོས་ལ་ཧ་ཅང་ཞེན་ཆགས་ཡོད་པ་དེ་སྤོང་ཐབས་བྱེད་པ་དང་བསྟུན་ནས་འགོ་བཙུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ཧ་ཅང་ཐར་དཀའ་བའི་འཇིག་རྟེན་གྱི་ཚོར་བའི་རིགས་སྣ་ཚོགས་པ་ཡོད་ནའང་། ཁྱེད་ཀྱིས་དེ་དག་ལ་འབད་བརྩོན་གྱིས་ཡར་རྒྱས་གཏོང་དགོས།།