ལས་ནི་ང་ཚོ་ལ་གང་འབྱུང་གི་ཡོད་པ་དང་བཟང་སྤྱོད་ཀྱི་གནད་དོན་ཡོངས་སུ་རྫོགས་པ་དང་འབྲེལ་བ་ཆགས་ཀྱི་ཡོད། འདི་ནི་དངོས་གནས་མགོ་རྙོག་ཅན་གྱི་བརྗོད་གཞི་ཞིག་ཡིན་པ་ནི་ཤོད་མི་དགོས་པ་རེད། དོན་ངོ་མར་ནང་པའི་ཆོས་ཀྱི་ནང་འདི་ནི་མགོ་རྙོག་ཚ་ཤོས་ཀྱི་བརྗོད་གཞི་ཞིག་ཏུ་ཆ་འཇོག་བྱེད་ཀྱི་ཡོད། སེམས་ཅན་གྲངས་མེད་པ་ཡོད་པ་དང་གྲངས་མེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་སྐྱེ་བ་ལེན་པ་ཉམས་སུ་མྱོང་བཞིན་ཡོད་པ་དང་ཕན་ཚུན་གཅིག་ལན་གཅིག་འཇལ་བྱེད་ཀྱིན་ཡོད། དེ་བས་ན་ཆ་རྐྱེན་སྣ་ཚོགས་པ་དེ་དག་ཐམས་ཅད་ཀྱིས་ང་ཚོ་ཚང་མར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་ནི་ཚང་མ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་རེད། དེར་བརྟེན་ལས་ཀྱི་སྐོར་ཆ་ཚང་བ་རྟོགས་པ་དེ་ནི་ག་ཟག་བྱེ་བྲག་ཅིག་གི་ལས་རྟོགས་པ་ཙམ་མིན། སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཐུགས་ཁོ་ནས་གནད་དོན་དེ་དག་ཆ་ཚང་བ་རྟོགས་ཐུབ་པ་ཞིག་ཡིན། སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་ལ་ཆོས་ཐམས་ཅད་རྟོགས་པའི་ནུས་པ་དེ་ཡོད་པ་དང་གཞན་ཚང་མའི་སེམས་ནི་ཚད་བཀག་ཅན་ཡིན་པ་རེད། འོན་ཀྱང་། ང་ཚོས་ལས་ཀྱི་རྒྱུད་རིམ་ནང་ཡོད་པའི་ཆ་རྐྱེན་སྣ་ཚོགས་པ་དེ་དག་གི་སྐོར་ལ་སློབ་སྦྱོང་བྱེད་པ་དང་རྟོགས་ཐབས་བྱེད་ཆོག དེ་ལྟར་ལས་ཀྱི་བྱ་བ་བྱེད་སྟངས་དང་ང་ཚོས་དེ་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཐུབ་པའི་སྐོར་སྤྱི་ཡོངས་ཀྱི་གོ་རྟོགས་ཤིག་རག་ཐུབ།
ནུབ་ཕྱོགས་པའི་ལས་དང་བཟང་སྤྱོད་ཀྱི་རྣམ་གཞག་ལ་འགྲེལ་བརྗོད་བྱེད་ཚུལ།
ཤེས་བྱའི་གནས་གང་ཞིག་ལ་སྦྱོང་བར་སྤྱིར་བཏང་ནང་པའི་ཐབས་ལམ་ནི་ཐོག་མར་དེ་གང་མིན་པ་སྦྱོང་རྒྱུ་དེ་རེད། གང་མིན་པ་དེ་སྤོང་བའི་སྒོ་ནས་ང་ཚོར་དོན་ངོ་མར་གང་ཡིན་པའི་བསམ་བློ་གསལ་བ་ཞིག་རག་གི་ཡོད། འདིའི་རྒྱབ་ཀྱི་རྒྱུ་མཚན་ནི་ང་ཚོ་མང་པོ་ཞིག་ལ་སྔོན་ཚུད་ཀྱི་རྣམ་རྟོག་དེ་འདྲ་ཡོད་པ་རེད། ང་ཚོར་ལས་ཟེར་བ་དེ་གང་ཡིན་པའི་ཐད་ལ་སྔོན་ཚུད་ཀྱི་རྣམ་རྟོག་དེ་འདྲ་ཡོད་སྲིད་པ་དང་ང་ཚོ་ལ་གང་འབྱུང་གི་ཡོད་པ་དེ་ཇི་ལྟར་འགྲེལ་བརྗོད་བྱེད་པའི་ཐད་ལ་སྔོན་ཚུད་ཀྱི་རྣམ་རྟོག་དེ་འདྲ་ཡོད་སྲིད། ང་ཚོར་བཟང་སྤྱོད་ཀྱི་རྣམ་གཞག་ཐད་ལ་སྔོན་ཚུད་ཀྱི་རྣམ་རྟོག་ཡོད་སྲིད་ལ་ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་གིས་བྱ་བ་ཇི་ལྟར་བྱེད་ཀྱི་ཡོད་པའི་ཐད་ལའང་རྟོག་པ་ཡོད་སྲིད། ང་ཚོས་ལས་ཀྱི་འགྲེལ་བརྗོད་སྐོར་ཐོས་པའི་སྐབས། སོ་སོའི་སྔོན་ཚུད་ཀྱི་རྣམ་རྟོག་དེའི་ཐོག་ལ་རྟོག་འཆར་སྐྲུན་གྱི་ཡོད་པ་ནི་གང་ཙམ་གྱི་རང་བཞིན་ལྟ་བུ་རེད། འདིས་ནང་པའི་གོ་རྟོགས་ཡང་དག་པ་ཞིག་འཐོབ་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་བཟོ་གི་ཡོད། ཐོག་མར་ང་ཚོས་ལས་ཟེར་བ་དེའི་དོན་དག་གང་ཡིན་པའི་ཐད་ལ་སྔོན་ཚུད་ཀྱི་རྣམ་རྟོག་ནོར་བ་དེ་དག་ཐམས་ཅད་མེད་པ་བཟོ་དགོས་ཤིང་། དེ་ལ་བརྟེན་ནས་ང་ཚོའི་སེམས་འདི་གོ་ཤེས་ཆེ་བ་ཆགས་པ་དང་ཡང་དག་པའི་གོ་རྟོགས་དེ་འཐོབ་པར་གྲ་སྒྲིག་ལྡན་པ་ཆགས་ཀྱི་རེད། འདི་ནི་ལས་དང་འབྲེལ་བའི་སྐོར་ཙམ་མིན་པར། བརྗོད་གཞི་ཆེ་ཁག་གཞན་ཚང་མའི་སྤྱིར་བཏང་གི་ཐབས་ལམ་དེ་རེད།
དེ་དང་ཕྱོགས་མཚུངས་པར་ང་ཚོར་གང་འབྱུང་གི་ཡོད་པ་དང་བཟང་སྤྱོད་ཀྱི་རྣམ་གཞག་དང་ལས་ཀྱི་སྐོར་ལ་ནང་པ་མིན་པ་ཚོའི་འགྲེལ་བརྗོད་འགའ་ཞིག་གི་ཐད་ལ་འཚོལ་ཞིབ་བྱེད་འདོད་འདུག འགྲེལ་བརྗོད་དེ་དག་ཟུར་འདོན་བྱེད་པའི་སྒོ་ནས་ང་ཚོར་ནང་པའི་ལས་ཀྱི་སྐོར་ལ་གོ་རྟོགས་རྦད་དེ་གསལ་ཁ་དོད་པ་ཞིག་འཐོབ་ཐུབ།
སྟེས་དབང་ངམ་འབྱུང་རུང་།
ལྟ་བ་གཅིག་གི་ང་ཚོར་གང་འབྱུང་གི་ཡོད་པ་ནི་སྟེས་དབང་ཙམ་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོ་སྐྱིད་པོ་ཡོད་པ་དང་སྐྱིད་པོ་མེད་པའི་རྒྱབ་ལ་རྒྱུ་མཚན་དམིགས་བསལ་གང་ཡང་མེད་པའམ། ཡང་ན་ང་ཚོ་མི་ཞིག་དང་ཐུག་པའམ་གནས་སྟངས་འདི་དང་དེ་ང་ཚོར་ག་རེ་བྱས་ནས་འབྱུང་གི་ཡོད་པའི་རྒྱུ་མཚན་དམིགས་བསལ་གང་ཡང་མེད། ནང་ཆོས་ནས་དེ་འདྲ་ཞིག་གསུང་ངེས་མ་རེད། ནང་ཆོས་ནས་དེ་དག་བྱུང་བའི་རྒྱུ་ཡོད་པར་གསུང་གི་ཡོད། དེ་ནི་མགོ་རྙོག་ཚ་པོ་ཞིག་གང་ཡང་མིན།
དེ་ལ་མི་འདྲ་བ་ཞིག་ནི་ནུབ་ཕྱོགས་པའི་ཚན་རིག་གི་འགྲེལ་བརྗོད་ལྟར། ང་ཚོར་གང་འབྱུང་གི་ཡོད་པ་ནི་འབྱུང་སྲིད་པའམ་འབྱུང་རུང་གི་བྱེད་ལས་ཤིག་དང་འབྱུང་རུང་གི་རྩིས་རིག་པའི་སྦྱོར་ཐབས་ཤིག་ཡིན་ངེས་རེད། གནས་སྟངས་ཤིག་གི་ནང་བསམ་ཞིབ་ཆ་ཚང་བ་བྱས་ན། ཁྱེད་ཀྱི་རྩིས་རིག་པའི་སྒོ་ནས་གང་འབྱུང་རྒྱུ་ཡིན་པ་དེ་སྔོན་དཔགས་བྱེད་ཐུབ། ནང་ཆོས་ནས་དེ་འདྲ་ཞིག་ཀྱང་གསུང་གི་མེད།
རླུང་རྟ།
ཡང་འགྲེལ་བརྗོད་གཞན་ཞིག་ནི་ང་ཚོར་གང་འབྱུང་གི་ཡོད་པ་ནི་བསོད་བདེའམ་རླུང་རྟ་ལ་བརྟེན་ནས་འབྱུང་གི་ཡོད་པ་དེ་རེད། མི་འདི་ལ་རྒྱན་ཤོག་ཐོབ་པ་ནི་བསོད་བདེ་དང་རླུང་རྟ་ཆེན་པོ་ཡོད་པ་ཞིག་རེད། མི་འདི་རྒྱུ་ཆ་དང་མ་ཤེར་ཚོང་ར་ལ་གྱོང་རྒུད་རག་ཡོད། ཁོང་ལ་རླུང་རྟ་མེད་པའམ་བསོད་བདེ་མེད་པ་རང་རེད་ཟེར་བ་ལྟ་བུ་རེད། དེའི་རྒྱབ་ཏུ་དངོས་གནས་གང་ཡོད་པ་ནི་རང་ངོས་ཀྱི་ནུས་ཤུགས་ཤིག་ཡོད་པ་སྟེ། མི་ཞིག་རང་ངོས་ནས་བསོད་བདེ་ཅན་ཞིག་ཡིན་པ་རེད། ང་ཚོས་ “དེ་རིང་ནི་ངའི་བསོད་བདེ་ཅན་གྱི་ཉིན་མོ་རེད་” ཅེས་ཉིན་མོ་དེ་བསོད་བདེ་ཅན་ཞིག་བཟོ་མཁན་གྱི་རང་ངོས་ནས་གྲུབ་པ་ཞིག་ཡོད་པ་ལྟར་བརྗོད་ཀྱི་ཡོད། “རི་བོང་གི་རྐང་པ་ཁྱེར་བ་དེས་ང་ལ་རླུང་རྟ་སྤར་གྱི་འདུག་” ཅེས་ཟེར་བ་ལྟ་བུ་རེད། མི་རྣམས་ཀྱིས་སྐེ་ལ་སྲུང་མདུད་དམར་པོ་བཏགས་པ་མཐོང་བའམ། ཡང་ན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་། རླུང་རྟ་མཐོ་པོ་ཆགས་པའམ་བསོད་བདེ་བསོད་ནམས་ཡོང་ཕྱིར་རང་གི་སྐེ་ལ་གའུ་གོན་པ་མཐོང་ནས་ལྟ་ཕྱོགས་དེ་འདྲ་ཞིག་ཡོང་གི་ཡོད་ནའང་། ནང་ཆོས་ནས་དེ་འདྲ་ཞིག་གསུང་གི་མེད་ངེས་རེད། འདི་ནི་ནང་ཆོས་མ་རེད།
ལས་ཀྱི་བསྐོས་ཐང་ངམ་ལས་སྐལ།
ཡང་བསམ་བློའི་རྣམ་གཞག་གཞན་ཞིག་ནི་ང་ཚོར་གང་འབྱུང་གི་ཡོད་པ་ནི་ལས་ཀྱི་བསྐོས་ཐང་ངམ་ལས་སྐལ་རེད། འདི་ནི་བྱེད་པོ་མི་གསལ་བའམ་གསལ་བ་གང་རུང་ཡིན་སྲིད། གལ་ཏེ་དེ་ནི་བྱེད་པོ་མི་གསལ་བའི་སྒོ་ནས་འགྲེལ་བརྗོད་བྱས་ན། དེ་ནི་གང་ཡིན་ཚུལ་ལམ་ཆོས་ཉིད་དེ་རེད། དེ་ནི་ནམ་མཁའི་ངོས་སུ་དཔེ་དེབ་ཅིག་གི་ནང་དུ་བྲིས་པའི་ཁྱེད་ཀྱི་ལས་སྐལ་རེད། དེ་ཡང་བྲག་ཕུག་འདྲ་པོ་ཞིག་གི་ནང་ཉར་བའི་ལྷ་ལམ་སྨྲ་བའི་བྱུང་རབས་ཤིག་རེད། འདི་ནི་ནང་པའི་ལྟ་ཚུལ་དེ་མ་རེད།
དཀོན་མཆོག་གི་འདོད་པ།
མི་འདྲ་བ་དེ་ནི་ལས་ཀྱི་བསྐོས་ཐང་དེ་བྱེད་པོ་གསལ་བ་ཞིག་ལས་འབྱུང་གི་ཡོད། ཕྱོགས་གཞན་ཞིག་ནས་དེ་ནི་འཇིག་རྟེན་བྱེད་པོ་དཀོན་མཆོག་ལ་བརྟེན་ནས་འབྱུང་གི་ཡོད། དེ་ལ་ཁ་ཆེའི་ཆོས་ལུགས་ཀྱི་ནང་ཀིསྨཏ་ (kismet) ཞེས་བརྗོད་ཀྱི་ཡོད། དོན་ངོ་མར་དུས་ཕྱིས་ཀྱི་ཧིནྡུའི་ཆོས་ལུགས་ནང་ཁ་ཆེའི་བསམ་བློ་འདིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲད་ཡོད་པ་སྟེ། དཀོན་མཆོག་གི་འདོད་པ་ལ་དད་པ་ཤུགས་ཆེན་ཡོད་པ་དང་དེ་ནི་ཧིནྡུའི་ལས་ལ་གོ་རྟོགས་རྙེད་ཚུལ་དང་འདྲེས་ནས་ཡོད། དེ་ནི་རིག་གཞུང་དེ་གའི་ནང་ཚད་བཀག་ཡིན་པ་ཙམ་དུ་མ་ཟད། རིག་གཞུང་གཞན་དང་གཞན་གྱི་ནང་དུའང་ཚད་བཀག་ཡིན་པ་རེད། “གལ་ཏེ་ཁྱེད་རང་ནད་པ་ཡིན་པ་དང་སྨན་མ་བསྟེན་པ་ཡིན་ན། ཁྱེད་རང་དྲག་སྐྱེད་ཡོང་དང་མི་ཡོང་ནི་དཀོན་མཆོག་གི་འདོད་པ་རེད་” ཟེར་བ་ལྟ་བུ་རེད། དེ་ནི་འདི་ཡེ་ཤུའི་གསུང་རབ་བྷ་ཡེ་བྷལ་ལ་བརྟེན་པའི་དད་པའི་རྗེས་འབྲང་གི་ལྟ་ཚུལ་དེ་ཡིན་པ་རེད།
གཡང་།
དེ་ནས་ང་ཚོར་གནའ་བོའི་རོ་མན་གྱི་ལྟ་བ་ཞིག་ཡོད་པ་ནི་བསོད་བདེ་ཆེན་པོ་དང་བསོད་བདེ་ཅན་ནམ་གཡང་གི་ལྷ་མོའི་བསམ་བློ་དེ་རེད། གལ་ཏེ་ཁྱེད་རང་ལམ་ལྷོང་དང་འགྲུབ་འབྲས་ལྡན་པ་བྱུང་ན། དེ་ནི་བསོད་བདེ་ཅན་ནམ་གཡང་གི་ལྷ་མོས་ཁྱེད་ལ་རྒྱུ་ནོར་གནང་བར་སྟོན་གྱི་ཡོད། དེར་བརྟེན་ “ནུས་མཐུ་དང་ལྡན་པས་ལེགས་ཉེས་ཐག་གཅོད་བྱེད་ཀྱི་ཡོད།” གལ་ཏེ་བཀས་བཀོད་རྒྱུན་འཛིན་པ་འགའ་ཞིག་བསླེབས་ནས་ལམ་ལྷོང་བྱུང་བ་ཡིན་ན། མི་དེ་ག་ཚོད་ཀྱིས་གདུག་རྩུབ་ཅན་ཡིན་མིན་ལ་མ་ལྟོས་པར། གཡང་གི་ལྷ་མོ་དེ་དང་མཉམ་དུ་ཡོད་པ་རེད། བྱས་ཙང་། དེ་ནི་ཡག་པོ་རེད། བསོད་བདེ་ཆེན་པོ་ནི་རྒྱལ་ཁ་ཐོབ་མཁན་ལ་གཞི་བྱས་ཡོད། གལ་ཏེ་ཁྱེད་རང་རྩལ་འགྲན་དོ་ར་ཞིག་གི་ནང་སེང་གེ་ལས་ཐར་ནས་འཚོ་བ་ཡིན་ན། དེ་ནི་གཡང་གི་ལྷ་མོས་གནང་བ་ཞིག་རེད། གལ་ཏེ་སེང་གེས་ཁྱེད་རང་ཟས་ན། ལྷ་མོས་ཁྱེད་རང་འཚོ་བའི་སྐལ་བའམ་བསོད་བདེ་དེ་གནང་མེད་པ་རེད། འདི་ནི་ཧ་ཅང་ལམ་ལྷོང་བྱུང་མིན་དང་འབྲེལ་བའི་བསམ་ཕྱོགས་ཤིག་རེད། དོན་ངོ་མར་ང་ཚོའི་ཚོང་ལས་ཀྱི་བློའི་ཁྱེར་སོའི་ནང་དེ་ཧ་ཅང་མང་པོ་ལྷན་སྐྱེས་སུ་ཡོད་པ་རེད། གལ་ཏེ་མི་ཞིག་སོ་སོའི་ཚོང་ལས་ནང་རྒྱལ་ཁ་ཐོབ་པ་དང་ལམ་ལྷོང་བྱུང་ན། མི་དེ་ནི་ཚོང་པ་ཡག་པོ་ཞིག་རེད། “ཁོས་རྒྱུ་ནོར་བསགས་པ་རེད།” ཨིན་སྐད་ནང་ང་ཚོས་ (fortune) ཞེས་ཚིག་འདི་རྒྱུ་ནོར་ལོངས་སྤྱོད་དང་ལམ་ལྷོང་ལ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་གནའ་བོའི་དད་པ་ཙམ་ཞིག་མིན་པར། ང་ཚོར་འདི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ཞིག་ཡོད། ནང་ཆོས་ཀྱི་ནང་བཟང་སྤྱོད་ཀྱི་རྣམ་གཞག་ནི་དབང་ཤུགས་དང་། ནུས་མཐུ། སྟོབས་ཤུགས་བཅས་ལ་གཞི་བྱས་ཡོད་ཅེས་ཤོད་ངེས་མ་རེད།
ཁྲིམས་ལ་གཞི་རྩ་བྱས་པའི་ལེགས་སྐྱེས་དང་ཉེས་ཆད།
ལྟ་བའི་རྣམ་གཞག་གཞན་ཞིག་ནི་ང་ཚོར་གང་འབྱུང་གི་ཡོད་པ་ནི་ཁྲིམས་ཀྱི་རྗེས་སུ་འབྲང་བ་ལ་གཞི་བྱས་ཡོད་པ་སྟེ། དེ་ཡང་ལེགས་སྐྱེས་དང་ཉེས་ཆད་རེད། ཡང་ལྟ་བའི་རྣམ་གཞག་གཅིག་ནི་ལྷ་ཡུལ་ལྟ་བུར་ཡོད་པའི་ནུས་མཐུ་ཀུན་ལྡན་དང་དབང་ལྡན་གྱི་བྱེད་པོ་དཀོན་མཆོག་གིས་བཟོས་པའི་ཁྲིམས་ཡོད་པ་དེ་ཡིན་ངེས་རེད། གལ་ཏེ་ཁྱེད་ཀྱིས་ཁྲིམས་ལ་བརྩི་སྲུང་བྱས་ན། ཁྱེད་ལ་ལེགས་སྐྱེས་ཐོབ་པ་དང་སྐྱིད་པོ་ཡོང་རེད། གལ་ཏེ་ཁྱེད་ཀྱིས་ཁྲིམས་ལ་བརྩི་སྲུང་དང་ལེན་མ་བྱས་ན། ཁྱེད་རང་ལ་ཉེ་ཆད་འགེལ་བ་དང་སྐྱིད་པོ་མེད་པ་ཆགས་ཀྱི་རེད། ང་ཚོར་གང་འབྱུང་གི་ཡོད་པ་ནི་དོན་ངོ་མར་བཀའ་བརྩི་དང་ལེན་ལ་རག་ལུས་ཡོད། དེ་ཡང་ང་ཚོ་ཁྲིམས་ལ་བརྩི་སྲུང་ག་ཚོད་བྱེད་ཀྱི་ཡོད་མེད་ལ་རག་ལུས་ཡོད། བྱས་ཙང་། བཟང་སྤྱོད་ཀྱི་རྣམ་གཞག་ནི་བཀའ་བརྩི་དང་ལེན་ཁོ་ནར་གཞི་བྱས་ཡོད།
ནུབ་ཕྱོགས་སུ་དེའི་མི་འདྲ་བའི་ཁྱད་པར་ཞིག་ནི་གནའ་བོའི་གྷི་རིག་ནས་འབྱུང་གི་ཡོད། དེ་ནི་ཁྲིམས་ལ་གཞི་བྱས་ཡོད་ནའང་། ཁྲིམས་དེ་དག་ལྷ་ཡུལ་དུ་བསྐྲུན་པ་ཞིག་ལས་ལྡོག་སྟེ། དེ་དག་ནི་ཁྲིམས་བཟོ་ལྷན་ཚོགས་དང་མི་མང་གིས་བཟོས་པ་ཞིག་ཡིན། དེ་ནི་ཆོས་ལུགས་རིས་མེད་ཀྱི་ལམ་ལུགས་ཤིག་ཡིན་ནའང་། སླར་ཡང་འདི་ནི་ལེགས་སྐྱེས་དང་ཉེ་ཆད་ལ་གཞི་བྱས་ནས་བྱ་བ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་མི་མང་གི་ཁྲིམས་ལ་བརྩི་སྲུང་བྱས་ན། ཁྱེད་རང་མི་སེར་ཡག་པོ་ཞིག་ཡིན་པ་དང་ཁྱེད་རང་སྐྱིད་པོ་དང་སྤྱི་ཚོགས་ཁྱོན་ཡོངས་སྐྱིད་པོ་ཆགས་ཀྱི་རེད། གལ་ཏེ་ཁྲིམས་ལ་བརྩི་སྲུང་དང་ལེན་མ་བྱས་ན། ཁྱེད་རང་སྐྱིད་པོ་མེད་པ་དང་སྤྱི་ཚོགས་ནང་དཀའ་ངལ་རིགས་འབྱུང་ཞིང་། ཁྱེད་རང་ལ་ཉེས་ཆད་ཕོག་གི་རེད།
ད་ཏོག་ཙམ་རིང་བར་མཚམས་འཇོག་རྒྱུ་ཡིན། ང་ཚོས་རྒྱ་གར་དང་བོད་ཀྱི་ནང་པའི་འགྲེལ་ཚུལ་དང་མི་འདྲ་བའི་ཨེ་ཤི་ཡའི་ལྟ་ཚུལ་མ་བཤད་གོང་ལ། ཚན་པ་དང་པོའི་ནང་ནུབ་ཕྱོགས་པའམ་ནང་པ་མིན་པའི་ལྟ་ཚུལ་ཐོག་བཤད་ཟིན་པ་རེད། ང་ཚོས་ལྷན་སྐྱེས་རིག་པའི་ལམ་ནས་སམ་ཡང་ན་སེམས་ཚོར་གྱི་རིམ་པའི་ཐོག་ནས་སྔོན་ཚུད་ཀྱི་རྟོག་པའམ་ལྟ་བ་དེ་དག་གང་རུང་ཡོད་མེད་ཐད་ལ་བསམ་བློ་གཏོང་བ་དང་བསམ་ཞིབ་བྱ་རྒྱུ་དེ་ཕན་ཐོགས་ཅན་ཞིག་རེད། ཁྱེད་ཀྱིས་ང་ཚོར་གང་འབྱུང་གི་ཡོད་པ་ནི་སྟེས་དབང་གིས་འབྱུང་གི་ཡོད་བསམ་གྱི་འདུག་གམ། དེ་ལ་རྩིས་རིག་པའི་སྲིད་རུང་ཞིག་འདུག་གམ། རླུང་རྟ་ཞིག་ཡོད་དམ། ལས་ཀྱི་བསྐོས་ཐང་ཞིག་ཡོད་དམ། ནུས་མཐུ་ཞིག་ཡོད་དམ། གལ་ཏེ་ང་ཚོས་དངུལ་ཧ་ཅང་མང་ཤོས་བཟོས་ན། ང་ཚོ་སྐྱིད་པ་ཞིག་ཆགས་ཀྱི་རེད་དམ། ཡང་ན་ང་ཚོས་ལྷ་ཡུལ་གྱི་ཁྲིམས་སམ་ཡང་མི་མང་གི་ཁྲིམས་གང་རུང་ཞིག་གི་རྗེས་སུ་འབྲངས་ན། སྐྱིད་པ་ཡོང་གི་རེད་དམ། དེའི་སྐོར་ལ་ཏོག་ཙམ་རིང་བསམ་བློ་ཐོངས། དེ་དག་ང་ཚོ་ནུབ་ཕྱོགས་ཀྱི་སྔོན་ཚུད་རྟོག་པ་རྣམས་རེད། ད་དུང་དེ་ལས་མང་བ་ཡོད་སྲིད་ནའང་། ངས་ད་ལྟ་དྲན་པ་ནི་དེ་དག་ཙམ་རེད།
ང་ཚོས་ད་ལྟ་ག་རེ་བྱས་ནས་ཡག་པོ་ཚོར་གྱི་ཡོད་པ་དང་། སྐྱིད་པོ་ག་རེ་བྱས་ནས་ཚོར་གྱི་ཡོད་པ། སྡུག་བསྔལ་ག་རེ་བྱས་ནས་ཚོར་གྱི་ཡོད་པ་ལ་གང་འཚམས་ཀྱི་དམིགས་སུ་བཀར་ནས་བལྟ་དགོས་ཀྱི་ཡོད། སྟེས་དབང་དང་། བསོད་བདེ་བསོད་ནམས། རླུང་རྟ་སོགས་ལ་བརྟེན་ནས་ང་རང་ལ་གནས་སྟངས་ཡག་པོ་འབྱུང་གི་འདུག་གམ་མི་འདུག
ང་ཚོ་མང་ཆེ་བ་ལ་མཚོན་ན། ཆ་རྐྱེན་དེ་དག་ལས་འགའ་ཞིག་མཉམ་སྡེབ་བྱེད་པ་ཞིག་རེད་བསམ་གྱི་འདུག གལ་ཏེ་ང་ཚོར་ལས་གནས་སྤར་བའམ་གླ་ཕོགས་སྤར་བ་ཡིན་ན། “དེ་ནི་ངས་ཁྲིམས་ཚང་མ་བསྲུང་པ་སོང་ཙང་རེད། ང་རང་ལམ་ལྷོང་བྱུང་བ་དང་བསོད་བདེ་ཅན་རེད། དེ་ནི་བསོད་བདེ་འཕར་བའི་སྐབས་རེད་” ཅེས་བརྗོད་སྲིད། སྐབས་རེར་ང་ཚོས་ “ངའི་ལས་ཀ་ཤོར་བ་ནི་ལས་ཀྱི་བསྐོས་ཐང་ཞིག་རེད་” ཅེས་ལས་ཀྱི་བསྐོས་ཐང་རེད་བསམ་གྱི་ཡོད། དེ་དག་ལས་གང་ཡང་ནང་པའི་གོ་བ་ལེན་ཕྱོགས་དེ་མ་རེད།
ཨེ་ཤི་ཡའི་ལས་དང་བཟང་སྤྱོད་ཀྱི་འགྲེལ་ཚུལ།
ཧིནྡུའི་ཆོས་ལུགས། སོ་སོའི་ལས་འགན་བསྒྲུབ་པ།
ཧིནྡུའི་ལུགས་ལྟར་ན། ལས་ནི་ལས་འགན་དང་སྐལ་བ་ལྟ་བུ་དང་འབྲེལ་ནས་ཡོད། ང་ཚོ་ནི་རིགས་རུས་དང་སྤྱི་ཚོགས་ཀྱི་གནས་སྟངས་བྱེ་བྲག་ཅིག་གི་ནང་དུ་སྐྱེས་པ་དང་། བུད་མེད། དབང་སྒྱུར་མཁན། བྲན་གཡོག ཡང་ན་དམག་མི་ཞིག་ལ་སྐྱེས་ཡོད་པ་དང་། རིགས་རུས་དང་སྤྱི་ཚོགས་ཀྱི་ལས་འགན་དེ་དག་རེ་རེ་ལ་དེ་དག་དང་འབྲེལ་ནས་ཡོད་པའི་ཚད་ལྡན་གྱི་ལས་ཀ་ངེས་ཅན་ཞིག་ཡོད་པ་རེད། ཆུང་མ་དང་ཡང་ན་བྲན་གཡོག་ལྟ་བུས་བྱེད་དགོས་དབང་གི་ལས་ཀ་ངེས་ཅན་ཞིག་ཡོད། དེ་དག་ནི་གཏམ་རྒྱུད་དང་ལྷ་སྒྲུང་གྲགས་ཅན་ཁག་གི་ནང་མིའི་རྣམ་པར་སྤྲུལ་ནས་ཧ་ནུ་མཱན་དང་། སི་ཏཱ། རཱམ་ལ་སོགས་པས་མཚོན་པར་བྱས་ཡོད། གལ་ཏེ་ང་ཚོས་སོ་སོའི་ལས་འགན་དེ་ཡག་པོ་བསྒྲུབ་པ་དང་ང་ཚོ་གང་དུ་སྐྱེ་སའི་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་ཡག་པོ་བསྲུང་པ་ཡིན་ན། ཚང་མ་ཡག་པོ་ཡོང་རྒྱུ་དང་ང་ཚོར་སྐྱེ་བ་བཟང་པོ་ཞིག་འཐོབ་ཀྱི་རེད། གལ་ཏེ་ང་ཚོ་བུད་མེད་ཀྱི་ལུས་རྟེན་དུ་སྐྱེས་ནས་ནང་གི་ཨ་མ་ཡག་པོ་ཞིག་ཆགས་ཡོད་ན། ང་ཚོར་སྐྱིད་པོ་དང་སྐྱེ་བ་ཕྱི་མའི་ནང་། ང་ཚོ་དེ་ལས་ཀྱང་སྐྱེ་བ་བཟང་བ་ཞིག་ལ་སྐྱེ་སྲིད་པ་རེད།
ངས་དེ་ནི་དཔེ་མཚོན་དུ་འགོད་ཀྱི་ཡོད། གང་ཡིན་ཞེ་ན། འདིར་བུད་མེད་ཧ་ཅང་མང་པོ་འདུག ཁྱེད་རང་ཚོས་བསམ་བློ་གཏོང་སྟངས་འདི་གང་འདྲ་ཞིག་དང་བསམ་བློ་གཏོང་སྟངས་འདིའི་རྗེས་འབྲས་གང་འདྲ་ཞིག་ཆགས་ངེས་ཡིན་པའི་ཐད་ལ་རྗེས་སུ་ཡི་རང་བྱེད་ཆོག་སྙམ། ང་ཚོས་འདི་བྷ་ག་ཝཏ་གཱི་ཏའི་ནང་ཧ་ཅང་གསལ་པོ་མཇལ་རྒྱུ་ཡོད། སྲིད་སྒྲུབ་བམ་ཨཱརྗུན་ནི་དཔའ་བོ་ཞིག་ཡིན་པ་དང་རང་གི་སྤུན་མཆེད་ཀྱི་ཁ་གཏད་དུ་དམག་ཅིག་ངེས་པར་དུ་རྒྱག་དགོས་ཀྱི་ཡོད་པ་དང་། དམག་འཁྲུག་སྐབས་སུ་གང་བྱེད་དགོས་པའི་ཐད་ལ་ཐག་གཅོད་རྩ་ནས་བྱས་མེད། ནག་པོའམ་ཀྲིཥྞས་ཁོང་ལ་ངེས་པར་དུ་འཐབ་དགོས་ཞེས་བཀའ་གནང་གི་ཡོད། སོ་སོ་དཔའ་བོ་ཞིག་ཡིན་པའི་ཆ་ནས་རང་གི་ལས་འགན་དང་མི་འགལ་བར་སོ་སོའི་ལས་འགན་དེ་བསྒྲུབས་ནས་དམག་འཐབ་རྒྱུ་དེ་ཡག་ག་ཡོད། དེ་ལྟར་བྱས་ན་ཁྱེད་རང་སྐྱིད་པོ་དང་གནས་སྟངས་ཡག་པོ་ཡོང་གི་རེད། ནང་པ་ཚོས་ཀརྨ་ཞེས་པའི་ཚིག་གཅིག་པ་བེད་སྤྱོད་བྱེད་ཀྱི་ཡོད་ནའང་། དེ་ལ་དོན་དག་ཧ་ཅང་མི་འདྲ་བ་ཞིག་ཡོད།
ཁུང་ཙིའི་ཆོས་ལུགས། ཞི་མཐུན་ངང་གནས་པ་དང་འགྱུར་ལྡོག་གི་རིམ་པ་དང་བསྟུན་པ།
རྒྱ་ནག་གི་བསམ་བློ་གཏོང་ཕྱོགས་དེ་གང་འདྲ་ཡོད་དམ། སྔ་རབས་རྒྱག་ནག་ཁུང་ཙིའི་ལུགས་ཀྱི་ལྟ་ཚུལ་ཞིག་ཡོད་པ་དང་། དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུའང་བསམ་བློ་གཏོང་ཕྱོགས་ཐད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། མིག་དཔེར་ལྟ་འོས་པ་ངེས་ཅན་དེ་འདྲ་ཡོད་པ་དང་མི་ཚང་མས་སོ་སོའི་མིག་དཔེ་ལྟ་འོས་པ་སྟེ། ཨ་ནི་ཕ་ཡིན་པ་དང་། བུ་ནི་བུ་ཡིན་པ། དབང་སྒྱུར་མཁན་ནི་དབང་སྒྱུར་མཁན་ཡིན་པ། འབངས་མི་སེར་ནི་འབངས་མི་སེར་ཡིན་པ། ཤོག་ཁག་གི་མི་རྣམས་ཤོག་ཁག་གི་མི་ཡིན་པ། ངལ་རྩོལ་མི་མང་རྣམས་ནི་ངལ་རྩོལ་མི་མང་ཡིན་པ་བཅས་ཀྱི་རྗེས་སུ་ཡང་དག་པར་འབྲངས་ན། ཚང་མ་ཞི་མཐུན་ངང་ནས་འགྲོ་གི་རེད། འགྱུར་བའི་རིམ་པ་དང་བསྟུན་ནས་འགྲོ་དགོས་པ་དང་དེ་དང་མཉམ་དུ་ཞི་མཐུན་དགོས། དེ་ལྟར་བྱུང་ན། དམག་འཁྲུག་གི་དུས་སྐབས་སུ་འཐབ་འཛིང་དེ་ཚུལ་མཐུན་དང་མི་ཚང་མ་སྐྱིད་པོ་ཆགས་ཀྱི་རེད། གལ་ཏེ་དམག་འཁྲུག་གི་དུས་སྐབས་སུ་ཁྱེད་ཀྱིས་མ་འཐབ་པ་ཡིན་ན། དེ་ནི་ཞི་མཐུན་གྱི་རྒྱབ་འགལ་དུ་འགྲོ་བ་དང་འཇིགས་སུ་རུང་བ་ཞིག་ཡིན་པ་དང་དེས་བཀྲ་མི་ཤིས་པའི་རྐྱེན་ངན་གྱི་རྒྱུ་བྱས་ཏེ། ཁྱེད་རང་ལ་ཉེས་ཆད་འགེལ་གྱི་རེད། བྱས་ཙང་། གལ་ཏེ་ཁྱེད་ཀྱིས་མ་འཐབ་ན། དེ་ནི་མི་དགེ་བ་རེད། གལ་ཏེ་ཁྱེད་ཀྱིས་འཐབ་ན། དེ་ནི་དགེ་བ་རེད། དེ་ག་ནང་བཞིན་དུས་ཚོད་འགྱུར་བ་འགྲོ་བ་དང་ཞི་བདེ་ཡོད་པའི་སྐབས། གལ་ཏེ་ཁྱེད་ཀྱིས་འཐབ་ན། དེ་ནི་མི་དགེ་བ་རེད། གལ་ཏེ་ཁྱེད་རང་ཞི་བདེ་དང་ལྡན་ན། དེ་ནི་དགེ་བ་རེད།
དུས་ཚོད་དེ་འགྱུར་བ་ཕྱིན་ཡོད་མེད་མི་རྣམས་ཀྱིས་ཇི་ལྟར་རྟོགས་ཡོད་དམ་ཞེས་རྒྱལ་པོས་བཤད་པ་རེད། ང་ཚོར་ད་ལྟ་གནས་སྟངས་གཅིག་པ་གཅིག་རྐྱང་ཡོད་པ་སྟེ། དམར་པོའི་ཤོག་ཁག་གི་ཚོགས་གཙོས། དེ་ནི་དམར་པོའི་དམག་མིའི་དུས་ཚོད་རེད། གལ་ཏེ་ཁྱེད་དམར་པོའི་དམག་མི་ཡིན་ན། འདི་ནི་ཚུལ་དང་ལྡན་པ་རེད། གལ་ཏེ་ཁྱེད་རང་དམར་པོའི་དམག་མི་ཞིག་མིན་པ་དང་ཁྱེད་ཀྱིས་ཚང་མ་གཏོར་བཤིག་མ་བཏང་ན། དེ་ནི་དངོས་གནས་ནོར་བ་རེད་ཅེས་བརྗོད་ཀྱི་ཡོད། དམར་པོའི་ཤོག་ཁག་གི་ཚོགས་གཙོས། འདི་ནི་དངུལ་གསོག་རྒྱུའི་དུས་ཚོད་རེད། གལ་ཏེ་ཁྱེད་ཀྱིས་དངུལ་བསགས་ན། ཁྱེད་རང་འགྱུར་བའི་རིམ་པ་དང་མཉམ་དུ་འགྲོ་གི་ཡོད་པ་དང་དེ་ནི་ཞི་མཐུན་ལྡན་པ་ཡོང་གི་རེད། གལ་ཏེ་ཁྱེད་ཀྱིས་དངུལ་མ་བསགས་ན། ཁྱེད་རང་ཞི་མཐུན་མེད་པའམ་གྲ་འགྲིག་པོ་མེད་པ་རེད་ཅེས་བརྗོད་ཀྱི་ཡོད། འདི་ནི་བདེ་སྐྱིད་གང་གིས་སྐྱེད་པར་བྱེད་པའི་སྐོར་གྱི་སྲོལ་རྒྱུན་རྒྱ་ནག་གི་བསམ་བློ་གཏོང་ཕྱོགས་དེ་ཡིན་པ་སྟེ། དེ་ནི་སྤྱི་ཚོགས་ནང་རན་འཚམས་བཟོ་བ་དང་གཞུང་གིས་གང་བཤད་པ་དེ་ལ་བཀའ་བརྩི་དང་ལེན་བྱེད་པ་དེ་རེད།
འདི་ནི་རྒྱ་ནག་གི་བསམ་བློ་གཏོང་ཕྱོགས་ཁོ་ན་མིན་པར། ང་ཚོ་ནུབ་ཕྱོགས་སུའང་བསམ་བློ་གཏོང་ཕྱོགས་དེ་འདྲ་ཞིག་ཡོད། གལ་ཏེ་ང་ཚོས་དཔེ་གསར་རམ་དར་སྲོལ་གསར་ཤོས་དང་བསྟུན་ནས་གྱོན་ཆས་འདི་ལས་ལྡོག་སྟེ་རིང་ཚད་གཞན་ཞིག་གྱོན་པ་ཡིན་ན། ང་ཚོ་སྐྱིད་པོ་ཡོང་བ་དང་གྱོན་གོས་དེ་རན་འཚམས་ཆགས་ཀྱི་རེད། གལ་ཏེ་ང་ཚོས་གྱོན་ཆས་དེ་རིང་ཚད་མི་འདྲ་བ་ཞིག་གྱོན་པ་ཡིན་ན། དཔེ་གསར་གྱི་འགྲོས་དང་མི་མཐུན་པ་ཡིན་པས་སྐྱིད་པོ་ཞིག་ཡོང་གི་མ་རེད། དཔེ་གསར་ལ་དབང་སྒྱུར་མཁན་གྱིས་ང་ཚོར་ལོ་འདིའི་ནང་དཔེ་གསར་དེ་གང་འདྲ་ཞིག་ཆགས་རྒྱུ་ཡིན་བཀོད་པ་གཏོང་གི་ཡོད། དེ་ནི་ནང་པའི་ལྟ་ཚུལ་མ་རེད། དེས་ང་ཚོའི་བསམ་བློ་གཏོང་ཕྱོགས་ལ་ཇི་ཙམ་གྱིས་ཤུགས་རྐྱེན་སྤྲོད་ཀྱི་ཡོད་དམ། དེས་བཅུ་ཐོག་ན་གཞོན་ཚོས་ཉན་པའི་རོལ་དབྱངས་ཀྱི་རིགས་དང་། ཁོང་ཚོའི་སྐྲ་གཏུབ་སྟངས། ཁོང་ཚོར་ཁབ་བཙགས་རི་མོ་དང་ལུས་པོར་ཨི་ཁུང་འབིགས་པ་སོགས་ཡོད་དང་མེད་བཅས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེ་ནི་དངོས་གནས་ཐུན་མོང་གི་བསམ་བློ་གཏོང་ཕྱོགས་ཤིག་རེད།
རྒྱ་ནག་གི་གྲགས་ཆེ་བའི་ནང་ཆོས། ཚོང་གི་མ་འཛུགས་ལྟ་བུ་ལས་བཟང་པོ་བྱེད་པ།
རྒྱ་ནག་གི་ལྟ་ཚུལ་གཞན་ཞིག་ནི་རྒྱ་ནག་ནང་པའི་ཆོས་ཀྱི་ལྟ་བ་དེ་རེད། དེ་ནི་རྒྱ་ནག་རིག་གཞུང་གིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲད་ཡོད་པ་དང་། དེ་ནི་རྒྱ་གར་དང་བོད་ཀྱི་ནང་པའི་ལྟ་བ་དང་རྩ་ནས་མི་འདྲ་བ་རེད། དྲང་པོར་ཞུས་ན། འདི་ནི་རྒྱ་ནག་གི་དར་སྲོལ་ཆེ་བའི་ལས་ཀྱི་ལྟ་བ་དེ་ཡིན་པ་རེད། ཡིན་ནའང་། ལྟ་བ་ཚད་མཐོ་ཤོས་དེ་མ་རེད། དེ་ནི་ཡིག་སྒྱུར་གྱི་ཐ་སྙད་ལས་འབྱུང་གི་ཡོད། འདི་ནི་ནམ་རྒྱུན་ང་རང་ལ་བསམ་བློ་ཤུགས་ཆེན་པོ་ཡོད་པ་དེའི་དཔེ་མཚོན་ཧ་ཅང་ཡག་པོ་ཞིག་རེད། དེ་ནི་ནང་ཆོས་ཀྱི་ཐ་སྙད་ཡིག་སྒྱུར་བྱེད་ཆེད་བཀོལ་སྤྱོད་བྱས་པའི་ཚིག་དེས་གོ་བ་ལེན་སྟངས་ཐད་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད་པས། ང་ཚོས་ག་ཚོད་ཀྱིས་གོ་ལ་ལོག་སྒྲུབ་ཉུང་བ་ཡོད་པའི་ཐ་སྙད་གདམ་ཀ་བྱ་རྒྱུ་དེ་འགག་རྩ་ཅན་ཆགས་ཡོད།
གནའ་བོའི་རྒྱ་མི་ཚོས་ལས་ཟེར་བའི་ཚིག་དེ་རྒྱ་སྐད་ཀྱི་ཡིག་འབྲུ་ལ་བརྟེན་ནས་རྟག་ཏུ་ཚིག་གཉིས་དང་གཉིས་ལས་མང་བ་མཉམ་སྡེབ་བྱེད་པ་དང་དེ་ཡང་ཚོང་ལས་དང་འབྲེལ་ནས་བཀོལ་སྤྱོད་བྱས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ལས་ཟེར་བ་དེ་ཚོང་གི་མ་འཛུགས་ལྟ་བུ་ཐུན་མིན་གྱི་གོ་དོན་ཞིག་ཆགས་པ་རེད། ལས་བཟང་པོའམ་བྱ་བ་བཟང་པོ་ཞིག་བྱེད་པ་ནི་ཁྱེད་ལ་ཁེ་བཟང་དང་ཕན་ཡོན་ཧ་ཅང་ཆེན་པོ་ཡོད་པའི་མ་རྩ་འཛུགས་བསྐྲུན་བྱེད་པ་ལྟ་བུ་རེད། ང་ཚོས་མ་རྩ་འཛུགས་བསྐྲུན་ཡག་པོ་བྱས་ཡོད་པས། ད་ང་ཚོས་མ་འཛུགས་དེ་དངུལ་ཁང་དུ་བཅོལ་དགོས། དེ་ལྟར་བྱས་ན། ང་ཚོར་རྗེས་མ་དེ་ལས་སྐྱེད་ཀའི་འབབ་དང་ཁེ་བཟང་ཆེན་པོ་རག་གི་རེད། དེར་བརྟེན་ང་ཚོས་ལས་བཟང་པོ་ཟེར་བ་དེ་ལ་འབད་ཐབས་བྱེད་པ་དང་དེ་ལས་ཁེ་བཟང་དང་ཕན་ཡོན་ཆེན་པོ་ཞིག་འཐོབ་པར་བྱེད་པའི་བསམ་ཕྱོགས་དེ་རེད། བསམ་བློའི་ཁྱེར་སོ་འདི་འདྲ་ཡོད་མཁན་གྱི་མི་ཚོས། “ངས་ལྷ་ཁང་ལ་མཆོད་འབུལ་ཞིག་བྱ་རྒྱུ་ཡིན། ངས་སྐུ་འདྲ་ཞིག་བཞེངས་རྩིས་ཡོད། གང་ཡིན་ཞེ་ན། དེ་ནི་མ་འཛུགས་ཡག་པོ་ཞིག་རེད། དེ་ལས་ང་རང་ལ་ཁེ་བཟང་ཧ་ཅང་མང་པོ་རག་པ་དང་དེའི་འབྲས་བུར། ང་རང་ལ་བདེ་སྐྱིད་འཐོབ་པ་དང་བཀྲ་ཤིས་པ་ཡོང་གི་རེད་” ཅེས་བསམ་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་ལྷ་ཁང་ཞིག་ལ་ཞལ་འདེབས་རྒྱག་རྒྱུའི་གོ་སྐབས་དེ་ཤོར་བ་ཡིན་ན། ཁྱེད་རང་ཚོང་པ་ཡག་པོ་ཞིག་མིན། གང་ཡིན་ཞེ་ན། ཁྱེད་རང་མ་རྩ་ཡག་པོ་ཞིག་འཛུགས་བསྐྲུན་བྱེད་པའི་གོ་སྐབས་དེ་ཤོར་བ་རེད།
ང་ཚོས་དེའི་རིགས་ད་ལྟའང་མཐོང་གི་ཡོད། བོད་མི་ཚོས་ལྷ་ཁང་དང་སྐུ་འདྲ་ཆེན་པོའི་རིགས་བཞེངས་པའི་སྐབས། དངུལ་མང་ཤོས་སུས་སྦྱིན་གྱི་ཡོད་དམ། རྒྱ་མིས་སྦྱིན་གྱི་ཡོད། དེ་ནི་བློའི་ཁྱེར་སོ་དེ་ལ་བརྟེན་ནས་རེད། དོན་ངོ་མར་རྒྱ་མི་ནི་སྔ་རབས་ཀྱི་ལོ་རྒྱུས་ནང་བོད་དུ་དགོན་སྡེ་ཆེ་ཁག་བཞེངས་ཆེད་རོགས་དངུལ་ཞལ་འདེབས་མང་ཤོས་བརྒྱབ་མཁན་དེ་ཆགས་ཀྱི་ཡོད། རྒྱ་ནག་ཏུ་ནང་ཆོས་ལ་སྡུག་སྦྱོང་དང་སྡང་བ་བྱས་ནས་དུས་རབས་མང་པོ་ཕྱིན་པ་རེད། དཔེར་ན། རྒྱ་ནག་མིང་རྒྱལ་རྒྱུད་ (དུས་རབས་བཅུ་བཞི་ནས་བཅུ་བདུན་བར་) སྐབས་དེར་གཞི་རྩའི་ཆ་ནས་གཞུང་གིས་ལྷ་ཁང་བཞེངས་ཕྱིར་དངུལ་གྱི་འགྲོ་སོང་ཧ་ཅང་མང་པོ་གཏོང་བཞིན་ཡོད་པ་དང་མི་རྣམས་ལ་དངུལ་ཧ་ཅང་མང་པོ་སྤྲོད་སྲོལ་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ནང་ཆོས་ལ་སྡུག་སྦྱོང་བཏང་བ་དང་ཐ་ན་གཞུང་གི་ཁ་གཏད་དུ་ལས་འགུལ་དེ་འདྲའང་སྤེལ་ཡོད། ནུབ་ཕྱོགས་སུ་ང་ཚོར་ “ངས་བདེ་སྐྱིད་ཉོ་ཐུབ་” ཅེས་པའི་བློའི་ཁྱེར་སོ་ཞིག་ཡོད།
ནུབ་ཕྱོགས་པའི་མིའི་འགྲོ་བ་སྨྲ་བའི་རིང་ལུགས། གཞན་ལ་བདེ་སྐྱིད་སྐྲུན་པ་དང་གནོད་མི་སྐྱེལ་བ་ལས་བྱུང་བའི་བདེ་བ།
བོད་བརྒྱུད་ནང་བསྟན་མིན་པའི་ལྟ་ཚུལ་མཐའ་མ་འདི་ནི་དམིགས་བསལ་ཨེ་ཤི་ཡའི་ལྟ་བ་ཞིག་མིན། དེ་ནི་དམིགས་བསལ་ནུབ་ཕྱོགས་སུ་ཡོད། དེ་ལ་ “འགྲོ་བ་མིའི་བདེ་སྡུག་གི་བཟང་སྤྱོད་” ཅེས་ཟེར་གྱི་ཡོད། གཞན་ལ་གནོད་མ་སྐྱེལ། གཞན་ལ་མི་སྐྱིད་པ་མ་བཟོ། ཚང་མར་བདེ་སྐྱིད་སྐྲུན་ཐབས་བྱེད་དགོས། འདི་ནི་བཟང་སྤྱོད་རྣམ་གཞག་གི་ལམ་ལུགས་ཡོངས་སུ་རྫོགས་པ་དེ་རེད། “བཟང་སྤྱོད་ཀྱི་རྣམ་གཞག་” ཅེས་པའི་དོན་ནི་མི་མང་ཆེ་བར་བདེ་སྐྱིད་མང་ཤོས་སྐྲུན་ཐབས་བྱེད་པའི་དོན་རེད། དུད་འགྲོ་སེམས་ཅན་རྣམས་སྨན་གྱི་ཆེད་དུ་ཚན་རིག་ཚོད་ལྟ་ཁང་དུ་བརྟག་དཔྱད་སོགས་བྱ་མི་རུང་། དེ་ནི་ཧ་ཅང་ཡོངས་གྲགས་རེད།
དེ་ཡང་དོན་ངོ་མར་ནང་པའི་ཆོས་མ་རེད། དེའི་རྒྱུ་མཚན་གཙོ་བོ་ནི་ང་ཚོས་གང་བྱེད་པ་དེས་མི་གཞན་དག་ལ་བདེ་སྐྱིད་སྐྲུན་གྱི་ཡོད་མེད་ཐད་ལ་ཤེས་རྟོགས་གང་ཡང་མེད། ང་ཚོར་འཛམ་གླིང་ནང་གི་ཀུན་སློང་དང་འདུན་སེམས་ཡག་པོ་ཚང་མ་ཡོད་ཆོག དཔེར་ན། ང་ཚོས་ཁ་ལག་ཅིག་བཟོས་ནས་དེ་སོ་སོའི་གྲོགས་པོ་ཡག་པོ་ཞིག་ལ་འདྲེན་པའི་སྐབས་སུའང་། གྲོགས་པོ་དེ་ཟས་དེའི་མིད་པ་འགག་པའམ་བརྣངས་ནས་ཤི་སྲིད་པ་རེད། དེ་ནི་དཔེ་མཚོན་ཧ་ཅང་ཐལ་ཆེ་བ་ཞིག་རེད། ཡིན་ནའང་། དེ་ནི་དོ་སྣང་བྱ་འོས་པ་ཞིག་ཡོད། གང་ཡིན་ཞེ་ན། ང་ཚོ་ནག་ཉེས་ཅན་དུ་ཚོར་ངེས་རེད། མ་རེད་དམ། ང་ཚོ་ཧ་ཅང་ནག་ཉེས་ཅན་དུ་ཚོར་ངེས་རེད། “དེ་ནི་ངའི་ནོར་འཁྲུལ་རེད། ང་ནི་མི་སྡུག་ཅག་ཅིག་རེད་” ཅེས་ཚོར་གྱི་ཡོད། བཟང་སྤྱོད་དེ་ལ་གཞིར་བྱེད་པ་ནི་ཧ་ཅང་ཁྱད་མཚར་པོ་རེད། གང་ལྟར་ཡང་། ངའི་གྲོགས་པོ་ཤི་བ་དེའི་འགན་སུ་ལ་ཡོད་དམ།
བཟང་སྤྱོད་ཀྱི་བསམ་བློའི་སྔོན་ཐོན་ཆེ་ཤོས་ཀྱི་ཐོག་ནས་བཤད་ན། “ཆོས་ཕྱོགས་” ཀྱི་ནུབ་ཕྱོགས་པའི་མི་རྣམས་ནི་འགྲོ་བ་མི་རྣམས་ཀྱི་བདེ་སྡུག་ལ་སེམས་ཁུར་ཅན་འདི་རེད། ང་ཚོས་ནམ་རྒྱུན་དཔེ་གསར་རམ་དར་སྲོལ་དང་བསྟུན་ནས་འགྲོ་བའམ་ཡང་ན་ང་ཚོས་སོ་སོའི་བདེ་སྐྱིད་ཉོ་ཐུབ་པ། ཡང་ན་ནང་གི་ཨ་མ་ཡག་པོ་ཞིག་བྱེད་པ་དེས་ང་ཚོར་བདེ་སྐྱིད་སྐྲུན་ཐུབ་པ་བསམ་གྱི་མེད། འོན་ཀྱང་། གལ་ཏེ་ང་ཚོས་གཞན་ལ་བདེ་སྐྱིད་བསྐྲུན་ན། ང་ཚོ་བཟང་སྤྱོད་དང་ལྡན་པའི་མི་ཡིན་པ་དང་གནས་སྟངས་ཚང་མ་གྲ་འགྲིག་པོ་དང་ཡག་པོ་ཡོང་གི་རེད་ཅེས་ང་ཚོས་དེ་འདྲ་བསམ་གྱི་ཡོད།
དཔེ་མཚོན་གཞན་ཞིག་ནི། ང་ཚོས་མི་ཞིག་ལ་ལྟ་སྐྱོང་བྱེད་ཀྱིན་བཞིན་པའི་སྐབས། མི་དེ་ནད་པ་ཆགས་ཏེ་ཤི་ན། དེ་ང་ཚོའི་ནོར་འཁྲུལ་ཡིན་པ་ཚོར་ནས་ “ངས་ཁོང་སྐྱིད་པོ་བཟོས་ནས་དྲག་སྐྱེད་ཡོང་བར་བྱ་དགོས་ངེས་ཤིག་རེད་” ཅེས་བསམ་གྱི་ཡོད། དེ་ནི་མི་གཞན་ཞིག་ལ་གང་འབྱུང་གི་ཡོད་པ་དེ་ནི་མཐའ་གཅིག་ཏུ་ང་ཚོར་རག་ལུས་ཡོད། ང་ཚོས་གང་འབྱུང་གི་ཡོད་པ་ལ་རྐྱེན་བྱེད་ཆོག་ཀྱང་། ང་ཚོ་ནི་དེ་ཐག་གཅོད་བྱེད་མཁན་གྱི་ནུས་ཤུགས་གཅིག་པུ་དེ་མིན།
ང་ཚོས་གཞན་ལ་གནོད་མི་སྐྱེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་ནའང་། ནང་པའི་ལྟ་ཚུལ་ལྟར་བྱས་ན། སོ་སོའི་ཀུན་སློང་གི་སྐོར་ལ་ཤོད་ཀྱི་ཡོད་པ་རེད། བྱ་བའི་འབྲས་བུའི་སྐོར་ཤོད་ཀྱིན་མེད། ང་ཚོའི་ཀུན་སློང་ནི་གཞན་ལ་གནོད་པ་མི་བྱ་རྒྱུ་དེ་རེད། ཡིན་ནའང་། མི་གཞན་དེ་ལ་འདིའི་ཤུགས་རྐྱེན་གང་ཞིག་ཡོང་གི་ཡོད་པའི་ཐད་ཤེས་རྟོགས་གང་ཡང་མེད། ནང་ཆོས་ཀྱི་ནང་། བཟང་སྤྱོད་ནི་ཁྱེད་ཀྱིས་མི་གཞན་དེ་ལ་རྒྱུ་བྱེད་པའི་འབྲས་བུར་གཞི་བྱས་མེད་པར། དེ་ནི་སོ་སོའི་ཀུན་སློང་ལ་རག་ལུས་ཡོད། ཁྱེད་ཀྱིས་ལེགས་ཉེས་དང་དགེ་སྡིག་དེ་དག་གཞན་ལ་ཤུགས་རྐྱེན་ཡོད་པ་ལ་བརྟེན་ནས་ཐག་གཅོད་བྱེད་མི་ཐུབ། གང་ཡིན་ཞེ་ན། ཁྱེད་རང་དེའི་ཐད་ལ་ཚོད་འཛིན་མེད་པ་རེད། སོ་སོ་རང་ཉིད་ཀྱི་ཀུན་སློང་ཁོ་ནར་ཚོད་འཛིན་ཡོད་པ་རེད།
ང་ཚོར་ད་དུང་ནང་པ་མིན་པའི་ལྟ་བ་དེ་དག་མཉམ་སྡེབ་བྱེད་པ་ཞིག་ཀྱང་ཡོད། “ང་རང་སྐྱིད་པོ་གང་འདྲ་ཆགས་ཀྱི་རེད་དམ། གལ་ཏེ་ང་རང་ཆང་ས་རྒྱག་ཟིན་པ་དང་། མི་ཚེའི་གདུག་རོགས་མ་ནོར་བ་ཞིག་ཡོད་པ། ལས་ཀ་ཡག་པོ་ཡོད་པ། ཁང་པ་ཡོད་པ། དངུལ་མང་པོ་བཟོ་བ་ (གང་ཡིན་ཞེ་ན། འདི་ནི་ཤེས་ཡོན་ཅན་གྱི་མི་ཞིག་གིས་བྱེད་དགོས་ངེས་ཤིག་རེད་) དེ་བཞིན་མི་བཟང་པོ་ཞིག་བྱེད་ཐབས་དང་གཞན་ལ་གནོད་མ་བསྐྱལ་ན། ང་རང་སྐྱིད་པོ་ཆགས་ཀྱི་རེད། འདི་ནི་དགེ་བ་ཆེ་ཤོས་དེ་རེད་” ཅེས་པ་ལྟ་བུ་རེད། འདི་ནི་ཕ་མས་ང་ཚོར་གང་ཤོད་ཀྱི་ཡོད་པ་དེ་རེད། “གལ་སྲིད་དམག་འཁྲུག་བྱུང་ན། ཁྱེད་ཀྱིས་འཐབ་དགོས་པ་དང་སོ་སོའི་ལས་འགན་བསྒྲུབ་དགོས།” ང་ཚོའི་སྤྱི་ཚོགས་ནང་དྲིལ་བསྒྲགས་ལས་གང་འབྱུང་གི་ཡོད་དམ། “དཔེ་གསར་གྱི་ལམ་ལུགས་དང་བསྟུན་དགོས་” པ་དང་ “ལམ་ལྷོང་དང་ལྡན་པ་དགོས་པ།” དེ་བཞིན་ “ལམ་ལུགས་དང་བསྟུན་དགོས་” ཀྱི་ཡོད། ནང་ཆོས་ཀྱིས་དེ་ལ་མོས་མཐུན་བྱེད་ཀྱི་མེད། ནང་ཆོས་ནས་ང་ཚོའི་བདེ་སྐྱིད་དང་སྡུག་བསྔལ་ནི་དེ་དག་གང་ཡང་རུང་བ་ཞིག་ལས་འབྱུང་གི་ཡོད་ཅེས་བརྗོད་ཀྱི་མེད། གདམ་ཀ་གཞན་དག་དེ་དག་གི་དཔྱད་ཞིབ་ནི་ང་ཚོའི་ནམ་རྒྱུན་ལྡན་གྱི་སྔོན་ཚུད་རྟོག་པ་དང་གང་བསམ་པ་དེ་གསལ་བཤད་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།
རྒྱ་གར་དང་བོད་བརྒྱུད་ནང་བསྟན་ལུགས་སུ་ལས་ཀྱི་གོ་རྟོགས།
ད་ང་ཚོས་ཕྱི་གླིང་གི་བསམ་བློའི་འཆར་སྒོ་འགའ་ཞིག་སེལ་ཟིན་པ་རེད། ང་ཚོས་རྒྱ་གར་དང་བོད་བརྒྱུད་ནང་བསྟན་གྱི་ལས་རྟོགས་ཚུལ་དང་ང་ཚོས་ཆོས་རྣམས་ཅིའི་ཕྱིར་ཉམས་སུ་མྱོང་གི་ཡོད་པའི་སྐོར་ལ་སྐད་ཆ་འདྲི་ཆོག
རྒྱ་གར་དང་བོད་བརྒྱུད་ནང་བསྟན་གྱི་ལྟ་ཚུལ་ལྟར་ན། གནོད་བྱེད་མི་དགེ་བའི་ལས་ནི་ཁོང་ཁྲོ་དང་། འདོད་རྔམ། ཡང་ན་གཏི་མུག་ལྟ་བུ་ཉོན་མོངས་པའི་དབང་འོག་ཏུ་བྱེད་ཀྱི་ཡོད། འདིར་བྱིས་བློའི་ངང་ཚུལ་ལམ་གཏི་མུག་ཅེས་པ་ནི་དཔེར་ན། ང་ཚོའི་བྱ་སྤྱོད་ལ་འབྲས་བུ་སྨིན་གྱི་མ་རེད། བྱས་ཙང་། ང་ཚོས་ལས་གང་བྱས་ཀྱང་ཁྱད་པར་མེད་ཅེས་བསམ་པ་ལྟ་བུ་རེད། འདི་ལ་བརྟེན་ནས་སྡུག་བསྔལ་འབྱུང་གི་ཡོད། ང་ཚོས་གཞན་ལ་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད་པའི་སྐོར་ཤོད་ཀྱིན་མེད་པར། ང་ཚོར་འབྱུང་བའི་སྡུག་བསྔལ་གྱི་སྐོར་ཤོད་ཀྱིན་ཡོད། དེ་ནི་ང་ཚོའི་མ་འོངས་པའི་ཉམས་མྱོང་ལ་གཞིགས་ནས་རེད། ཕྱོགས་གཞན་ཞིག་ནས་མི་ཚེའི་ནང་གང་མྱོང་བ་དེ་ནི་ང་ཚོས་གང་བྱེད་པ་དེ་ལ་སྐུལ་མ་བྱེད་པའི་བསམ་ཕྱོགས་དང་སེམས་ཚོར་གྱི་འབྲས་བུ་ཡིན་པ་རེད།
མི་ཚེའི་བདེན་དོན་བཞི།
འདི་དག་ཐམས་ཅད་ནི་འཕགས་པའི་བདེན་པ་བཞི་ལ་གཞིགས་ནས་འགྲེལ་བརྗོད་བྱས་ཤིང་གོ་རྟོགས་རྙེད་པར་བྱས་ཡོད། དེ་དག་ལ་ངས་མི་ཚེའི་བདེན་དོན་བཞི་ཞེས་བརྗོད་ཀྱི་ཡོད། འདི་དག་ནི་དངོས་པོའི་གནས་ལུགས་མཐོང་མཁན་གྱི་མི་སུ་འདྲ་ཞིག་ཡིན་ནའང་དེ་དག་གིས་གསལ་པོའི་སྒོ་ནས་བདེན་པ་མཐོང་བའི་བདེན་དོན་བཞི་ཡིན་པ་དང་། མི་ཕལ་པའམ་སོ་སོ་སྐྱེ་བོ་ཚོས་དེ་དག་བདེན་པ་ཡིན་པ་མཐོང་གི་མེད།
དེ་གོ་བདེ་བའི་སྒོ་ནས་བཤད་ན། བདེན་དོན་དང་པོ་ནི་མི་ཚེ་ནི་དཀའ་ངལ་ཅན་ཞིག་ཡིན་པ་དང་དཀའ་ངལ་གྱིས་ཁེངས་ནས་ཡོད། མི་མང་པོ་ཞིག་གིས་དེ་ངོས་ལེན་བྱེད་འདུན་མེད་པའམ་ཐ་ན་དེ་འདྲ་ཞིག་ཏུ་ལྟ་གི་མེད། འདི་ནི་ང་ཚོའི་མི་ཚེ་དཀྱུས་མའི་སྐད་ཅིག་ཚང་མར་གོ་བ་ཡིན། སྐབས་རེར་ང་ཚོ་སྐྱིད་པོ་མེད་པ་ཚོར་གྱི་ཡོད། དེ་ནི་ཡག་པོ་ཞིག་གང་ཡང་མིན་པར་དཀའ་ངལ་ཞིག་རེད། སྐབས་རེར་ང་ཚོ་སྐྱིད་པོ་ཚོར་གྱི་ཡོད། ཡིན་ནའང་། བདེ་སྐྱིད་དེ་ནི་དཀའ་ངལ་དང་རྨོངས་པ་མཉམ་དུ་འདྲེས་ནས་ཡོད། དེ་ལ་དཀའ་ངལ་གང་ཡོད་ཅེ་ན། དེ་ནི་ཡུན་དུ་གནས་ཀྱི་མེད་ལ་དེ་ལ་བརྟེན་ནས་ན་ཚ་ལྟ་བུ་གཏན་དུ་དྲག་སྐྱེད་ཅིག་ཡོང་གི་མེད། དེཔ་ཆ་བཞག་ན། ཁ་ལག་ཟས་པའི་རྗེས་སུ་ང་ཚོར་གྲོད་ཁོག་རྒྱགས་པའི་བདེ་བའི་ཚོར་བ་ཞིག་ཡོད་ནའང་། དེས་ང་ཚོ་ཡང་བསྐྱར་གྲོད་པ་མི་ལྟོགས་བར་སྔོན་འགོག་བྱེད་ཀྱི་མེད། དེ་ལ་དཀའ་ངལ་གཞན་ཞིག་ཡོད་པ་ནི། ང་ཚོས་གང་འབྱུང་རྒྱུ་ཡིན་པར་སྔོན་དཔགས་བྱེད་མི་ཐུབ་པ་ཡིན། ང་ཚོ་གནད་དོན་གཞན་ཞིག་ལ་སྐྱིད་པོ་ཚོར་གྱི་རེད་དམ། མི་སྐྱིད་པ་ཚོར་གྱི་རེད་དམ། ང་ཚོ་གཉིད་ཡུར་བ་དང་བཏང་སྙོམས་ཚོར་གྱི་རེད་དམ། ང་ཚོས་སྐད་ཅིག་རྗེས་མའི་ནང་གང་མྱོང་རྒྱུ་ཡིན་པའི་ཐད་ལ་ཤེས་རྟོགས་གང་ཡང་མེད། འདི་ལྟ་བུའི་ཡུད་ཙམ་ལས་མི་གནས་པར་འགྱུར་བའི་བདེ་སྐྱིད་ལས་ཉེན་སྲུང་ཞིག་འཐོབ་རྒྱུ་མེད་པ་རེད།
ང་ཚོ་སྐྱིད་པོ་མེད་པའི་སྐབས། འདོད་བློ་མི་ཁེངས་པ་དང་ཞེ་ལོག་པ་ཞིག་ཡོང་གི་ཡོད། ང་ཚོས་དེ་སྤོང་འདོད་ཡོད། གང་ཡིན་ཞེ་ན། དེས་ང་ཚོར་བསུན་གཙེར་བཟོ་གི་ཡོད། ང་ཚོ་སྐྱིད་པོ་ཡོད་པའི་སྐབས། ང་ཚོ་དེ་ལ་ཆགས་ཀྱི་ཡོད། ང་ཚོ་དེ་ལས་འབྲལ་འདོད་རྩ་ནས་མེད་པ་དང་འདོད་བློ་ནམ་ཡང་ཁེངས་ཀྱི་མེད། ང་ཚོ་འདོད་རྔམ་ཅན་ཡིན་པ་དང་ད་དུང་དེ་ལས་མང་བ་འདོད་ཀྱི་ཡོད། དེ་ནི་བརྙན་འཕྲིན་བརྒྱུད་ནས་ལྟད་མོ་གང་ཡོད་མེད་འཚོལ་ཞིབ་དང་སྔོག་བཤེར་བྱེད་པ་འདྲ་པོ་རེད། ང་ཚོས་ལྟད་མོ་གང་དགོས་པ་དེ་རྙེད་ཀྱི་ཡོད་ནའང་། ང་ཚོ་འདོད་རྔམ་ཅན་ཡིན་པ་སོང་ཙང་། “ལྟད་མོ་དེ་ལས་ཡག་ག་ཞིག་ཡོད་ཀྱི་རེད་” བསམ་གྱི་ཡོད། འདོད་བློ་ཁེངས་ཀྱི་མེད། ཉམས་མྱོང་དེ་དག་ནི་དཀའ་ངལ་ཅན་ཞིག་རེད།
ང་ཚོ་ལ་ད་དུང་ཡང་བཏང་སྙོམས་ཀྱི་ཚོར་བ་ཞིག་ཡོད་པ་དང་དེར་དམིགས་བསལ་གང་ཡང་འབྱུང་གི་མེད། དེས་ང་ཚོར་གང་ཡང་མི་ཤེས་པའི་གླེན་ཅིང་གཏི་མུག་པ་བཟོ་གི་ཡོད། ང་ཚོས་དེ་ནི་གཏན་ཏུ་དང་ཡུན་དུ་གནས་ཀྱི་རེད་ཅེས་ “ད་ང་ལ་གཉིད་ཁུག་པའི་ཞི་བདེ་དེ་ཡོད། ཚང་མ་འགྲིག་གི་འདུག་” ཅེས་བསམ་གྱི་ཡོད། འོན་ཀྱང་། དེ་ནི་ཡུན་དུ་གནས་ཀྱི་མེད།
དེ་དག་ཐམས་ཅད་ནི་མི་ཚེའི་བདེན་དོན་དང་པོ་དེ་ཡིན་པ་སྟེ། འཕགས་པའི་བདེན་པ་དང་པོ་དེ་རེད།
བདེན་དོན་གཉིས་པ་ནི། འདོད་བློ་མི་ཚིམས་པའི་མྱོང་བ་འདི་དག་ལ་རྒྱུ་ཞིག་ཡོད་པ་རེད། འཆར་ཅན་ལྟར་བྱས་ན། ང་ཚོས་དེ་ནི་ཆོས་རྣམས་གང་ཡིན་པའི་ཚུལ་དེ་ཡིན་པ་དང་དེ་ལ་རྒྱུ་མེད་པའམ་ཡང་ན་དེ་ནི་གོང་དུ་ཞུས་པའི་སྟེས་དབང་དང་། བསོད་བདེ་བསོད་ནམས། རླུང་རྟ་ལ་སོགས་པའི་བསམ་བློ་དེ་དག་ལ་བརྟེན་ནས་འབྱུང་གི་ཡོད་ཅེས་ཚོར་གྱི་ཡོད། སངས་རྒྱས་ཀྱིས་དོན་དམ་པའི་རྒྱུའམ་རྒྱུ་ངོ་མ་དེ་གསུངས་ཡོད། དེ་ནི་ལས་དང་ཉོན་མོངས་གཉིས་རེད། དེ་གཉིས་ཀ་མ་རིག་པའམ་རྨོངས་པ་ལས་འབྱུང་གི་ཡོད། “རྨོངས་པ་” ཟེར་བ་དེ་སྨྱོ་འབོགས་ཅན་གྱི་ནད་དམ་ (dementia) དྲན་ཤེས་ཉམས་པའི་ནད་རིགས་ཨལ་ཛ་མིར་ (alzheimer) ལྟ་བུར་གོ་བ་མིན། རྨོངས་པ་ཞེས་པ་ནི་ང་ཚོས་གང་འབྱུང་བཞིན་པ་མི་ཤེས་པའམ་ཡང་ན་གང་འབྱུང་བཞིན་པ་ལ་བསམ་བློ་དང་གོ་བ་ལོག་པ་ཞིག་ཡོད་པའི་དོན་རེད། མི་ཚེའི་བདེན་དོན་དང་པོ་ནི་ལས་ཀྱི་འབྲས་བུ་ཡིན་པ་དང་། བདེན་དོན་གཉིས་པ་རྒྱུ་ནི་ལས་དང་ཉོན་མོངས་པ་གཉིས་རེད།
མི་ཚེའི་བདེན་དོན་གསུམ་པ་ནི། སྡུག་བསྔལ་དང་དཀའ་ངལ་འདི་དག་ཐམས་ཅད་བཀག་ནས་འགོག་པ་ཞིག་ཐོབ་རུང་ཡིན་པ་རེད། དེ་ཡང་བསོད་བདེ་དང་རླུང་རྟ་ཙམ་ལ་བརྟེན་ནས་འབྱུང་རྒྱུ་མིན། ང་ཚོས་རྨོངས་པ་དང་ལས་སྤོང་བར་སོ་སོའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་གཏོང་དགོས། མི་སྐྱིད་པ་དང་སྡུག་བསྔལ་འབྱུང་བར་བྱེད་པའི་མི་དགེ་བའི་སྤྱོད་ལམ་དེ་དག་ནི་ཁོང་ཁྲོ་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལས་འབྱུང་གི་ཡོད། ང་ཚོས་བདེ་སྐྱིད་ཀྱི་རྒྱུ་དགེ་བའི་ལས་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་ལས། འདོད་བློ་མི་ཚིམས་པའི་བདེ་སྐྱིད་ཀྱི་རྒྱུ་ལུང་མ་བསྟན་གྱི་ལས་བཅས་དེ་དག་གང་རུང་གི་སྐོར་བཤད་པའི་སྐབས། དེ་དག་ཐམས་ཅད་ནི་ “བདག་” ཅེས་པར་གཞིགས་ནས་ “བདག་” དེ་ཇི་ལྟར་གྲུབ་པ་དང་དངོས་པོའི་གནས་ལུགས་ཀྱི་སྐོར་ལ་རྨོངས་པའི་ཉོན་མོངས་པ་དེ་དག་ལས་འབྱུང་གི་ཡོད།
འདིའི་གལ་གནད་དེ་གང་རེད་དམ་ཞེ་ན། སྤྱིར་བཏང་ལས་ནི་ང་ཚོས་གང་མྱོང་བའི་རྒྱུ་ལྟ་བུར་ཤོད་ཀྱི་ཡོད། ང་ཚོས་དེ་ནི་ཕྱིའི་ནུས་ཤུགས་ཤིག་ལས་འབྱུང་གི་ཡོད་ཅེས་བརྗོད་ཀྱི་མེད། དེ་ནི་བདུད་དང་གདོན་གྱིས་ང་ཚོར་ལས་ངན་པ་འདི་གཏོང་བའམ་སྦྱིན་པ་ལ་བརྟེན་ནས་འབྱུང་གི་མེད། དཔེར་ན། “གདོན་འདྲེས་ང་ལ་བྱེད་དུ་བཅུག་སོང་” ཟེར་བ་ལྟ་བུ་མ་རེད། ལས་དང་གནས་སྟངས་དེ་དག་ཐམས་ཅད་ནི་ང་རང་ཚོ་སོ་སོའི་རྨོངས་པའམ་མ་རིག་པ་ལ་བརྟེན་ནས་འབྱུང་གི་ཡོད། རྨོངས་པ་དེ་ནི་ང་ཚོའི་རང་བཞིན་ནམ་ངོ་བོའི་ཆ་ཤས་ཤིག་མིན་ལ་དེ་ནི་བྱེད་པོ་དཀོན་མཆོག་ནས་བྱུང་བ་ཞིག་ཀྱང་མིན། དཀོན་མཆོག་གིས་ང་ཚོ་འདི་ལྟར་བསྐྲུན་མེད། དེ་ནི་ཐོག་མའམ་རྩ་བའི་སྡིག་པ་ལ་བརྟེན་ནས་བྱུང་མེད། ནང་པའི་ལྟ་ཚུལ་ལྟར་ན། རྨོངས་པ་འདི་ནི་ཐོག་མ་མེད་པ་རེད། དེ་ནི་སུ་གང་གི་ནོར་འཁྲུལ་མ་རེད། ཁྱེད་ཀྱིས་མི་སུ་གཅིག་ལའང་ཁག་དཀྲི་བསྙོན་འཛུགས་བྱེད་ས་མེད་པ་རེད།
ཀརྨའམ་ལས་ནི་རྟག་ཏུ་ཉོན་མོངས་པ་དང་མཉམ་དུ་ཡོད་པ་ལས། དེ་ལོགས་སུ་གཞན་ལ་ལྟོས་མེད་ཐོག་རང་ངོས་ནས་གྲུབ་པ་ཞིག་དང་ང་ཚོར་གང་འབྱུང་གི་ཡོད་པ་ལ་རང་དབང་གིས་ཤུགས་རྐྱེན་སྤྲོད་བཞིན་པ་ཞིག་མེད། དེ་ནི་ཕྱི་ལོགས་ཤིག་ནས་བསླེབ་ཀྱི་མེད་པ་དང་ང་ཚོས་རང་གཞན་སུ་གཅིག་ལའང་ཁག་དཀྲི་བྱེད་མི་ཐུབ། ཐོག་མའམ་རྩ་བའི་སྡིག་པ་ལ་བརྟེན་ནས་ང་ཚོས་དེའི་ཐད་ལ་ནག་ཉེས་ཅན་དུ་ཚོར་མི་རུང་། དེ་ཡང་ “ང་ནི་མི་ངན་ཞིག་ཡིན་” ཟེར་བ་ལྟ་བུ་རེད། དེ་ནི་ཐོག་མ་མེད་པའི་ཆོས་ཙམ་ཞིག་ཡིན་པ་ལས་ང་ཚོ་སུ་ཡིན་པའི་རང་བཞིན་ངོ་མ་དེ་མིན།
རྒྱ་གར་དང་བོད་བརྒྱུད་ནང་བསྟན་གྱི་ལྟ་བ་གསུམ།
རྒྱ་གར་དང་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ནང་ལས་ཀྱི་གཞི་རྩའི་འགྲེལ་བཤད་གསུམ་ཡོད། དང་པོ་ནི་རྒྱ་གར་གྱི་གྲུབ་མཐའ་བཞི་ལས་བྱེ་བྲག་སྨྲ་བའི་ལྟ་གྲུབ་ཀྱི་ལུགས་དེ་རེད། དེ་ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་དམ་ཆོས་མངོན་པ་མཛོད་ལས་བྱུང་བ་ཞིག་རེད། ལས་ཀྱི་འགྲེལ་བཤད་གཉིས་པ་ནི་སློབ་དཔོན་དབྱིག་གཉེན་གྱི་གཅེན་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་ཞིང་། དེ་ནི་ཐེག་པ་ཆེན་པོའི་ལུགས་དང་དམིགས་བསལ་སེམས་ཙམ་པའི་ལུགས་རེད། དབུ་མ་པའི་ལུགས་ཀྱི་འགྲེལ་བཤད་དེ་ཅུང་ཟད་མི་འདྲ་བའི་ཁྱད་པར་ཡོད། བཞེད་ལུགས་འདི་དག་ཐམས་ཅད་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཀས་མོས་མཐུན་བྱེད་ཀྱི་ཡོད། དམིགས་བསལ་གཅིག་ཁོ་ན་ཡོད་པ་ནི་དགེ་ལུགས་པའི་ལུགས་ལ་དབུ་མ་ཐལ་འགྱུར་བའི་འགྲེལ་ཚུལ་དང་བཞེད་ཚུལ་ཐུན་མིན་ཞིག་ཡོད་པ་རེད། དགེ་ལུགས་པའི་དབུ་མ་ཐལ་འགྱུར་པ་དེ་གཞི་རྩའི་ཆ་ནས་སློབ་དཔོན་དབྱིག་གཉེན་གྱི་ལུགས་ཀྱི་རྗེས་སུ་འབྲང་གི་ཡོད་ནའང་། དེའི་སྟེང་ལ་བསྐྱར་བཅོས་ཆེ་ཁག་འགའ་ཞིག་བྱས་ཡོད།
འདིར་ང་ཚོས་སློབ་དཔོན་ཐོགས་མེད་ཁོ་ནའི་ལུགས་ལ་བལྟ་རྒྱུ་ཡིན། དེ་ནི་རྟོགས་སླ་ཤོས་དེ་རེད།
ལས་ནི་སྐུལ་སློང་ངམ་ངར་ཤུགས་ཤིག་ཡིན་པ་ལས་བྱ་བ་དེ་ཀ་མིན།
ལྟ་བ་འདི་ལ་གཞིགས་ན། ཀརྨའམ་ལས་ནི་སེམས་ཀྱི་སྐུལ་སློང་ངམ་ངར་ཤུགས་ཤིག་རེད། དེ་ནི་སེམས་པ་ཞེས་པའི་སེམས་བྱུང་དང་དོན་གཅིག་མིང་གི་རྣམ་གྲངས་རེད། སེམས་པ་ནི་སེམས་བྱུང་ཞིག་ཡིན་པ་དང་དེས་ང་ཚོའི་མྱོང་བ་ཚང་མར་གྲོགས་བྱེད་ཀྱི་ཡོད། འདིས་ང་ཚོ་མྱོང་བའི་ཁ་ཕྱོགས་བྱེ་བྲག་ཅིག་ལ་འཁྲིད་པར་བྱེད་པའི་སེམས་བྱུང་ཞིག་ཡིན་པ་དང་། དེ་ཡང་ཆོས་གང་ཞིག་ལ་ལྟ་བའམ་ཡང་ན་ཉན་པ་ཙམ་དེ་རེད། ཡང་ན་གནས་སྟངས་འདིའི་ནང་། དེ་ལ་བརྟེན་ནས་སམ་ཡང་ན་དེའི་ཆེད་དུ་བྱ་བ་ཞིག་བྱེད་པའམ། ཡང་ན་དེ་བརྗོད་པའམ་དེ་ལ་བསམ་པ་དེ་རེད། དེ་ནི་ལུས་ངག་ཡིད་ཀྱི་ལས་གང་ཡིན་ནའང་ཆོག ལས་ཀྱི་ངར་ཤུགས་ནི་བྱ་བ་ཞིག་བྱེད་པ་དང་། སྐད་ཆ་ཞིག་ཤོད་པ། བསམ་བློ་ཞིག་གཏོང་བར་སྐུལ་བའི་སེམས་བྱུང་དེ་རེད། དེ་ནི་མི་ཞིག་ལ་རྡེག་པ་དང་། བདེན་པ་བརྗོད་པ། ཡང་ན་རང་གི་བརྩེ་བའི་མི་རྣམས་ལ་ཆགས་པའི་བསམ་བློ་འཁོར་བའི་སྐུལ་སློང་ལྟ་བུ་རེད། དེ་ག་ནང་བཞིན་དེ་ནི་གནད་དོན་ཞིག་གི་ཐོག་ལ་མུ་མཐུད་དེ་བྱ་བ་དེ་བྱེད་པ་དང་། སྐད་ཆ་ཤོད་པ། བསམ་བློ་གཏོང་བ་དེ་ཡིན་པ་མ་ཟད། གནད་དོན་གཞན་ཞིག་གི་ཐད་ལ་དེ་ལྟར་བྱེད་པ་དང་། བརྗོད་པ། བསམ་བློ་གཏོང་བ་བཅས་བྱ་བ་དེ་དག་ལ་འཇུག་རྒྱུ་མཚམས་འཇོག་བྱེད་པའི་སེམས་པ་ཞིག་ཀྱང་རེད། ནམ་རྒྱུན་ང་ཚོས་དབང་མེད་ཀྱི་སེམས་ཀྱི་སྐུལ་ཤུགས་སམ་སེམས་པ་འདི་ལ་ཤེས་རྟོགས་མེད་པ་རེད། ནུབ་ཕྱོགས་ཀྱི་ཐ་སྙད་དབང་དུ་བྱས་ན། དེ་ལ་ང་ཚོས་ནམ་རྒྱུན་ (unconscious) “དྲན་ཤེས་མེད་པ་” ཞེས་བརྗོད་ཀྱི་ཡོད།
ལས་ཟེར་བ་དེ་སེམས་འཕྲུལ་ལས་དང་འདྲ་བའི་ཆོས་ཉིད་ལྟ་བུ་མ་རེད། ལས་ནི་སེམས་བྱུང་ཞིག་ཡིན་པ་སྟེ། ང་ཚོས་ཆོས་གང་ཞིག་ཉམས་སུ་མྱོང་བར་གྲོགས་བྱེད་པའི་གཞོགས་འདེགས་ཀྱི་ཤེས་པ་ཞིག་རེད། དེ་ནི་རྣམ་ཤེས་ཞིག་གྲོགས་བྱེད་པའི་ཆོས་གང་ཞིག་རྟོགས་ཚུལ་དེ་རེད། དེ་ནི་མིག་དང་ཡིད་ཀྱི་རྣམ་པར་ཤེས་པས་ཡུལ་འཛིན་པ་ལྟ་བུ་རེད། དཔེར་ན། ང་ཚོས་ཤོག་ལྷེ་དུམ་བུ་ཞིག་ལ་བལྟ་བཞིན་ཡོད་པ་དང་ང་ཚོས་དེ་མཐོང་ཚུལ་གྱི་རྣམ་པ་གཅིག་ནི་ཤོག་བུ་དེ་དབྲལ་འདོད་ཀྱི་སྐུལ་ཤུགས་དེ་ཡིན་སྲིད་པ་རེད། དེ་ནི་སེམས་ཀྱི་བྱུང་རྐྱེན་ཞིག་རེད། ང་ཚོས་ཤོག་བུ་མཐོང་བར་གྲོགས་བྱེད་པའི་སེམས་ཀྱི་སྐུལ་ཤུགས་དེ་ནི་འདིར་ལས་ཡིན་པ་རེད། ལས་ནི་ཤོག་བུ་དེ་དབྲལ་བའི་ལུས་ཀྱི་བྱ་བ་གཅིག་པུ་དེ་མིན་ལ། དེ་དབྲལ་བར་བསམ་བློ་གཏོང་བའི་ཡིད་ཀྱི་ལས་ཤིག་ཀྱང་མ་རེད། ལས་ནི་ཐོག་མར་སེམས་ཀྱི་ལས་དང་དེ་ནས་ལུས་ཀྱི་ལས་འབྱུང་བར་བྱེད་མཁན་དེ་རེད། ལས་ཀྱིས་བྱ་བ་དེ་དག་ཐམས་ཅད་ལ་འཇུག་པ་དང་། དེ་དག་རྒྱུན་སྐྱོང་བ། དེ་དག་མཇུག་རྫོགས་པར་བྱེད་ཀྱི་ཡོད། ཡིན་ནའང་། དེ་ནི་བྱ་བ་དེ་ག་རང་མ་རེད།
སྐུལ་ཤུགས་དེ་བསླེབ་སྐབས། དེ་ནི་ཀརྨའམ་ལས་རེད། ཐ་ན་སྐབས་རེར་བྱ་བ་ཞིག་བྱེད་པའམ་བརྗོད་པའི་སྐུལ་ཤུགས་དེ་ཧ་ཅང་རང་དབང་མེད་པ་ཞིག་ཡིན་ནའང་། ང་ཚོས་བྱ་བ་དེ་བྱེད་དང་མི་བྱེད་ཀྱི་གདམ་ཀ་ཞིག་ནི་རྟག་ཏུ་ཡོད། གལ་ཏེ་ང་ཚོས་བྱ་བ་དེ་བྱས་ན། ང་ཚོར་བྱེད་དུ་འཇུག་མཁན་གྱི་བྱ་བ་དེ་ལ་རྗེས་འབྲས་ཤིག་ནི་ང་ཚོའི་དུས་ཕྱིས་ཀྱི་མྱོང་བའི་ནང་འབྱུང་གི་རེད།
ལས་ཀྱི་འབྲས་བུ།
ལས་བྱེད་པ་ལས་འབྲས་བུ་གང་འབྱུང་གི་ཡོད་པའམ། ཡང་ན་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ལས་གང་འབྱུང་གི་ཡོད་དམ། གནད་དོན་འགའ་ཞིག་གི་ནང་། བདེ་སྡུག་གི་ཚོར་བའི་རིམ་པ་ཞིག་དང་། སྐྱེ་གནས་དང་ཁོར་ཡུག་གི་ཉམས་སུ་མྱོང་བ། སྐྱེས་པ་དང་བུད་མེད་ཡིན་པའི་ཉམས་མྱོང་། ཨ་རི་བ་དང་འཇར་མན་གྱི་མི་ཡིན་པ། ས་ཆ་གཙང་མ་ཞིག་ཏུ་ཡོད་པའམ་ཡང་ན་ས་ཆ་བཙོག་པ་ཞིག་གི་ནང་ཡོད་པ་སོགས་ཚུད་ཡོད། དེ་དག་ལས་བྱུང་བའི་གནད་དོན་གཞན་ཞིག་ནི་ང་ཚོས་གོང་དུ་བྱ་བ་ཇི་ལྟར་བརྩམས་པ་དང་མཚུངས་པ་ཞིག་བྱེད་པའི་ངང་ངམ་ཤུགས་ཀྱི་ཚོར་བའམ་འདོད་པ་དེ་རེད། འདི་ཡང་སེམས་བྱུང་ཞིག་དང་གཞོགས་འདེགས་ཀྱི་ཤེས་པ་ཞིག་ཡིན་པ་དང་དེ་འབྱུང་བའི་སྐབས། འདིས་ང་ཚོའི་རིག་པའམ་ཤེས་པར་གྲོགས་བྱེད་ཀྱི་ཡོད། ང་ཚོས་དེ་ལྟར་བྱ་སྤྱོད་སྤེལ་འདོད་ཡོད་པ་དང་བྱ་བ་དེ་འདྲ་བྱེད་བཞིན་པ་ལྟ་བུ་ཚོར་བ་དང་། དེ་ཡང་བསྐྱར་བྱེད་འདོད་ཡོད། ང་ཚོས་ཚོར་བ་འདི་དོན་དང་ལྡན་པ་ཞིག་དང་བྱེད་དགོས་པ་ཞིག་ལ་དོ་སྣང་བྱེད་མིན་ནི་འགྱུར་ལྡོག་ཅན་གྱི་རྣམ་པ་གཞན་མང་པོ་ལ་རག་ལུས་ཡོད། དེ་དག་ལས་གལ་ཆེ་ཤོས་དེ་ནི་ང་ཚོ་ཕྱིའི་རྐྱེན་གང་འདྲ་ཞིག་གི་ནང་ཡོད་པ་དེ་རེད། ཚོར་བ་ཉམས་སུ་མྱོང་བ་དེས་བྱ་བ་དེ་དོན་ངོ་མར་ཡང་བསྐྱར་བྱེད་པའི་སྐུལ་ཤུགས་དེ་འབྱུང་བར་བྱེད་ཀྱི་ཡོད་སྲིད་ལ་མེད་ཀྱང་སྲིད། གལ་ཏེ་སྐུལ་ཤུགས་དེ་བྱུང་ན། སྐུལ་ཤུགས་དེ་ནི་ལས་གཞན་ཞིག་རེད།
འབྲས་བུ་གཞན་ཞིག་ནི་ང་ཚོས་གོང་དུ་གང་བྱས་པ་དང་མཚུངས་པའི་ཆོས་ཤིག་ཉམས་སུ་མྱོང་བ་ཡིན་ནའང་། དེ་ནི་ད་ལྟ་སོ་སོ་རང་ཉིད་ལ་འབྱུང་གི་ཡོད། དཔེར་ན། ང་ཚོས་རྟག་ཏུ་རྙོག་ཁྲ་ཤོད་ཀྱིན་ཡོད་པ་དང་ད་ལྟ་ང་ཚོར་རྙོག་ཁྲ་ཤོད་མཁན་གྱི་མི་དེ་དག་དང་ཐུག་འཕྲད་བྱེད་ཀྱི་ཡོད།
མཐར་ང་ཚོའི་ཆོས་རྣམས་ཀྱི་གོ་རྟོགས་དེ་ཧ་ཅང་ཚད་བཀག་ཅན་ཡིན་པ་རེད། ང་ཚོས་སོ་སོའི་མདུན་དུ་གང་ཡོད་པ་ཁོ་ན་མཐོང་ཐུབ་ཀྱི་ཡོད་པ་ལས། མི་ཞིག་གི་བྱ་སྤྱོད་བྱེ་བྲག་ཅིག་ཅིའི་ཕྱིར་སྤེལ་ཡོད་པའམ་ང་ཚོའི་བྱ་སྤྱོད་ཀྱི་རྗེས་འབྲས་གང་ཞིག་ཡོང་རྒྱུ་ཡིན་པ་མཐོང་ཐུབ་ཀྱི་མེད། ངས་འདི་ལ་ “ཁོར་མྱུལ་རྒྱང་ཤེལ་ཀྱི་མཐོང་རྒྱ་” ཞེས་བརྗོད་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་མཚོ་འོག་ཏུ་ཁོར་མྱུལ་རྒྱང་ཤེལ་བརྒྱུད་ནས་བལྟ་བ་འདྲ་པོ་རེད། ང་ཚོས་རྒྱུན་ཆད་མེད་པར་ཁོར་མྱུལ་རྒྱང་ཤེལ་གྱི་ཤེས་རྟོགས་འདི་སྐྲུན་པ་དང་ཉམས་སུ་མྱོང་བཞིན་ཡོད།
དེ་དག་ཐམས་ཅད་ནི་ལས་ཀྱི་སྐུལ་ཤུགས་སམ་ངར་ཤུགས་ལ་བརྟེན་ནས་བྱ་བ་བརྩམས་པའི་འབྲས་བུ་རེད། དེ་ནི་ཧ་ཅང་མགོ་རྙོག་ཅན་ཞིག་རེད། གང་ཡིན་ཞེ་ན། ལས་ཀྱི་སྤྱོད་ལམ་གྱི་འབྲས་བུ་ནི་རྒྱུན་ཆད་མེད་པར་འཕེལ་འགྲིབ་འགྲོ་བཞིན་ཡོད། སྐད་ཅིག་གཅིག་གི་ནང་ང་ཚོ་སྐྱིད་པོ་ཡོད་ནའང་། སྐད་ཅིག་རྗེས་མའི་ནང་ང་ཚོ་སྐྱིད་པོ་མེད་པ་རེད། ད་ལྟ་འདི་འབྱུང་བ་དང་ད་ལྟ་དེ་འབྱུང་གི་ཡོད། ད་ལྟ་ངས་འདི་བྱེད་འདོད་འདུག་ཅེས་དང་ངས་ད་ལྟ་དེ་བྱེད་འདོད་འདུག ང་ཚོའི་ཉམས་མྱོང་དེ་འཕེལ་འགྲིབ་འགྲོ་བའི་སྐབས་སུ་ང་ཚོས་ཁོར་མྱུལ་རྒྱང་ཤེལ་གྱི་མཐོང་རྒྱ་འདིའང་ཉམས་སུ་མྱོང་གི་ཡོད། ང་ཚོས་གང་འབྱུང་བཞིན་ཡོད་པ་དངོས་གནས་གོ་ཚོད་ཀྱི་མེད། རྒྱང་ཤེལ་བརྒྱུད་ནས་བལྟས་ཏེ་གཅིག་མཐོང་ནས་ “ང་རང་འདོད་པ་འདུག་” ཅེས་པའི་རྐྱེན་དེ་བསླེབ་ཀྱི་ཡོད། དཔེར་ན། ང་ཚོས་ཅོག་ལེཊ་མཐོང་བ་དང་དེ་ལ་དགའ་པོ་བྱེད་ཀྱི་ཡོད། བདེ་སྐྱིད་ངང་ནས་དེ་བཟའ་འདོད་སྐྱེ་བ་ལྟ་བུ་རེད།
“དེ་ལ་དགའ་པོ་བྱེད་པ་” ཟེར་བ་དེ་ནི་རེག་བྱའི་ཚོར་བ་སྐྱིད་པོ་ཞིག་ལ་བརྟེན་ནས་ཅོག་ལེཊ་མཐོང་བའི་སེམས་བྱུང་ཞིག་རེད། ནུབ་ཕྱོགས་སུ་ང་ཚོས་ “གཅིག་ལ་དགའ་པོ་བྱེད་པ་” དེ་ནང་ཆོས་ལས་ཀྱང་དངོས་མེད་ཀྱི་སྒོ་ནས་ཤོད་ཀྱི་ཡོད། འདིར་ “གཅིག་ལ་དགའ་པོ་བྱེད་པ་” ཞེས་པ་ནི་ང་ཚོའི་ “དགའ་སའི་དངོས་པོ་ཞིག་” གི་ཤེས་པར་གྲོགས་བྱེད་པའི་སེམས་བྱུང་དེ་རེད། དེའང་ལས་ཀྱི་འབྲས་བུ་སྨིན་པའི་ཐོན་སྐྱེད་ཅིག་ཡིན་པ་དང་དེ་ནི་བདེ་་སྡུག་གི་རིམ་པ་ཞིག་ཚོར་བ་དང་གཅིག་མཚུངས་རེད།
ཅོག་ལེཊ་ལ་དགའ་པོ་བྱེད་པ་དང་དེ་བཟའ་འདོད་སྐྱེ་བ་ནི་ཉོན་མོངས་མ་རེད། དེ་སེམས་ལ་བཅང་རོགས། དེ་དག་གིས་ཅོག་ལེཊ་འབྱུང་བར་བྱེད་པའི་ཉོན་མོངས་འདོད་ཆགས་ཀྱི་རྐྱེན་བྱེད་སྲིད་པ་རེད་ལ་མི་སྲིད་པའང་རེད། འདོད་ཆགས་ཀྱི་ཆོས་གང་ཞིག་གི་ཁྱད་ཆོས་ཡག་པོའམ་ཡོན་ཏན་ལ་སྒྲོ་འདོགས་བྱེད་ཀྱི་ཡོད། ཅོག་ལེཊ་ལ་དགའ་པོ་བྱེད་པ་དང་བཟའ་འདོད་སྐྱེ་བ་དེས། གལ་ཏེ་ང་ཚོས་དགོང་ཟས་ཀྱི་སྔོན་དེ་ག་རང་ལ་ཟས་ན་ཕན་གནོད་ཀྱི་སྐོར་གཏི་མུག་སྐྱེ་བར་བྱེད་པའི་གནས་སྟངས་ཡོང་སྲིད་པ་རེད། གཏི་མུག་ནི་ཉོན་མོངས་ནང་གི་གཅིག་རེད། ཕྱོགས་གཞན་ཞིག་ནས་དེ་དག་གིས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་སྐྱེ་བའི་སེམས་བྱུང་ལ་རྐྱེན་བྱེད་སྲིད་པ་སྟེ། དེ་ནི་ཕན་བྱེད་དགེ་བའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་འདོད་ཆགས་དང་གཏི་མུག་སྐྱེ་བར་བཀག་འགོག་བྱེད་པའི་ཆེད་དུ་རེད།
འདོད་ཆགས་དང་གཏི་མུག་གཉིས་ཀ་སྐྱེ་བའི་དབང་དུ་བཏང་ན། ང་ཚོ་ཟས་ཚོད་ངེས་ཅན་བསྟེན་པའི་སྐབས་ཡིན་པའི་བདེན་དོན་དེ་བརྗེད་སྲིད་པ་དང་དེས་ང་ཚོ་དང་མཉམ་དུ་མོས་མཐུན་མི་བྱེད་པ་སོགས་ཡོང་སྲིད། འདིའི་ངོན་ནི་ང་ཚོ་བདེན་དོན་དེའི་ཐད་ལ་དྲན་པ་རྒྱུན་སྐྱོང་བྱེད་ཀྱི་མེད་པ་སྟེ། དེ་ནི་དྲན་གསོ་མི་བྱེད་པ་དང་གཅིག་མཚུངས་རེད།
དེ་ལྟར་ཁོར་མྱུལ་རྒྱང་ཤེལ་བརྒྱུད་ནས་ཅོག་ལེཊ་མཐོང་བ་དང་། དེ་ལ་དགའ་པོ་བྱེད་པ། དེ་བཟའ་འདོད་སྐྱེ་བ་བཅས་ལས་དེ་དག་ལ་བརྟེན་ནས་བྱུང་བའི་མཐུན་རྐྱེན་དེ་དག་ཐམས་ཅད་རྒྱུ་མཚན་དུ་བྱས་ནས་དེ་བཟའ་འདོད་ཀྱི་སྐུལ་ཤུགས་སམ་ངར་ཤུགས་དེ་སྐྱེ་གི་ཡོད། སྐུལ་ཤུགས་སམ་ངར་ཤུགས་དེ་ནི་ལས་གསར་པ་ཞིག་རེད། ང་ཚོས་དེ་དངོས་སུ་བྱས་ནས་དེ་ལས་རྗེས་འབྲས་ཚང་མ་འབྱུང་གི་ཡོད། དེ་དག་ལས་ལུས་ཀྱི་ལྗིད་ཚད་མཐོ་རུ་འགྲོ་བ་ལ་སོགས་པ་ལྟ་བུ་ནི་འཕྲུལ་ཆས་ལྟར་གྱི་འབྲས་བུ་ཡིན་པ་རེད། དེའི་རྗེས་ཀྱི་དེ་ལས་མང་བ་བཟའ་འདོད་ཀྱི་ཚོར་བ་ལྟ་བུ་འབྲས་བུ་གཞན་དག་ནི་ཕུགས་རྒྱང་རིང་པོའི་གནད་དོན་ཞིག་རེད། ང་ཚོས་ལས་ལ་དག་སྦྱོང་བྱེད་སྐབས། གང་སྤོང་ཐབས་བྱེད་ཀྱི་ཡོད་པ་ནི་ཕུགས་རྒྱང་རིང་པོའི་འབྲས་བུ་རྣམས་རེད།
སྙམ་སེམས་པའི་རྟོགས་པའི་སྐོར་དྲི་བ།
སྙམ་སེམས་པའི་རྟོགས་པ་དེ་ཐོག་མར་སེམས་ནས་བྱུང་བ་ཞིག་རེད་དམ། དེ་ལ་སེམས་ཀྱི་ཆ་ཤུགས་ཆེ་བ་ཡོད་དམ་ཡང་ན་བདག་དང་བླ་སྲོག་གི་ཆ་མང་བ་ཡོད།
ངས་ནམ་རྒྱུན་ཡང་སེ་འགྲེལ་བརྗོད་བྱེད་པ་ལྟར། གལ་ཏེ་ཁྱེད་ལ་ཁུར་ར་བག་སྲེག་གཅིག་ཡོད་པ་དང་དེ་དུམ་བུ་གཉིས་སམ་གསུམ་ལ་གཏོང་བཞིན་ཡོད་ན། དེ་དུམ་བུར་གཏུབ་སྟངས་མི་འདྲ་བ་མང་པོ་ཡོད། སྐད་བརྡ་རེ་རེ་ནི་དུམ་བུ་ཆེ་ཆུང་མི་འདྲ་བ་གཉིས་གསུམ་དུ་གཏུབ་བཞིན་ཡོད། ང་ཚོས་སོ་སོའི་ཉམས་མྱོང་གི་སྐོར་ཤོད་སྐབས། ཁྱེད་ཀྱིས་ཁུར་ར་བག་སྲེག་དེ་བགོས་པ་ནང་བཞིན་བླ་སྲོག་དང་། རྟག་པའི་བདག སེམས་བཅས་ཀྱི་ནང་བགོ་ཆོག །ཁྱེད་ཀྱིས་དེ་བོད་ལུགས་ལྟར་བགོ་ཆོག་ནའང་། དེ་དང་མཐུན་པ་ཞིག་རྩ་ནས་ཆགས་ཀྱི་མེད། ངས་འདི་བོད་བསྒྱུད་ནང་བསྟན་གྱི་ལྟ་ཚུལ་གཞིར་བཞག་ཐོག་འགྲེལ་བརྗོད་བྱ་རྒྱུ་ཡིན། དེ་ཡང་སྙམ་སེམས་པའི་རྟོགས་པ་དེ་འགྲེལ་བརྗོད་བྱེད་ངེས་རེད།
ནང་ཆོས་ཀྱི་ནང་། ཁྱེད་ཀྱིས་ཆོས་གང་ཞིག་ཇི་ལྟར་རྟོགས་ཀྱི་ཡོད་པའི་སྐོར་ལ་ཤོད་ཀྱིན་ཡོད། དེ་ལ་ང་ཚོ་ནུབ་ཕྱོགས་ཀྱི་བརྗོད་ཚུལ་ལྟར་ན། ང་ཚོས་གནད་དོན་ཞིག་ “ཤེས་སྟོབས་ཀྱི་སྒོ་ནས་” སམ་ཡང་ན་ “སྙམ་སེམས་པའི་རྟོགས་པའི་སྒོ་ནས་” རྟོགས་ཐུབ་ཀྱི་ཡོད། དེ་ནི་བོད་ལུགས་ཀྱི་ཁུར་ར་བག་སྲེག་གཏུབ་སྟངས་དང་མཐུན་གྱི་མེད། ལུགས་དེ་གཉིས་ཀའི་ནང་། དབྱེ་བའམ་བགོ་ཤ་རྒྱག་པ་དེ་ནི་ང་ཚོས་གནད་དོན་ཞིག་ཇི་ལྟར་རྟོགས་ཀྱི་ཡོད་པ་དང་དེ་ནི་ང་ཚོས་གང་མཐོང་ཐུབ་པ་ལས་ཀྱང་མི་གསལ་བའམ་སྒྲིབ་པ་ཆེ་བ་ཡོད་པ་དེ་རེད།
མི་གཞན་ཞིག་གི་སེམས་ཀྱི་གནས་བབས་རྟོགས་པར་བསམ་བློ་བཏང་ན། ནང་པའི་ལུགས་ལྟར་ན། ང་ཚོས་རྒྱུ་མཚན་རིགས་པའི་རྣམ་གྲངས་ལ་བརྟེན་ནས་རྟོགས་ཐུབ་པ་སྟེ། དཔེར་ན། “མི་འདིས་ང་ལ་སྐད་ཆ་ཤོད་ཀྱིན་མེད་པ་དང་མི་དེའི་གདོང་ལ་རྣམ་འགྱུར་ངེས་ཅན་ཞིག་འདུག ནམ་རྒྱུན་དེ་དང་འདྲ་བའི་མི་ཞིག་ཡོད་ན་དེ་ནི་གནད་དོན་ཞིག་ལ་བློ་ཕམ་པ་ཞིག་རེད། དེ་བས་ན་མི་དེ་བློ་ཕམ་པ་རེད་” ཅེས་པ་ལྟ་བུ་རེད། དེ་ནི་ང་ཚོའི་ནུབ་ཕྱོགས་སུ་ “ཤེས་སྟོབས་ཀྱི་ཤེས་པ་” ཞེས་ཟེར་བ་དེ་དང་མཐུན་པ་ཞིག་རེད། ནང་ཆོས་ཀྱི་ནང་། དེ་ལ་ “རྗེས་དཔག་གི་ཤེས་པ་” ཅེས་ཟེར་གྱི་ཡོད།
གཞན་ཡང་ང་ཚོས་རྒྱུ་མཚན་རིགས་པ་ལ་མི་བརྟེན་པར་མི་དེ་བློ་ཕམ་པ་ཤེས་ཀྱི་ཡོད། ང་ཚོས་གང་ཚོར་བ་ལ་གཞི་བྱས་ནས་མི་དེ་བློ་ཕམ་པ་རེད་ཅེས་ཚོད་དཔག་བྱེད་པ་སྟེ། དེའི་དོན་ནི་ང་ཚོས་གང་བསམ་པ་ལ་གཞི་བྱས་པ་རེད། ནང་ཆོས་ནང་དེ་ལ་ཡིད་དཔྱོད་ཅེས་བརྗོད་ཀྱི་ཡོད། དེ་ནི་ཡིད་རྟོན་མི་རུང་བའི་རྟོགས་ཚུལ་ཞིག་རེད། ང་ཚོས་ཡིད་དཔྱོད་ཀྱིས་གང་ཚོད་དཔག་བྱས་པ་དེ་བདེན་པ་ཡིན་པའི་གནས་ཤིག་ཡིན་སྲིད་ལ་མི་སྲིད་པའང་རེད། གང་ལྟར་ཡང་། ང་ཚོར་འདས་པའི་དུས་སུ་ཉམས་མྱོང་ཧ་ཅང་མང་པོ་ཡོད་སྲིད་པ་དང་དེ་ལ་བརྟེན་ནས་ང་ཚོས་མཐོང་བ་དང་རྟོགས་ཀྱི་ཡོད། ནུབ་ཕྱོགས་སུ་ང་ཚོས་གནས་སྟངས་ཕྱི་མ་ནི་སྙམ་སེམས་པའི་རྟོགས་ཚུལ་ཞིག་རེད་ཅེས་བརྗོད་ངེས་རེད། གང་ཡིན་ཞེ་ན། ང་ཚོས་དེ་ལ་རྒྱུ་མཚན་སྟོན་མི་དགོས། འོན་ཀྱང་། དེ་ནི་ངག་དང་འབྲེལ་བ་ཞིག་མིན་ནའང་། དོན་ངོ་མར་ནང་ཆོས་ནས་ང་ཚོས་ད་དུང་ཡང་རྗེས་དཔག་བེད་སྤྱོད་བྱེད་ཀྱིན་ཡོད་ཅེས་བརྗོད་ངེས་རེད། རྟགས་བྱེ་བྲག་གི་རིགས་ངོས་འཛིན་བྱེད་པར་གཞི་བྱས་ནས་ང་ཚོས་མི་དེ་བློ་ཕམ་ཡིན་པའི་ཐག་གཅོད་བྱེད་ཀྱི་ཡོད། སྲིད་རུང་གཞན་ཞིག་ནི་ང་ཚོས་དབང་པོའི་སྤྱོད་ཡུལ་ལས་འདས་པའི་མངོན་ཤེས་ལ་བརྟེན་ནས་མི་གཞན་ཞིག་བློ་ཕམ་པ་ཤེས་ཐུབ། ནང་ཆོས་ནས་དེ་ལྟ་བུའི་ཤེས་རྟོགས་ནི་རྟོག་མེད་མངོན་སུམ་ཤེས་པར་ངོས་འཛིན་བྱེད་ཀྱི་ཡོད། ནུབ་ཕྱོགས་སུ་དེ་ལྟ་བུའི་ཤེས་རྟོགས་ནི་ “སྙམ་སེམས་པའི་རྟོགས་པ་” ཞེས་པ་དེའི་དཔེ་མཚོན་གཞན་ཞིག་ཡིན་པ་རེད།
དཔེ་མཚོན་གཞན་ཞིག་ནི་སྟོང་པ་ཉིད་དང་དངོས་པོའི་གནས་ལུགས་ཀྱི་དོན་རྟོགས་རྒྱུ་དེ་རེད། ང་ཚོས་དེ་རྒྱུ་མཚན་རིགས་པ་ལ་གཞི་བྱས་ནས་རྟོགས་ཐུབ་པའམ། ཡང་ན་ང་ཚོས་དེ་རང་ཤུགས་ཀྱིས་གོམས་གཤིས་དང་སྐྱེ་བ་སྔོན་མའི་ཉམས་མྱོང་ཧ་ཅང་མང་པོ་ལ་བརྟེན་ནས་རྟོགས་ཐུབ། ཁྱེད་ཀྱིས་ནུབ་ཕྱོགས་ཀྱི་ཐ་སྙད་ལྟར་གཅིག་ལ་ “ཤེས་སྟོབས་” དང་གཞན་དེ་ལ་ “སྙམ་སེམས་པའི་རྟོགས་པ་” ཞེས་བརྗོད་སྲིད་པ་རེད།
ལྟ་ཚུལ་གཞན་ཞིག་གི་ཐོག་ནས་ང་ཚོ་ནུབ་ཕྱོགས་སུ་སྟོང་པ་ཉིད་ལ་ “ཤེས་སྟོབས་ཀྱི་གོ་བ་” ཙམ་ཡོད་ཅེས་བརྗོད་པའི་སྐབས། ནམ་རྒྱུན་དེའི་དོན་ནི་ང་ཚོའི་གོ་རྟོགས་དེ་གཏིང་ཟབ་པོ་དང་ངེས་པ་རྙེད་པ་ཞིག་མེད་པ་རེད། ཡང་ “སྙམ་སེམས་པའི་རྟོགས་པ་” ནི་གཏིང་ཟབ་པོའི་སྒོ་ནས་རྟོགས་པ་དེ་རེད། ནང་པའི་དཔྱད་ཞིབ་ཀྱི་ལྟ་ཚུལ་ལྟར་བྱས་ན། གོ་རྟོགས་དེ་གཉིས་ཀྱི་ཁྱད་པར་ནི་གོ་རྟོགས་ལ་གྲོགས་བྱེད་པའི་ཡིད་ཆེས་ཀྱི་རིམ་པ་ལ་རག་ལུས་ཡོད། ཡིད་ཆེས་ཀྱི་རིམ་པ་དེ་དང་གཅིག་པ་ཞིག་གིས་རྒྱུ་མཚན་རིགས་པ་ལ་བློ་གཏད་ནས་བྱུང་བ་ཞིག་གམ་ཡང་ན་གོམས་གཤིས་དང་གོམས་འདྲིས་ལ་བརྟེན་ནས་བྱུང་བ་གང་ཡིན་མིན་ལ་མ་ལྟོས་པར། སྟོང་པ་ཉིད་ཀྱི་ཤེས་པ་ལ་གྲོགས་བྱེད་ཐུབ།
དེ་ནི་ནང་ཆོས་ནས་འགྲེལ་བརྗོད་བྱེད་ཚུལ་དེ་ཡིན་པ་དང་ང་ཚོས་ “རྟག་པའི་བདག་” གམ་ “བླ་སྲོག་” ལྟ་བུའི་རྣམ་གཞག་བེད་སྤྱོད་བྱེད་ཀྱི་མེད། དེ་ནི་གོ་རྟོགས་དེ་ག་ནས་འབྱུང་གི་ཡོད་པ་ལ་གཞིགས་པ་མིན་པར། དེ་ལས་ལྡོག་སྟེ། དེ་ཇི་ལྟར་འབྱུང་གི་ཡོད་པ་དང་། སེམས་བྱུང་གང་གིས་གྲོགས་བྱེད་ཀྱི་ཡོད་པ། སེམས་བྱུང་དེ་དག་གི་ངར་ཤུགས་ཀྱི་རིམ་པ་གང་ཡིན་པ་བཅས་རེད།
གནད་དོན་མཐའ་མ་དེ་ནི། ཇི་ལྟར་ང་ཚོས་འགྲེལ་བརྗོད་མི་བྱེད་པའི་རྟོག་པའི་སྒྲོམ་གཞི་མི་འདྲ་བ་མང་པོ་འཛུབ་སྟོན་བྱེད་པའི་སྒོ་ནས་ལས་ཀྱི་སྐོར་འགྲེལ་བརྗོད་བྱས་པ་དང་མཚུངས་པར། ཁྱེད་ཀྱི་དྲི་བར་ལན་འདེབས་པར། ང་ཚོས་རྟག་པའི་བདག་དང་བླ་སྲོག་ལ་སོགས་པའི་རྒྱ་གར་དང་བོད་བརྒྱུད་ནང་བསྟན་གྱི་འགྲེལ་ཚུལ་གྱི་ཆ་ཤས་སུ་མི་གཏོགས་པ་ཚང་མ་ཟུར་འདོན་བྱེད་དགོས་ངེས་རེད། ང་ཚོས་མྱོང་བ་ཞིག་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་དང་དེ་ནི་ཁྱེད་ཀྱིས་འགྲེལ་བརྗོད་ཇི་ལྟར་བྱེད་པར་རག་ལུས་ཡོད་པ་ཙམ་རེད། དེ་དག་ནི་ལམ་ལུགས་མི་འདྲ་བ་རེད།།