ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༡༣ ནས་ ༢༢ བར་དུ་ནང་ཆོས་ཕབ་བསྒྱུར་གྱི་ཐབས་ལམ་ཐོག་སྦྱོང་བརྡར་ཞེས་མཚན་བྱང་འཁོད་པའི་ཟབ་སྦྱོང་ཞིག་བོད་པའི་ལོ་ཙཱ་བ་རྣམས་ལ་དབྱིན་སྐད་ནས་བོད་སྐད་དུ་ཡིག་སྒྱུར་གྱི་རྩལ་ཡར་རྒྱས་གཏོང་ཆེད་དུ་ལྡི་ལི་གསར་པའི་ཤྲཱི་ཨཽ་རོ་བིནྡུ་ཨཱཥྲམ་དུ་འཚོགས་པ་རེད། ཟབ་སྦྱོང་དེ་ནི་ལྷ་ལུང་བློ་བཟང་ཕུན་ཚོགས་ལགས་ཀྱི་དགོངས་ཚུལ་དང་ཁོང་གིས་བཟོས་པའི་རྩ་འཛིན་རྣམས་ལས་བརྒྱུད་སྐུལ་བྱུང་བ་ཞིག་རེད། འགན་འཛིན་རྡོ་བུམ་སྤྲུལ་སྐུས་དབུ་ཁྲིད་པའི་ལྡི་ལི་བོད་ཁང་གིས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང། ཧྥོར་ཌི་ཐེབས་རྩ་ཁང་ Ford Foundation གིས་འགྲོ་གྲོན་སྦྱིན་བདག་གནང་བ་རེད།
ཟབ་སྦྱོང་དེར་བོད་ཀྱི་དཔེ་མཛོད་ཁང་དང། ས་སྐྱ་མཐོ་སློབ། ཕྱི་འབྲེལ་ལས་ཁུངས་བཅས་ནས་ཚོགས་བཅར་བ་མི་རེ་དང། དྷ་ས་རིགས་ལམ་སློབ་གཉེར་ཁང་དང་ལྡི་ལི་བོད་ཀྱི་ཁང་པ་ནས་མི་གཉིས་རེ་ཚོགས་བཅར་བའི་ཁོངས་སུ་བཞུགས་པ་རེད། རྒྱུ་རྐྱེན་ངེས་མེད་ཞིག་ལ་བརྟེན་ནས་མཐའ་མར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་ཚོགས་བཅར་བ་ཟབ་སྦྱོང་ལ་བཅར་ཐུབ་མེད། ཟབ་སྦྱོང་དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་སྡེ་ཚན་ནས་ཉམས་མྱོང་ཅན་གྱི་གང་ཟག་གཉིས་ཏེ། ཐུབ་བསྟན་རི་རྐེད་ལགས་དང་འབུམ་རམས་པ་ཨེ་ལེགས་ཛེན་ཌར་བྷར་ཛིན་ལགས་ཀྱིས་སྣེ་ཁྲིད་གནང་ཡོད།
སློབ་ཚན་ནི་བོད་ཡིག་དང་དབྱིན་ཡིག་གི་བརྡ་སྤྲོད་དེ། འབྲི་སྲོལ་དང་བརྡ་ཆད་ཀྱི་གནད་དོན་ཐོག་དམིགས་ཡོད་པ་རེད། ཚོགས་བཅར་བ་ཚོས་ཡར་རྒྱས་ཀྱི་དོན་དུ་འདེམ་སྒྲུག་བྱས་པའི་ཚིགས་བཅད་དང་ཚིག་ལྷུག །དཔྱད་གཏམ་བཅས་བསྒྱུར་ཏེ་དགེ་སྐྱོན་བསམ་འཆར་བྱུང་ཡོད་པ་རེད། ཚིགས་བཅད་འདེམ་སྒྲུག་ནང་བོད་ཡིག་རྩོམ་རིགས་ཙམ་མ་ཟད་ལེགས་སྦྱར་ལས་བསྒྱུར་བ་རྣམས་ཀྱང་གཏོགས་ཡོད། ཚིག་ལྷུག་འདེམ་སྒྲུག་ནང་དེང་དུས་སྲིད་དོན་དང་འབྲེལ་བའི་རྣམ་ཐར་དང་། སྔ་རབས་ཀྱི་ནང་དོན་རིགས་པའི་བསྟན་བཅོས། སྒོམ་གྱི་ཉམས་ལེན་དང་སྨོན་ལམ་གྱི་དཔེ་ཆ། ལོ་རྒྱུས་ཀྱི་གཞུང་འབྲེལ་བཀའ་རྩ་སོགས་ལས་བཏུས་ཡོད། ཚིག་རེ་རེ་དང་དཔེ་མཚོན་གྱི་བརྗོད་བྱ་ཐོར་བུའི་ནང་དོན་ཟབ་ཅིང་རྒྱས་པར་དཔྱད་ཞིབ་བྱས་པ་བརྒྱུད་ཚོགས་བཅར་བ་ཚོས་དྭོགས་གནད་ཅན་གྱི་གནས་གཙོ་བོ་རྣམས་ལ་གོ་བསྡུར་བྱེད་ཐུབ་ཡོད། ཁོང་ཚོས་བོད་ཡིག་ཐོག་མ་དཔེ་གཞི་བཟུང་དོན་ཐོག་འགྱུར་བ་གང་ཡང་མ་བཏང་བར་དབྱིན་ཡིག་ཏུ་ཚིག་སྦྱོར་བདེ་པོ་ཡོད་པའི་ཡིག་སྒྱུར་ཡག་པོ་བཟོ་བའི་གནད་འགག་འཚོལ་ཞིབ་བྱས། ཚོགས་བཅར་བ་ཚོས་ད་དུང་ཡོངས་གྲགས་ཀྱི་བོད་པའི་ལོ་ཙཱ་བ་རྣམས་ཀྱི་ཡིག་སྒྱུར་ལས་འདེམ་སྒྲུག་བྱས་པའི་བརྗོད་བྱ་ཐོར་བུ་དག་ལ་དཔྱད་ནས་ཁོང་རྣམས་ཀྱི་དགེ་སྐྱོན་ཤེས་པ་དང་དེ་ལས་སློབ་སྦྱོང་ལེན་ཐབས་བྱས་ཡོད། །
སློབ་ཁྲིད་བྱས་པའི་གནད་དོན་གཙོ་བོ་ཁ་ཤས།
- ཐད་སྒྱུར་ཆེ་དྲགས་པའམ་དོན་སྒྱུར་ཆེ་དྲགས་པའི་མཐའ་གཉིས་སྤོང་བའི་ཚུལ།
- བོད་པའི་ཐ་སྙད་ཀྱི་གོ་རིམ་དང་སྒྲོམ་གཞི་ཇི་བཞིན་ག་དུས་འགྲོ་དགོས་པ་དང་དེ་ལ་རྩིས་མེད་ཀྱིས་དབྱིན་ཇིའི་གོ་རིམ་དང་མཐུན་པར་ག་དུས་འགྲོ་དགོས་པ།
- མ་ཡིག་ཚིག་གྲུབ་གྱི་ནན་བཤད་སོར་གནས་བྱེད་པའི་གལ་ཆེའི་རང་བཞིན་དང་ཡིག་སྒྱུར་གྱི་ཚིག་གི་གོ་རིམ་གྱི་ནན་བཤད་ལ་ཤུགས་རྐྱེན་ཐེབས་ཚུལ།
- མགོ་རྙོག་པའི་བོད་ཡིག་ཚིག་གྲུབ་རིང་པོ་རྣམས་དབྱིན་ཇིའི་བརྗོད་པ་ཐུང་ངུའི་ནང་བཅད་མཚམས་ཇི་ལྟར་འཇོག་ཚུལ།
- བསམ་ཚུལ་གྱི་རྒྱུན་སོར་གནས་ཡོང་ཐབས་སུ་དབྱིན་ཡིག་ནང་ཚིག་མཚམས་དང་ཚིག་གྲུབ་འབྲེལ་མཐུད་ཇི་ལྟར་བྱ་ཚུལ།
- གཞུང་དོན་དུ་མར་འགྲེལ་ཐུབ་པའི་ལམ་ཞིག་གི་ཐོག་ནས་རྩ་བའི་གཞུང་སྒྱུར་བ།
- གོ་དོན་སྣ་ཚོགས་ཡོད་པའི་བོད་ཡིག་གི་དཔེ་ཆ་རྣམས་དབྱིན་ཇིའི་འགྱུར་གྱི་ནང་དུ་དོན་གྱིས་སྟོང་པའི་གནས་སུ་མི་གྱར་བར་སོར་གནས་ཇི་ལྟར་བྱ་ཚུལ།
- གོ་བདེ་བའི་དོན་དུ་གཞུང་གི་གོ་དོན་ནང་དབྱིན་ཇིའི་ཐ་སྙད་ཁ་སྣོན་ག་དུས་འཇུག་པའི་རྩ་འཛིན་དང་། དེ་དག་ཤད་གུག་ནང་བླུཌ་པའི་དགེ་སྐྱོན་ཇི་ཡོད།
- ལེགས་སྦྱར་ལས་བོད་འགྱུར་གྱི་ཕྱག་དཔེའི་ནང་ཡོད་པའི་ལེགས་སྦྱར་གྱི་ཚིག་སྦྱོར་ཁྱད་པར་བ་འབྲེལ་སྒྲ་ལྟ་བུ་ཡིག་སྒྱུར་ཇི་ལྟར་བྱ་ཚུལ།
- སྙན་ངག་གི་ཚིགས་སུ་བཅད་པ་སྒྱུར་བའི་སྐབས་ཚིག་རྐང་རིང་ཐུང་བཅད་མཚམས་ཀྱི་གལ་ཆེའི་རང་བཞིན།
- དབྱིན་ཡིག་གི་ཚིག་རྐང་རིང་ཐུང་གི་རྨང་གཞིའི་རྩ་འཛིན།
- ཚིགས་བཅད་ནང་གི་ཐ་སྙད་སྒྱུར་ཆེད་དུ་དོན་གཅིག་མིང་གི་རྣམ་གྲངས་འདྲ་མིན་ལས་བྱེ་བྲག་པ་ཞིག་འདེམས་སྐབས་ཚིག་རྐང་རིང་ཐུང་ལ་བསམ་ཞིབ།
- ཀློག་པ་པོའི་གོ་རྟོགས་ལ་ཤུགས་རྐྱེན་བཟོ་བའི་དབྱིན་ཡིག་གི་ཁ་སྐད་ཚིག་དོན་ལ་བསམ་ཞིབ།
- དབྱིན་ཇི་དང། ཨ་རི། རྒྱ་གར་བཅས་ཀྱི་དབྱིན་ཡིག་ནང་མིང་ཚིག །འབྲི་ཚུལ། ཡི་གེའི་མཚམས་རྟགས་ཀྱི་ཁྱད་བར།
- ཕོ་ཚིག་མོ་ཚིག་གི་གནད་དོན་ལ་དོ་སྣང་དགོས་པ་དང་བྱེད་པ་པོ་ཕོ་མོ་ངེས་མེད་ཀྱི་སྐབས་གང་ཟག་གསུམ་པའི་ཚབ་ཚིག་ཁོ་ཞེས་པ་ཙམ་མིན་པར་ཁོའམ་མོ་ཞེས་སྒྱུར་དགོས་པ།
- ཐུན་མིན་གྱི་ནང་དོན་རིག་པའི་ཐ་སྙད་ཚང་མ་དབྱིན་ཡིག་ནང་སྒྱུར་བའམ་ཁ་ཤས་ལེགས་སྦྱར་གྱི་ནང་འཇོག་པ། ཡང་ན་ཁ་ཤས་དབྱིན་ཡིག་དང་ལེགས་སྦྱར་གཉིས་ཐུན་མོང་དུ་སྒྱུར་བ་སྟེ། དཔེར་ན། བྱང་ཆུབ་སེམས་སྒྱུར་དུས་ “dedicated heart, bodhichitta” ཡང་ན། “dedicated heart of bodhichitta” སོགས་བསྒྱུར་བའི་དགེ་མཚན་དང་སྐྱོན་ཆ།
- འགྱུར་གྱི་ཐ་སྙད་འདམ་ག་ལས་དེ་དག་ཕལ་ཆེ་བ་གང་ཐུབ་ཀྱི་རན་ཞིང་འཚམ་པ་ཞིག་འོང་ཆེད་དུ་བོད་བརྒྱུད་ནང་བསྟན་གྱི་ལུགས་འདྲ་མིན་གྱི་རྩོམ་པ་པོ་འགའ་ཞིག་གིས་མཛད་པའི་ཐུན་མིན་ཐ་སྙད་ཀྱི་དོན་ལ་གོ་སྡུར་བྱེད་དགོས་པ།
- ཐུན་མིན་གྱི་ཐ་སྙད་“ཆོས་”ལྟ་བུར་དོན་གཅིག་ལས་མང་བ་ཡོད་པས། དེ་དག་ཚང་མ་དབྱིན་ཇིའི་ཐ་སྙད་གཅིག་གིས་གོ་དོན་ཆ་ཚང་བ་སྤྲོད་མི་ཐུབ་པ་དེ་འདྲ་སྒྱུར་བའི་སྐབས་སུ་བསྟུན་བདེའི་རང་བཞིན་དགོས་པ།
- ནང་དོན་རིག་པའི་ཐུན་མིན་ཐ་སྙད་ཁ་ཤས་ཏེ། ཤེས་རབ་དང་ཡེ་ཤེས་ལྟ་བུ་སྒྱུར་བའི་སྐབས་དབྱིན་ཇིའི་ཐ་སྙད་ wisdom ལྟ་བུ་གཅིག་ཁོ་ན་སྤྱོད་པ་འདིས་མ་ཡིག་ཐ་སྙད་གཉིས་ཀྱི་ཁྱད་པར་ཉམས་འགྲོ་བས་དེ་སྤོང་བ།
- ཚིག་མཛོད་ཀྱི་ཚད་འཛིན།
- དབྱིན་བོད་ཀྱི་ཐ་སྙད་ཕན་ཚུན་མཉམ་པར་སྣང་བ་དཔེར་ན། སེམས་དང་ mind ལྟ་བུའི་ཐུན་མིན་གྱི་གོ་དོན་གྱི་ཁྱད་པར་ལ་དོ་སྣང་བྱེད་གལ་ཆེ་བ་དང། སེམས་ལྟ་བུའི་ཐ་སྙད་ལ་དབྱིན་ཇིའི་ཐ་སྙད་ mind ཡང་ན་ heart ཞེས་སྐབས་དོན་ལ་གཞིགས་ནས་སྒྱུར་དགོས་པ།
- བོད་ཚིག་ཁ་ཤས་དབྱིན་ཡིག་གི་ཚིག་འགྲོས་རིང་པོ་དང་བསྡུས་པ་གཉིས་ཀའི་ནང་ཡོད་པ་དཔེར་ན། བྱང་ཆུབ་སེམས་ལ་དབྱིན་ཡིག་ནང་ heart dedicated to full enlightenment ཡང་ན་ dedicated heart ལྟ་བུ་བསྒྱུར་བའི་དགོས་མཁོ།
- དམིཌ་བསལ་དུ་ཀློག་འདོན་དང་ཉམས་ལེན་གྱི་ཆེད་དུ་ཡིན་པའི་འགྱུར་གྱི་སྐབས་སུ་བོད་པའི་ཐ་སྙད་ཀྱི་འགྱུར་འདི་ཉིད་སྐབས་དོན་གྱི་བཅད་ལྷུག་གཉིས་ཀའི་ནང་འོས་འཚམས་འོང་བའི་སྙོམ་སྒྲིག་བྱེད་པ།
- བཅོམ་ལྡན་འདས་ཞེས་པ་ལྟ་བུའི་བོད་ཚིག་ཐུན་མིན་གྱི་སྒྲ་ཚིག་ཚང་མ་དབྱིན་ཚིག་ནང་དུ་ the one who overcame and gained all ཞེས་པ་ལྟ་བུར་སྒྱུར་བའམ། ཡང་ན་ལེགས་སྦྱར་གྱི་ཐ་སྙད་བྷག་ཝཱན་ཞེས་པའི་གོ་དོན་བཞིན་དུ་དབྱིན་ཚིག་ཏུ་ consummate one ལྟ་བུར་སྒྱུར་བའི་དགེ་སྐྱོན།
- ཐུན་མིན་གྱི་ཐ་སྙད་དགྲ་བཅོམ་པ་ལྟ་བུ་དབྱིན་ཇིའི་བརྗོད་པའི་ནང་ངེས་ཚིག་གམ་ཐ་སྙད་སྒྲུབ་ཚུལ་ལས་གཞན་པའི་གོ་བརྡ་སྤྲོད་པའི་ཚིག་ liberated being ལྟ་བུར་སྒྱུར་བའི་དགེ་མཚན་དང་སྐྱོན་ཆ།
- ས་ཆའི་མིང་རྣམས་དཔེ་དེབ་ཀྱི་ནང་དུ་གསལ་བའི་ལོ་རྒྱུས་ཀྱི་དུས་རབས་ཀྱི་བེད་སྤྱོད་ལ་གཞིགས་ནས་སྒྱུར་བ། དཔེར་ན། དུས་རབས་བདུན་པའི་དཔེ་དེབ་ནང་དུ་ལྷ་སའི་དོད་དུ་ར་ས་ཡོད་པ་སོར་གནས་ཀྱིས་སྒྱུར་བ་ལྟ་བུ།
- བོད་པའི་མིང་ངོ་མ་རྣམས་ལ་སྒྲ་སྒྱུར་དང་སྒྲ་གདངས་ཡིག་འབེབས་ཀྱི་ལུགས་སྤྱོད་པ།
- བསྡུས་པའམ་བསྟོད་པའི་མིང་དང་མཚན་གནས་རྗེ་རིན་པོ་ཆེའམ། ཡང་ན་བླ་མ་རྡོ་རྗེ་འཆང་ལྟ་བུ་སྒྱུར་བ།
- སྙན་ངག་གི་གཟུགས་རྒྱན་དཔེར་ན། མེ་ཏོག་པདྨར་ཆུ་སྐྱེས་ལྟ་བུ་སྒྱུར་བ།
- སྟབས་མི་བདེ་བའི་གློག་ཀླད་ཀྱི་ཡིག་སྒྱུར་བྱེད་སྟངས་སྤོང་རྒྱུ་གལ་ཆེ་བ།
- དབྱིན་ཡིག་གི་བརྡ་སྤྲོད་དང་། འབྲི་ཚུལ། མིང་ཚིག་བཅས་ཀྱི་གནད་རིམ་ལེགས་པོ་བཅས་སོ།།
གཏམ་བཤད་བྱེད་མཁན་གྱི་སྐུ་མགྲོན་ཁ་ཤས་ཀྱིས་ཟབ་སྦྱོང་གཏམ་བཤད་གནང་ཡོད། ལྡི་ལི་གསར་པའི་ནང་གི་རྒྱ་གར་རིག་གཞུང་གི་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ལོ་ཀེཤ་ཙནྡྲ་ Dr. Lokesh Chandra མཆོག་གིས་གསུང་བཤད་རིམ་པ་གཉིས་གནང། གསུང་བཤད་དང་པོའི་ནང་འབུམ་རམས་པ་ཙནྡྲ་མཆོག་ནས་སྤྱིར་རྒྱལ་སྤྱིའི་འགྲོ་ལུགས་དང་ཁྱད་པར་དུ་སྐབས་དོན་བོད་བརྒྱུད་ནང་བསྟན་གྱི་ནང་གི་ཡིག་སྒྱུར་གྱི་ལོ་རྒྱུས་སྐོར་ལ་བཀའ་མོལ་གནང་ཡོད། ཁོང་གིས་སྔ་མོའི་རྒྱ་བོད་གཉིས་ཀྱི་ཡིག་སྒྱུར་རུ་ཁག་རྣམས་ཀྱིས་སྤྱད་པའི་སྲོལ་རྒྱུན་གྱི་ཐུན་མིན་ཐབས་ཚུལ་ཁ་ཤས་ལ་བགྲོ་གླེང་དང་བརྗོད་པ་བདེ་པོ་དང་གསར་གཏོད་དགོས་པ་ནན་པོར་གསུངས། ཁོང་གིས་བོད་ཡིག་དེ་བཞིན་འཛམ་གླིང་ནང་གི་སྔ་རབས་སྐད་ཡིག་ཆེན་པོ་དྲུག་གི་ནང་ནས་གཅིག་སྟེ། ལེགས་སྦྱར་སྐད་ཡིག་དང། ལེ་ཊིན་སྐད་ཡིག །གྷི་རིག་སྐད་ཡིག །རྒྱ་ཡིག །ཨ་རབ་སྐད་ཡིག་བཅས་ཀྱི་ཁ་སྣོན་ཡིན་པའི་ཐེར་འདོན་གནང་བ་དང། ལེགས་སྦྱར་སྐད་ཀྱི་རྗེས་སུ་བོད་ཡིག་དེ་བཞིན་གྲུབ་མཐའི་རྣམ་གཞག་མགོ་རྙོག་པོ་དང་རིགས་ལམ་བརྗོད་རྒྱུར་སྐད་ཡིག་གཞན་བཞི་ལས་ཁྱབ་ཆེ་ལ་ཞིབ་ཅིང་ཕྲ་བ་ཞིག་ཡིན་པར་གསུངས་གནང་སོང་། གནད་དོན་འདིས་རྩ་བའི་གཞུང་བོད་ཡིག་གི་རྙོག་འཛིངས་དང་སྤྲོས་པ་རྣམས་བརྗོད་པའི་དེང་དུས་སྐད་ཡིག་དག་གི་ནུས་པའི་སྐོར་ལ་འོག་གི་བགྲོ་གླེང་སྣེ་ཁྲིད་བྱས།
འབུམ་རམས་པ་ལོ་ཀེཤ་ཙནྡྲ་མཆོག་གི་གསུང་བཤད་གཉིས་པའི་ནང་ཁོང་གིས་སྲིད་པའི་དཔལ་ཡོན་གྱི་འཕེལ་རྒྱས་ཐོག་གི་ཡིག་སྒྱུར་གྱི་ཤུགས་རྐྱེན་དང་། རིག་གཞུང་བརྒྱུད་སྤྲོད་ནང་གི་ཡིག་སྒྱུར་བའི་འགན་འཁྲིའི་ཐོག་རྒྱས་བཤད་གནང་། ལེགས་སྦྱར་ལས་རྒྱ་ཡིག་ཏུ་སྒྱུར་བའི་དཔེ་མཚོན་ཐོག་ལ་དོ་སྣང་སྤྲད་ནས་ཁོང་གིས་རིག་གཞུང་གི་ཐོག་ནས་ལྟ་བ་བྱེ་བྲག་པ་རྣམས་རྣམ་དཔྱོད་ཡངས་བའི་ཐོག་ནས་སྤྱི་ཚོགས་གཞན་གྱི་སྐད་ལུགས་སུ་བསྒྱུར་ཡོད་པའི་ཐུན་མིན་ཐབས་ཚུལ་ཁ་ཤས་དཔེ་དང་བཅས་པར་གསལ་བཤད་གནང་། དེ་བཞིན་ཁོང་གིས་སྔ་མོ་ལེགས་སྦྱར་དང་ཤན་སྦྱར་གྱི་བྱེ་བྲག་རྟོགས་བྱེད་ཆེན་པོར་ཐུན་མིན་གྱི་འགྱུར་གྱི་ཐ་སྙད་གཏན་འབེབས་གནང་བའི་སྐབས་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཐ་སྙད་ཕན་ཚུན་ཞིབ་བསྡུར་མཛད་པའི་རྒྱུ་མཚན་རྣམས་འགྲེལ་བརྗོད་གནང་སོང་། ཐ་སྙད་ཁ་ཤས་ཀྱི་གོ་དོན་གྱིས་བོད་ཀྱི་གདོད་མའི་ཁྱིམ་རྒྱུད་ཀྱི་སྤྱི་ཚོགས་མཚོན་ཐུབ་ཀྱི་མེད་པར་བརྟེན་ལོ་ཙཱ་བ་རྣམས་ལ་ཐ་སྙད་གསར་བཟོའི་ཐ་སྙད་རིག་པར་གཞི་བཅོལ་རྒྱུ་ལས་ལྷག་མེད། དེང་དུས་སྐད་ཡིག་ནང་དེ་འདྲའི་གནད་དོན་མེད་ཙང་། འབུམ་རམས་པ་ཙནྡྲ་མཆོག་གིས་དེང་གི་དུས་སུ་ཐ་སྙད་སྒྲུབ་ཚུལ་བཞིན་དུ་སྒྱུར་མི་དགོས་པའི་བསམ་ཚུལ་གནང་བ་རེད།
ཨ་རིའི་ཨིནྜི་ཡ་ན་ Indiana གཙུག་ལག་སློབ་གཉེར་ཁང་གི་དབུས་ཨེ་ཤི་ཡའི་ཉམས་ཞིབ་སྡེ་ཚན་ནས་བོད་རིག་པའི་ཕྱག་སྦྲེལ་སློབ་དཔོན་འབུམ་རམས་པ་ཨེ་ལིའོཊ་སི་པཱར་ལིང་ Dr. Elliot Sperling མཆོག་ནི་ད་ལྟའི་འཆར་ལྡི་ལི་གསར་པའི་ཇ་ཝ་ཧར་ལཱལ་ནེ་རུ་ Jawaharlal Nehru གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པའི་ཧྥུལ་བྷ་ར་ཡེཊའི་ Fulbright གདན་ཞུས་སློབ་དཔོན་ཞིག་༼ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་དུ་གཏོང་བའི་གདན་ཞུས་སློབ་དཔོན་ཞིག་༽ ཡིན་ཞིང་། ཁོང་གིས་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་སྒྱུར་བའི་ཐབས་ཚུལ་གྱི་རིམ་པའི་དཀའ་ངལ་ཡོད་པ་གང་ཟག་དང་ས་ཆའི་མིང་ངོས་འཛིན་ལྟ་བུའི་སྐོར་ལ་གསུང་བཤད་གནང། ཁོང་གིས་ཞོར་འཕྲོས་སུ་མཚན་བྱང་དང་ཟླ་དུས་ཚེས་གྲངས་སྒྱུར་བའི་བརྗོད་གཞིའི་ཐོག་གླེང་བ་དང་། ཡིག་སྒྱུར་གྱི་འབད་རྩོལ་མ་བསྟེན་པའི་སྔ་རོལ་དུ་ཞིབ་བརྟག་གི་མ་དཔེ་འདྲ་མིན་གུང་སྒྲིག་རྒྱུའི་དོན་དུ་དཔེ་དེབ་ཀྱི་དཔར་མ་སྣ་ཚོགས་ལ་ལྟ་ཞིབ་ཀྱི་གལ་ཆེའི་རང་བཞིན་ལ་ནན་བཤད་གནང། ཁོང་གིས་ད་དུང་བོད་པའི་མིང་རྣམས་ཚན་རིག་དང་མཐུན་པའི་སྒྲ་སྒྱུར་དག་ཆའི་ནང་མཚོན་དགོས་པ་ལས་བོད་པའི་སྒྲ་གདངས་ཀྱི་སྒྲ་ཕབ་བཞིན་མཚོན་པར་མི་བྱེད་པའི་དགེ་མཚན་གྱི་ཐོག་ལ་བཀའ་མོལ་གནང་བ་རེད། རྗེས་སུ་མཁས་དབང་སི་པཱར་ལིང་མཆོག་ནས་ཟབ་སྦྱོང་ལ་བཅར་མཁན་ཚང་མར་ཁོང་གིས་གྲ་སྒྲིག་གནང་བའི་བོད་རིག་པར་ཞིབ་འཇུག་དང་ཡིག་སྒྱུར་ཆེད་འདེམ་སྒྲུག་བྱས་པའི་ཐབས་ལམ་གྱི་དཔེ་དེབ་ཀྱི་ཐོ་གཞུང་ཞིག་མཁོ་སྤྲོད་གནང་། དེའི་ནང་དཔེ་དེབ་ཀྱི་ཐོ་གཞུང་ཆེ་བ་ཁག་དང་། འདེམ་སྒྲུག་བྱས་པའི་ཚིག་མཛོད། དུས་རྩིས་རེའུ་མིག་ལོ་རྒྱུས། ས་བཤད་དང་འབྲེལ་བའི་གནས་ཚུལ་དང་རྣམ་ཐར་ཕྱོགས་བསྡུས་སོགས་འཚུད་ཡོད།
ལྡི་ལི་གསར་པའི་ནང་ཡོད་ཇ་ཝ་ཧར་ལཱལ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་ཤར་ཨེ་ཤི་ཡའི་སྐད་ཡིག་གི་ལྟེ་གནས་ཁང་དུ་ཉི་ཧོང་སྐད་ཡིག་གི་སློབ་དཔོན་འབུམ་རམས་པ་སཏྱ་བྷུ་ཤན་ཝརྨ་ Dr. Satya Bhushan Verma མཆོག་གིས་ཀྱང་ཟབ་སྦྱོང་ལ་གསུང་བཤད་རིམ་པ་གཉིས་གནང། རིམ་པ་དང་པོ་དེ་ཡིག་སྒྱུར་གྱི་ཐབས་ཚུལ་དང་འབྲེལ་བའི་སྐོར་ལ། ཁོང་གིས་མ་ཡིག་གི་རང་བཞིན་དང་འབྲི་སྲོལ་ལ་གཞིགས་ཏེ་འགྱུར་གྱི་འབྲི་སྲོལ་བབས་བསྟུན་གྱི་འགྱུར་བ་གཏོང་བ་སྟེ། སྒྱུར་བ་པོ་དང་ཆེད་དུ་བྱ་བའི་ཀློག་པ་པོའི་དམིགས་ཡུལ་ལ་སོགས་པའི་བརྗོད་གཞིའི་ཐོག་གླེང་མོལ་གནང་བ་དང་། དེ་ནས་ཞེ་སའི་སྐད་ཡིག་དང་གཏམ་དཔེ་སྤྱོད་སྟངས་ཀྱི་གནད་དོན་ཏེ། སྒྱུར་ཡུལ་སྐད་ཀྱི་ནང་རང་བཞིན་དུ་གནས་དགོས་རྒྱུར་དོ་གལ་བྱེད་དགོས་སྐོར། སྒྱུར་བྱའི་དཔེ་དེབ་ནང་གི་གོ་དོན་གཉིས་ལྡན་དང་དེ་མིན་འབྲི་སྲོལ་གྱི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་པའི་ཚུལ། དེ་བཞིན་ཁོང་གིས་ཡིག་སྒྱུར་འགོ་མ་འཛུགས་པའི་སྔོན་དུ་འབྲི་སྲོལ་དང་། དཔེ་དེབ་ཀྱི་རྩོད་པ་ལྷུག་པོར་སྨྲ་བའི་ཚུལ། ཐུན་མིན་ཀྱི་ཐ་སྙད་བེད་སྤྱོད་ལ་རྒྱུས་མངའ་འོང་རྒྱུར་དཔེ་དེབ་ཀྱི་ནང་དོན་རྣམས་ཆ་ཚང་ཀློག་དགོས་པ་ནན་པོར་གསུངས་པ་མ་ཟད། དོན་གྱི་གནས་ཆུང་ཤོས་དེ་ཚིག་གྲུབ་ནང་མ་གཏོགས་ཚིག་དང་བརྗོད་པའི་ཆ་ཤས་ནང་ཕན་ནུས་ཐོན་གྱི་ཡོད་པའི་སྐོར་ནན་བཤད་གནང་ཡོད།
སློབ་དཔོན་ཝར་མའི་གཏམ་བཤད་གཉིས་པ་དེ་རིག་གཞུང་གི་རྒྱུ་ཆ་ཁྱད་པར་བའི་འགྱུར་དང་འབྲེལ་ཡོད་པ་རེད། ཁོང་གིས་ཚིག་ཙམ་སྒྱུར་བ་མ་ཡིན་པར་ཚིག་དེའི་རྒྱབ་ཀྱི་བསམ་བློ་བསྒྱུར་དགོས་པ་དང་། ཚིག་རྣམས་ནི་ཚིག་མཛོད་ནང་ནས་རྙེད་པའི་ཚིག་ཙམ་མིན་ཞེས་དང་། ཚིག་རེ་རེའི་རྒྱབ་ལ་ལོ་རྒྱུས་ཤིག་ཡོད་པ་ནི་དེ་བྱུང་སའི་སྤྱི་ཚོགས་ཀྱི་མྱོང་བའི་ནང་མཉམ་སྤྱོད་བྱེད་ཀྱི་ཡོད། དམིགས་འབེན་སྤྱི་ཚོགས་ལ་ཚིག་དེ་སྒྱུར་བའི་མྱོང་བ་དེ་མེད་ཚེ། ཡིག་སྒྱུར་བ་སྒེར་གྱི་ཐོག་ནས་སྐད་ཡིག་གཉིས་ཙམ་མ་ཟད་སྤྱི་ཚོཌ་གཉིས་དང་ཁོང་ཚོའི་མྱོང་བར་ཤེས་རྟོགས་ཡག་པོ་ཡོད་པ་ནི་མེད་དུ་མི་རུང་བ་ཡིན། དེ་ལྟར་བྱུང་ན་ཡིག་སྒྱུར་བས་ཚིག་གང་ཞིག་གི་རྒྱབ་ཀྱི་བསམ་ཚུལ་མྱོང་ཐུབ་པའི་དུས་ཁོ་ནར་ཁོའམ་མོས་རིག་གཞུང་གཞན་དེའི་ཀློག་པ་པོར་ཚིག་དེའི་གོ་དོན་གྱི་མྱོང་བ་བརྒྱུད་སྤྲོད་ཐུབ་པ་ཡིན་ཞེས་གསུངས།
ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་ཕྱག་སྦྲེལ་འགན་འཛིན་སྐུ་ཞབས་པདྨ་འབུམ་ལགས་ཀྱིས་རྟོག་སྒྲུང་གི་དཔེ་དེབ་བསྒྱུར་རྒྱུར་དམིགས་བཀར་གྱི་གནད་དོན་གླེང། ཁོང་གིས་རྟོག་སྒྲུང་དང་སྒྲུང་ནང་དུ་བཤད་པའི་གནས་སྟངས་དང་བཀོད་པ་ཡིད་ལ་འཆར་རྒྱུའི་བསམ་ཚུལ་བཏོན་ཞིང་། གལ་ཏེ་དེ་དག་ཡིག་སྒྱུར་བའི་སེམས་ལ་གསལ་པོ་མངོན་ཐུབ་ཚེ། ཡིག་སྒྱུར་བས་དེ་དག་དེ་བས་གསོན་ཉམས་དོད་པའི་སྒོ་ནས་བསྒྱུར་ཐུབ་པའི་སྐོར་གསུངས།
ལྡི་ལི་གསར་པའི་ནང་གི་འབྱུང་རིག་གི་ཨིནྡྲ་གཱན་དྷི་རྒྱལ་ཡོངས་བཟོ་རིག་ལྟེ་གནས་ཁང་གི་ཤེས་ཡོན་འགན་འཛིན་དང་། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གསར་འཛུགས་གནང་མཁན་འབུམ་རམས་པ་ཀ་པིལ་ཝཏྶྱ་ཡན་ Dr. Kapila Vatsyayan མཆོག་གིས་བཅད་ལྷུག་གཉིས་ཀའི་འགྱུར་གྱི་ནང་ཚིག་རྐང་དང་ནང་དོན་གཉིས་ཀའི་ཐོག་བསམ་ཞིབ་བྱེད་དགོས་གལ་ཆེའི་རང་བཞིན་གྱི་སྐོར་གསུངས་བ་དང་བཅས་ལེགས་སྦྱར་དང་བོད་ཀྱི་སྐད་ཡིག་གཉིས་ཀར་མང་པོ་ཞིག་བློ་འཛིན་དང་ཀློག་འདོན་ལ་ཆེད་དུ་དམིགས་པར་བརྟེན་རྒྱུ་ཆ་དེ་དག་དེང་དུས་སྐད་ཡིག་ནང་སྒྱུར་བའི་སྐབས་ངེས་པར་དུ་མ་མཐར་ཡང་སྒྲ་དོན་དབར་གྱི་སྦྲེལ་མཐུད་ཀྱི་དྲོ་བ་ཞིག་བརྒྱུད་སྤྲོད་བྱེད་དགོས་པ་དང། ཐ་སྙད་རྣམས་ཇི་ལྟར་ཆོས་ཕྱོགས་ནས་སྐྱོང་བའི་གཞུང་ཞིག་གི་གཙོ་བོ་དང་ཞར་བྱུང་གི་གོ་དོན་དང་རྗེས་གྲུབ་ཐ་སྙད་དང་ལྷན་དུ་ལྟ་ཚུལ་གྱི་ཐོག་ནས་རྙོག་འཛིངས་ཅན་ཡིན་པའི་ཚུལ་འགྲེལ་བརྗོད་གནང། ཚངས་པ་ Brahma དང་ཚངས་རིགས་ brahmin བྲམ་ཟེ། ཚངས་སྤྱོད་ brahmacarya བཅས་ཀྱི་ཚིག་ལྟ་བུའི་དབར་ལ་སྦྲེལ་མཐུད་དེ་ཡིག་སྒྱུར་ནང་སོར་གནས་བྱེད་དགོས་པའམ་སོར་གནས་བྱེད་ཐུབ་མིན་གྱི་དྭོགས་འདྲི་གནང་བ་རེད། ཁོང་མོས་ད་དུང་ཨ་པ་ཝཱ་ད་ exception དམིགས་ཀྱིས་གསལ་བ་སྟེ། ལམ་ལུགས་ལ་མ་གཏོགས་པའི་རྩ་འཛིན་ཁས་ལེན་གྱི་རྒྱ་གར་གྱི་གྲུབ་མཐའི་རྣམ་གཞག་གྱི་སྐབས་དོན་འབྲེལ་བ་འགྲེལ་བརྗོད་གནང། ཡིག་སྒྱུར་བས་ངེས་པར་དུ་སྒྲིག་སྲོལ་ལམ་ལུགས་གང་གིས་སྒྲུབ་པ་དང་དམིགས་བསལ་བ་རྣམས་གང་གིས་སྒྲུབ་པ་ཤེས་དགོས་ཤིང་། མྱོང་བ་རྨང་གཞིར་བཞག་ནས་བརྡ་སྤྲོད་ཀྱི་ནང་དང་སྙན་ངག་གི་གཞུང་ཞིག་གི་ནང་དུ་བསྡུས་ཚིག་རྣམས་སྤྱོད་སྟངས་ལ་སོགས་པ་དམིགས་བསལ་བ་བཟོ་ཐབས་དང་འབྲེལ་བའི་རྣམ་དཔྱོད་ཀྱི་ནུས་པ་ལྡན་དགོས། ཡིག་སྒྱུར་བས་གློག་ཀླད་ཞིག་དང་འདྲ་བར་སྒྱུར་བཅོས་དཀའ་བ་བྱེད་མི་ཉན། འོན་ཀྱང་གསར་གཏོད་ཀྱི་རྣམ་པར་གནས་དགོས། ད་དུང་ཡང་འདོད་བློ་ཁེངས་ངེས་ཀྱི་ཐབས་ལམ་ཞིག་མེད་པར་བརྟེན་འགྱུར་གྱི་ཐ་སྙད་དང་ངག་ཐོག་ཡིག་འབེབས་ཀྱི་ལམ་ལུགས་དུས་སུ་མ་སྨིན་པའི་ཚད་ལྡན་བཟོ་བའི་རང་བཞིན་ལ་ཁ་གཏད་དུ་འབུམ་རམས་པ་ཀ་པིལ་ཝཏྶྱ་ཡན་མཆོག་གིས་དྭོགས་ཟོན་བྱེད་དགོས་སྐོར་གསུངས།
ལྡི་ལི་གསར་པའི་ནང་ཡོད་ཧང་གྷེ་རིའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་དང་། སྦུ་ད་པེསྚ་ Budapest ཧང་གྷེ་རིའི་ཚན་རིག་སློབ་གཉེར་ཁང་གི་དབུས་ཨེ་ཤི་ཡའི་ལྷན་ཁང་གི་ཉམས་ཞིབ་ལས་རོགས་འབུམ་རམས་པ་གྷེ་ཛཱ་སྦེ་ཐེ་ལེན་ཧྥལ་ཝི་ Dr. Geza Bethlenfalvy ལགས་ཀྱིས་བོད་ཀྱི་སྐད་ཡིག་ནས་སོག་པའི་སྐད་ཡིག་དང་གནའ་རབས་ཨེ་ཤི་ཡའི་སྐད་ཡིག་ནས་ཧང་གྷེ་རིའི་སྐད་ཡིག་དུ་ཡིག་སྒྱུར་བྱས་པའི་ཉམས་མྱོང་སྐོར་གསུངས། ཁོང་གིས་སྙན་ངག་པ་རྣམས་ལོ་ཙཱ་བ་ཆགས་པ་བྱེད་དགོས་པ་དང་ཁོང་ཚོའི་ཡིག་སྒྱུར་ལས་སྙན་ངག་བསྐྲུན་ཐབས་བྱེད་དགོས་པའི་ནན་བཤད་གནང་། ཁོང་གིས་ད་དུང་སོག་པོའི་ནང་དུ་ནང་ཆོས་བྱུང་བའི་རྗེས་དུས་རབས་ཁ་ཤས་སོང་བའི་ནང་ཆོས་སྒྱུར་སྤེལ་གྱི་གནད་དོན་བཞིན་འགྱུར་གྱི་ཆེད་དུ་བྱ་བའི་ཡུལ་གྱིས་བསྒྱུར་བྱའི་དོན་གྱི་སྐོར་ལ་ཤེས་རྟོགས་ཟབ་མོ་ཡོད་བཞིན་པ་རྣམས་ཀྱི་ཆེད་དུ་སྒྱུར་གྱིན་ཡོད་ན་མ་གཏོགས་དེ་མིན་དཔེ་དེབ་ཁ་གསལ་ཐོག་ནས་ཕྱིའི་ཐ་སྙད་ཉུང་ངུ་ཞིག་ལས་མ་སྤྱད་པར་སྒྱུར་ནས་ལས་དང་པོ་བ་རྣམས་ཀྱིས་དེའི་དོན་བདེ་བླག་ཏུ་རྟོགས་ཐུབ་པ་དགོས་གལ་གྱི་གནད་དོན་གསུངས།
ཟབ་སྦྱོང་གི་ཉམས་ཞིབ་པ་གཉིས་པོས་ཀྱང་ཚོགས་བཅར་བ་རྣམས་ལ་གཏམ་བཤད་སྤེལ། འབུམ་རམས་པ་ཨེ་ལེགས་ཛེན་ཌར་བྷར་ཛིན་ Dr. Alexander Berzin མཆོག་ནས་འབྲི་སྲོལ་དང་མིང་ཚིག་ནང་གི་དཀའ་ངལ་སྐོར་དང་། ཐད་སྒྱུར་དང་དོན་སྒྱུར་ཆེ་དྲགས་པའི་དབར་གྱི་ལམ་དབུ་མ་ཞིག་འཚོལ་དགོས་ཤིང་། ཁྱད་པར་དུ་རྩ་བའི་གཞུང་གིས་འགྲེལ་བ་སྣ་ཚོགས་པར་སྒྲོམ་གཞི་ལྟ་བུའི་དགོས་མཁོ་སྒྲུབ་པ་དགོས་སྐོར་ནན་བཤད་དང། དེ་བཞིན་དུ་ལོ་ཙཱ་བས་དབྱིན་ཇིའི་སྐད་ཡིག་ནང་འབྲེལ་མེད་ཡེ་ཤུའི་གོ་དོན་ཁྱད་པར་བའམ། ལྟ་བའི་གོ་དོན་ལོག་པ། ཡང་ན་ཤིན་ཏུ་མི་འཚམ་པའི་སེམས་ཚོར་གྱི་ཤུགས་བསྟན་གང་རུང་ཡོད་པའམ། དེ་མིན་ཏག་ཏག་མིན་པའམ། བརྗོད་པ་མི་བདེ་བ། ཡང་ན་གོ་དོན་མེད་པའི་བརྗོད་པ་གང་རུང་ཡིན་པའི་ཐུན་མིན་ཐ་སྙད་སྤྱད་པའི་ཉེར་ལེན་ལས་ནུབ་ཕྱོགས་པའི་དབུས་སུ་གོ་འཛོལ་འབྱུང་བཞིན་ཡོད་སྐོར་ཁོང་གིས་མཛུབ་སྟོན་གནང་བ་མ་ཟད། ད་དུང་ཁོང་གིས་ནང་ཆོས་ཀྱི་འགྱུར་ནང་ལེགས་སྦྱར་གྱི་སྐད་ཇི་ཙམ་སྤྱོད་དགོས་ཚུལ་དང་དབྱིན་ཇིའི་སྐད་ཡིག་འབྲི་སྲོལ་གྱི་འདམ་གའི་ནང་གི་དཀའ་ངལ་གྱི་གནད་དོན་ཐད་ལ་གསུང་བཤད་གནང་།
ཐུབ་བསྟན་རི་རྐེད་ལགས་ཀྱིས་བོད་ཀྱི་ནང་དོན་རིག་པ་དང་ཆོས་དང་མ་འབྲེལ་བའི་རྩོམ་རིག་གི་འབྲི་སྲོལ་མི་འདྲ་བའི་ལོ་རྒྱུས་དང། རང་རང་སོ་སོར་བྱེ་བྲག་ཏུ་འཕྲད་པའི་འགྱུར་གྱི་དཀའ་ངལ་ཐོག་ལ་གསུང་བཤད་གནང། ཁོང་གིས་རྩོམ་པ་པོ་སོ་སོའི་འབྲི་སྲོལ་རེ་རེ་ནས་དབྱིན་ཇིའི་སྐད་ཡིག་གི་འབྲི་སྲོལ་འདྲ་མིན་ནང་སྒྱུར་དགོས་པ་ནན་པོར་གསུངས། གལ་ཏེ་མ་དཔེ་ཚང་མ་ཡིག་སྒྱུར་བས་གྲ་སྒྲིག་བྱས་པ་དེ་དབྱིན་ཇིའི་སྐད་ཡིག་གི་འབྲི་སྲོལ་གཅིག་མཚུངས་ནང་ཡོད་ཚེ། སྒྱུར་གཞི་སྐད་ཡིག་གི་ཕུན་སུམ་ཚོགས་པའི་རང་བཞིན་གྱི་བསྒྲུབ་བྱ་བརླག་འགྲོ་བ་ཡིན།
ལྷན་ཚོགས་ཀྱི་མཇུག་བསྡུའི་སྔོན་གྱི་ཉིན་མོར་བཞུགས་མོལ་བཀའ་བསྡུར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། འབུམ་རམས་པ་ཨེ་ལེགས་ཛེན་ཌར་བྷར་ཛིན་གྱིས་ཟབ་སྦྱོང་གི་ཐག་ཆོད་ཡིག་ཆ་སྡོམ་བརྒྱབ་ནས་སྙན་ཐོ་ཕུལ་བ་དང། དེ་ནས་ཐུབ་བསྟན་རི་རྐེད་ལགས་དང་། འབུམ་རམས་པ་ལོ་ཀེ་ཤ་ཙནྡྲ། འབུམ་རམས་པ་སཏྱ་བྷཱུ་ཤན་ཝརྨ། འབུམ་རམས་པ་ཀ་པི་ལ་ཝཏ་ས་ཡཱ་ཡན། འབུམ་རམས་པ་གྷེ་ཛཱ་སྦེ་ཐེ་ལེན་ཧྥལ་ཝི་རྣམས་ཀྱིས་སོ་སོའི་འགྲེལ་བརྗོད་དང་བསླབ་བྱ་གནང་།
ལྷན་ཚོགས་ཀྱི་ཉིན་མཐའ་མར་ཉམས་མྱོང་ཅན་རྣམས་དང་ཚོགས་བཅར་བ་ཚོས་བསམ་འཆར་ཕུལ། གཏམ་བཤད་པ་ཕལ་ཆེ་བས་ལོ་ཙཱ་བས་སོ་སོའི་མ་སྐད་ནང་དུ་སྒྱུར་རྒྱུ་དེ་ལས་སླ་བ་ཡོད་པའི་ནན་བཤད་གནང་བ་རེད། སོ་སོའི་མ་སྐད་ནང་བྲིས་པའི་བརྗོད་པ་བཞིན་དུ་སྐད་ཡིག་གཞན་གྱི་ནང་ཧ་ཅང་དཀའ་བ་ཡིན། དེར་བརྟེན་ཡིག་སྒྱུར་བྱེད་འདོད་ཡོད་པའི་དབྱིན་ཡིག་ཤེས་མཁན་གྱི་བོད་པ་ཚོས་སོ་སོའི་ཐོག་ནས་ཡིག་སྒྱུར་ཟིན་པའི་དབྱིན་ཡིག་གི་འགྱུར་གྲ་སྒྲིག་བྱེད་ཚུལ་ཤེས་རྒྱུར་སོ་སོའི་འབད་རྩོལ་ཡོངས་རྫོགས་བསྟེན་མི་དགོས་པ་དེས་སློབ་སྟོན་བྱས་ཡོད། དེ་བས་ཁོང་ཚོས་དབྱིན་འགྱུར་གྱི་རགས་ཟིན་གྲ་སྒྲིག་གིས་མ་སྐད་དུ་དབྱིན་ཇི་སྤྱོད་མཁན་ལས་རོགས་ལོ་ཙཱ་བ་ཞིག་ལ་མཉམ་རོགས་ཀྱིས་གོ་དོན་དང་གཞི་སྒྲོམ་ཤེས་རྟོགས་བྱས་ཚེ་ནུབ་ཕྱོགས་པའི་ལས་རོགས་དེས་བཅོས་སྒྲིག་བྱས་པའི་འགྱུར་ཞིག་གྲ་སྒྲིག་བྱེད་ཐུབ་པ་དེའམ། ཡང་ན་བོད་ཡིག་ནས་དབྱིན་སྒྱུར་བྱེད་སྐབས་དབྱིན་ཇིའི་གོ་དོན་དང་གཞི་སྒྲོམ་འགྲེལ་བཤད་བྱེད་ཐུབ་མཁན་གྱི་དབྱིན་ཇི་མ་སྐད་དུ་སྤྱོད་མཁན་ཞིག་དང་མཉམ་ལས་བྱེད་རྒྱུ་གཉིས་ལས་གང་རུང་ཞིག་ལ་དོ་སྣང་སྤྲད་ཚེ་ཕན་ཐོགས་ཆེ་བ་འོང། དེ་གཉིས་ཀའི་གནད་དོན་ཐད་བོད་པ་དང་ནུབ་ཕྱོགས་པ་ཚོ་མཉམ་དུ་ཟུང་འབྲེལ་བྱེད་པའི་རུ་ཁག་གི་འབད་རྩོལ་ལས་འགྲུབ་པའི་འགྱུར་གྱི་ལམ་སྟོན་བྱས་ཡོད།
དེར་བརྟེན་མ་འོངས་པའི་ནང་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན་གྱི་བོད་པའི་ལོ་ཙཱ་བ་རྣམས་ལ་ཟབ་སྦྱོང་འདི་འདྲ་བ་ཞིག་འཚོགས་རྒྱུའི་ལམ་སྟོན་བྱས་ཡོད། ཟབ་སྦྱོང་དེས་བོད་ཀྱི་ཕལ་སྐད་ནང་ ༼༡༽ ནང་ཆོས་ཀྱི་རྒྱུ་ཆ་དང་། ༼༢༽ བྱིས་པའི་དཔེ་དེབ། ༼༣༽ གསར་འགྱུར། ༼༤༽ ཆོས་ལུགས་གཞན་དང། ལྟ་གྲུབ། སེམས་ཁམས་རིག་པ། ཚན་རིག་གི་སོགས་ཀྱི་རྩོམ་རིག ། ༼༥༽ བཟོ་ལས་ཀྱི་རྩོམ་རིག་རྒྱུ་ཆ་སོགས་སྒྱུར་ཆེད་དུ་དགོས་མཁོ་ཆེ་བའི་ཐབས་རྩལ་ཐོག་དམིགས་པ་གཏད་ངེས་ཡིན།
གལ་ཏེ་ནང་ཆོས་ཐོག་གི་དཔེ་དེབ་འདང་ངེས་བཞིན་པ་བོད་ཀྱི་ཕལ་སྐད་ནང་མེད་པར་གནའ་བོའི་ཆོས་ལུགས་ཀྱི་སྐད་ཡིག་ནང་ཡོད་ཚེ། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་མི་སྐྱ་རྣམས་སོ་སོའི་རིག་གཞུང་དང་ཆོས་ལུགས་ལ་རྒྱ་ཆེར་རྨོངས་ནས་ལུས་རྒྱུ་རེད། དེས་ན་སོག་ཡུལ་གྱི་གནད་དོན་བཞིན་དུ་བོད་ལ་རང་བཙན་འཐོབ་པའི་དུས་རིག་གཞུང་གི་ཐེ་ཚོམ་དང་གནས་གྱར་མང་པོ་འོང་ངེས། དེའི་རྒྱུ་མཚན་ནི་བོད་པའི་ཕལ་སྐད་ནང་སོ་སོའི་ཕྱི་རོལ་པའི་ཆོས་ལུགས་དང་རིག་གཞུང་སྐོར་གྱི་རྩོམ་རིག་འོང་ངེས་ཀྱི་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་དང་ལྷན་དུ་འགྲན་བསྡུར་བྱེད་དཀའ་བ་འོང། དེས་ན་འགན་འཁྲི་དེའི་ཆེད་དུ་ནང་དོན་རིག་པའི་དཔེ་དེབ་རྣམས་གནའ་རབས་ཀྱི་སྐད་ལས་ཕལ་སྐད་ནང་དུ་ཐད་ཀར་སྒྱུར་བའི་ཐོག་ནང་ཆོས་ངོ་སྤྲོད་རྣམས་གོ་བདེ་བའི་དབྱིན་ཇིའི་སྐད་ཡིག་ནང་ཡོད་པ་དག་བོད་སྐད་དུ་སྒྱུར་ཚེ་ཕན་ཐོགས་ཆེན་པོ་འོང་བ་ཡིན། ནང་དོན་རིག་པའི་ཐ་སྙད་ནང་ཡོད་པའི་ཐུན་མིན་ཐ་སྙད་དང་མཉམ་པའི་ཕལ་སྐད་འཚོལ་རྒྱུར་དོ་སྣང་ཆེན་པོ་སྤྲོད་དགོས། སྔ་རབས་ཀྱི་ཐ་སྙད་རྣམས་དེང་དུས་ཀྱི་ཐ་སྙད་ནང་བསྒྱུར་རྒྱུའི་འབད་རྩོལ་གང་ཡང་མ་བསྟེན་པར་ཕལ་སྐད་ཀྱི་དཔེ་དེབ་ནང་དུ་ནང་འདྲེན་བྱས་ཚེ། མི་མང་པོ་ཞིག་གིས་དེ་དག་རྟོགས་མི་ཐུབ།
དེར་མ་ཟད། གལ་ཏེ་འཛིན་རིམ་ལྔ་པའི་རྗེས་བོད་པའི་ཕལ་སྐད་ནང་ཀློག་དེབ་མེད་ཚེ། རང་བཙན་འཐོབ་དུས་རང་བཞིན་གྱིས་མི་ཚོས་སློབ་གྲྭའི་སློབ་ཚན་ལས་རྒྱ་ཡིག་ནང་ཡོད་པ་རྣམས་ཕྱིར་འབུད་བྱ་འདོད་སྐྱེ་བས་དབྱིན་ཡིག་གམ་དེ་མིན་གྱི་སྐད་ཡིག་གཞན་མི་ཤེས་པའི་སློབ་ཕྲུག་རྣམས་གང་ཡང་སྦྱོང་རྒྱུ་མེད་པར་ལུས་པའི་ཉེན་ཁ་ཡོད་པ་རེད། དེས་ཤེས་ཡོན་གྱི་གནས་ཚད་དང་མ་འོངས་བོད་ཀྱི་གནད་དོན་ཐོག་འཇུག་འབྲས་ངན་པ་འོང་ངེས།
བོད་པས་གདོང་ལེན་བྱེད་བཞིན་པ་དང་འདྲ་བར་སོག་པོས་མྱོང་བའི་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུར་ཁོང་ཚོར་ཡིག་སྒྱུར་གྱི་ལས་འཆར་དང་ཟབ་སྦྱོང་འགོ་འཛུགས་བྱེད་རྒྱུར་རོགས་རམ་ཆེད་ཐབས་ལམ་འཚོལ་བའི་བསམ་ཚུལ་ཡང་བཏོན་ཡོད། སོག་པོ་ཚོར་ཡེ་ཤུའི་ཆོས་སྤེལ་མཁན་རྣམས་ཀྱི་འགྲན་རྩོད་ལ་གདོང་ལེན་བྱེད་རྒྱུར་ནང་ཆོས་ཀྱི་རྒྱུ་ཆ་རྣམས་སོག་པོའི་ཕལ་སྐད་ནང་མེད་པ་དང་། ཁོང་ཚོས་སློབ་གྲྭའི་ནང་ཨུ་རུ་སུའི་ཀློག་དེབ་བཀའ་འགོག་བྱེད་འདོད་ཡོད་པ་རེད།
མཐའ་མར་བོད་ནས་གསར་དུ་འབྱོར་བའི་སྐད་གཉིས་སྨྲ་བ་རྣམས་ལས་རྒྱ་བོད་ཀྱི་ལོ་ཙཱ་བ་གསར་འཇུག་བྱེད་རྒྱུ་དང་། བོད་ཀྱི་ནང་ཆོས་དཔེ་ཆ་རྣམས་རྒྱ་མིའི་ཕལ་སྐད་ནང་བསྒྱུར་རྒྱུར་སྦྱོང་བརྡར་ཆེད་ཁོང་ཚོར་ཟབ་སྦྱོང་འདི་འདྲ་བ་ཞིག་འཚོགས་རྒྱུའི་བསམ་ཚུལ་བཏོན་ཡོད། གལ་ཏེ་ཁོང་ཚོའི་ནང་ནས་དབྱིན་ཡིག་ཀྱང་ཤེས་མཁན་ཡོད་ཚེ། སྔོནའགྲོའི་ངོ་སྤྲོད་ཀྱི་དཔེ་ཆ་རྣམས་དབྱིན་ཡིག་ནས་རྒྱ་སྐད་དུའང་སྒྱུར་དགོས་པ་ཡིན།རྒྱ་མི་ཚོས་བོད་ཀྱི་ནང་ཆོས་དེ་བཞིན་ཁོང་རང་ཚོ་རྒྱའི་ངོ་བོ་ཞིག་ཏུ་འཛིན་གྱི་ཡོད་པར་བརྟེན་ཁོང་ཚོའི་ནང་དུ་དེ་ལ་དོ་དབྱིངས་བྱེད་མཁན་དེ་བས་མང་བ་ཡོད། ནང་ཆོས་ཐོག་གི་ཁུངས་ལྡན་དཔེ་དེབ་རྣམས་རྒྱ་རིགས་དེ་བས་མང་བས་ཀློག་ཐུབ་པ་དེའི་ཚོད་ཀྱིས་ཁོང་ཚོའི་སེམས་ལ་འགྱུར་ལྡོག་འབྱུང་ནས་རྒྱ་བོད་ཀྱི་ཞི་འཇམ་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་ངེས།
ཚོགས་བཅར་བ་དང། ཉམས་མྱོང་ཅན། གོ་སྒྲིག་པ་བཅས་ཚང་མས་ཟབ་སྦྱོང་དེ་ནི་དེར་གཏོགས་ཡོངས་ལ་རིན་ཐང་ཅན་གྱི་མྱོང་བ་ཞིག་ཡིན་པ་ཚོར་ཡོད། དེས་ལོ་ཙཱ་བའི་རིག་རྩལ་རྣོ་པོ་དང་ཡར་རྒྱས་གཏོང་བའི་གོ་སྐབས་སྤྲད་པ་ཙམ་མ་ཟད། ད་དུང་ཡིག་སྒྱུར་གྱི་མྱོང་བ་དང་རྟོགས་པ་སྤེལ་རེས་ཀྱི་འདུན་ས་ཞིག་བསྐྲུན་ཡོད། མཇུག་སྡོམ་དུ་ཉམས་མྱོང་ཅན་རྣམས་དང་ཚོགས་བཅར་བ་ཚོས་མཉམ་རུབ་ཀྱི་འབད་རྩོལ་ལ་བསྟེན་ནས་གྲ་སྒྲིག་བྱས་པའི་བློ་སྦྱོང་ཚིག་བརྒྱད་མའི་དབྱིན་སྒྱུར་ཞིག་ལྡི་ལི་བོད་ཁང་ལ་ཕུལ་བ་རེད།