ང་ཚོས་སྒོམ་ནི་ཆོས་ཉན་པ་དང་། བསམ་པ། སྒོམ་པ་བཅས་ཀྱི་རྒྱུད་རིམ་གྱི་ཆ་ཤས་ཡིན་པར་ཤེས་ཀྱི་ཡོད། སྒོམ་ནི་དེ་དག་ནང་ནས་རིམ་པ་གསུམ་པ་དེ་ཡིན་པ་དང་། དེ་ཡང་ང་ཚོས་ཡང་ནས་ཡང་དུ་བསྐྱར་སྦྱོང་གིས་མི་ཚེའི་ནང་ཇི་ལྟར་མཉམ་སྡེབ་ཀྱིས་ཉམས་ལེན་བྱེད་དགོས་པའི་སྐོར་རེད། ང་ཚོས་གཞི་རྩའི་ཡང་ནས་ཡང་དུ་འབད་བརྩོན་གྱིས་འཐོབ་པར་འདོད་པའི་སེམས་ཀྱི་དགེ་བའི་གནས་བབས་རྒྱ་སྐྱེད་དུ་བཏང་ནས་གོམས་གཤིས་སུ་འཇགས་ཐབས་བྱེད་ཀྱི་ཡོད།
ང་ཚོས་ཆོས་ཉན་པ་ལ་བརྟེན་ནས་ཆོས་རྣམ་པར་འབྱེད་པའི་ཤེས་རབ་སྐྱེ་གི་ཡོད། དེ་སྐྱེས་པ་ལ་བརྟེན་ནས་ང་ཚོས། “རེད། འདི་ནི་སངས་རྒྱས་ཀྱི་ཆོས་རེད།” ཅེས་རྣམ་པར་འབྱེད་ཐུབ་པ་དང་། དེ་ལ་ངེས་ཤེས་རྙེད་པ་ཡོང་གི་ཡོད། ང་ཚོས་ཤེས་གསལ་ལྟར། ཆོས་ལ་དབྱིངས་དང་མདུན་པ་ཡོད་པའི་དབང་གིས་ཡིན་གཅིག་མིན་གཅིག་ཚང་མ་ཧ་མ་གོ་ཡང་དེ་ལ་ཁུངས་སྐྱེལ་མ་ཟིན་གྱི་བར་དུ་བདེན་པ་ཡིན་ཤག་བརྩིས་ཀྱི་ཡོད། གལ་སྲིད་ང་ཚོས་ཆོས་ཀྱི་གནད་དོན་ཞིག་བདེན་པ་མིན་པ་ཤེས་སོང་ན། དེ་ལ་དོ་སྣང་མ་བྱེད་ན་འགྲིག་གི་རེད། ཡིན་ནའང་ང་ཚོ་བདེན་པ་ཡིན་ཤག་བྱས་པའི་བདེན་པ་དེ་དངོས་གནས་ཡིན་མིན་དཔྱད་པ་བྱ་རྒྱུའི་ཐག་གཅོད་བྱེད་པ་ལ་སེམས་གུ་ཡངས་པོ་དགོས་རྒྱུ་ནི་གལ་ཆེན་པོ་རེད། བདེན་པ་དེའི་ཕན་ཐོགས་ཡོད་ཤག་བྱེད་དགོས་ཐུག་ན། དེ་ང་ཚོས་བཅུད་སྨན་བཟའ་བ་ནང་བཞིན་བསམ་བློ་གཏོང་དགོས། དཔེར་ན། “སོ་སོ་ཤི་གི་འདུག་མི་འདུག་གི་ཚོད་བལྟ་བྱེད་ཀྱི་ཡིན་” ཞེས་དུག་བཟའ་གི་མེད་ཀྱང་། ལུས་ཟུངས་བཅུད་སྨན་གྱིས་ཕན་གྱི་འདུག་མི་འདུག་བཟས་ནས་ཚོད་ལྟ་བྱེད་དགོས་པ་ནང་བཞིན་རེད། ང་ཚོས་སྨན་འདིས་ཕན་གྱི་ཡོད་ཤག་བྱེད་ཀྱི་རེད། གང་ཡིན་ཟེར་ན། མི་མང་པོས་སྨན་དེས་ཕན་གྱི་འདུག་ལབ་ཀྱི་ཡོད་ཙང་རེད། ཡིན་ནའང་ང་རང་ཚོ་སོ་སོ་རང་གིས་དེ་ཡིས་ཕན་གྱི་འདུག་མི་འདུག་ཚོད་ལྟ་བྱེད་ཆོག་གི་རེད།
ང་ཚོས་ཆོས་ཀྱི་སྐོར་བསམ་བློ་གཏོང་སྐབས་རིམ་པ་མཐའ་མ་སྟེ། “བསམ་པ་ལས་བྱུང་བའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་” ཅེས་པའི་གོ་རྟོགས་དེར་སྙེགས་པའི་ཆེད་བརྟག་དཔྱད་བྱེད་ཀྱི་ཡོད། འདི་ནི་ང་ཚོས་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་བདེན་པ་ཡིན་པ་དང་། ཕན་ཐོགས་ཡོད་པ། བསྒྲུབ་བྱའི་དམིགས་ཡུལ་འཐོབ་རུང་ཡིན་པ་བཅས་རྟོགས་པ་ལ་ཡིད་ཆེས་ཡོངས་སུ་བརྙེད་པ་ཡིན། མི་མང་པོས་གོང་གི་རྒྱུད་རིམ་ཁག་ལ་དོ་སྣང་མ་བྱས་པར་གཡུགས་ནས་དངོས་གནས་དེ་སྒྲུབ་ཐུབ་ཀྱི་ཡོད་ན་མེད་ན་སོགས་ཀྱི་དོགས་པའམ་ “ཐག་ཆོད་མི་ཐུབ་པའི་ཐེ་ཚོམ་” མང་པོའི་ནང་ལྷུངས་ནས་ཆོས་ཉམས་ལེན་བྱ་རྒྱུ་གཡུགས་བཞག་མཁན་ཡོད།
ཐར་པ་ཞེས་བྱ་བ་ག་རེ་ཡིན་ནམ།
ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པ་དང་། དེ་སྒྲུབ་པའི་ཐབས་ལམ་གྱི་སྐོར་དཔེ་དེབ་ཀློག་པའི་སྐབས་ཐར་བ་ཟེར་ན་ག་རེ་ཡིན་པ་མ་ནོར་བ་ཤེས་དགོས་ཀྱི་ཡོད། དྲི་བ་ཁ་ཤས་ཡོད་པ་ནི། སངས་རྒྱས་པ་ཟེར་ན་དོན་ངོ་མ་གང་ཡིན་ནམ། སངས་རྒྱས་ཚར་བའི་རྗེས་སུ་ག་རེ་ཡོང་གི་རེད་དམ། ནང་པའི་ཆོས་ལས། སངས་རྒྱས་ནི་དུས་གཅིག་ལ་ཚང་མ་ཡང་དག་པར་མཁྱེན་གྱི་ཡོད་པས་ཐམས་ཅད་མཁྱེན་པ་ཡིན་ཞེས་གསུང་གི་ཡོད། དེ་བཞིན་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་འཁུར་དང་བྱམས་བརྩེ་འདྲ་མཉམ་ཡོད་པ་དང་། སེམས་ཅན་རེ་རེ་ལ་སོ་སོའི་སྐད་དང་མཐུན་པའི་ཆོས་ཀྱི་འགྲེལ་བ་ཡག་ཐག་ཆོད་གནང་ཐུབ་ཀྱི་ཡོད། དེ་འདྲ་ཡིན་དུས་ཁོང་གིས་ཚང་མ་ལ་ཐབས་ཤེས་ཡག་ཤོས་སྒོ་ནས་གང་ལ་གང་འདུལ་གྱིས་རོགས་པ་གནང་གི་ཡོད།
སངས་རྒྱས་པ་ཟེར་བ་དེ་དངོས་གནས་རེད་དམ། ཡང་ན་ལྷ་སྒྲུང་ལྟ་བུ་ཞིག་རེད། གལ་སྲིད་དེ་ཆོ་མེད་པ་ཞིག་རེད་བསམ་ན། ང་ཚོས་ག་རེ་སྒྲུབ་ཐབས་བྱེད་ཀྱི་ཡོད་དམ། ཡང་གལ་སྲིད་ང་ཚོས་དེ་ལྷ་སྒྲུང་ལྟ་བུ་ཞིག་ཡིན་པ་བརྩིས་ན། དེ་ནི་སྒྲུབ་ཐུབ་ཀྱི་ཡོད་པ་ཞིག་ལ་ཡིད་ཆེས་མི་བྱེད་པ་གསལ་པོ་རེད། ད་ང་ཚོས་གང་བྱེད་དགོས་ཟེར་ན། ནང་ཆོས་ནང་གསུངས་པའི་སངས་ཀྱི་གོ་འཕང་ལ་སོགས་པའི་མཐར་ཐུག་གི་དམིགས་ཡུལ་རྣམས་ལ་ཞིབ་ཏུ་བལྟས་ནས་རང་སོ་སོའི་ཀུན་སློང་ལ་དཔྱད་པ་བྱེད་དགོས།
ང་ཚོའི་དམིགས་ཡུལ་ག་རེ་ཡིན་ནམ།
ནང་ཆོས་ནང་ཀུན་སློང་ཞེས་པའི་ཚིག་དེ་ལ་དོན་དག་ངེས་ཅན་ཞིག་ཡོད་རེད། ང་ཚོས་ཨིན་སྐད་ནང་ཡང་སེ་ “ཡང་བསྐྱར་ངེས་བརྟན་བྱེད་པའམ། ཀུན་སློང་བསྐྱེད་པ” ཞེས་བརྗོད་ཀྱི་ཡོད། དབྱིན་སྐད་ཀྱི་ཐ་སྙད་དེ་ལ་དོན་དག་གཉིས་ཡོད། དང་པོ་ནི་ང་ཚོར་དམིགས་ཡུལ་གང་ཡོད་པ་དེ་དང་། གཉིས་པ་ནི་ང་ཚོ་དམིགས་ཡུལ་དེ་འཐོབ་པ་ལ་སྐུལ་འདེད་བྱེད་མཁན་གྱི་སེམས་ཚོར་རམ་མྱོང་ཚོར་དེ་རེད། སྤྱིར་བཏང་ཨིན་སྐད་ནང་ཀུན་སློང་ངམ་ “motivation” ཞེས་པ་དེ་ལ་གོང་གི་དོན་དག་གཉིས་ལས། གཉིས་པ་ང་ཚོས་ལས་ཀ་གཅིག་བྱེད་པ་ལ་སྐུལ་འདེད་བྱེད་མཁན་གྱི་སེམས་ཚོར་ལ་གོ་གི་ཡོད་རེད།
ང་རང་གི་བསམ་ཚུལ་བྱས་ན། ལྷག་བསམ་རྣམ་དག་གིས་བལྟས་ན་མི་མང་ཆེ་བས་ནང་ཆོས་བྱ་རྒྱུའི་དམིགས་ཡུལ་ནི་ང་ཚོའི་མི་ཚེ་འདི་ཏོག་ཙམ་བདེ་བ་དང་སྐྱིད་པ་བཟོ་རྒྱུ་ཙམ་རེད། འདི་འགྲིག་གི་ཡོད་རེད་ལ་ངས་དེ་ལ་ “ཆོས་ཡངས་པ་” ཟེར་བ་ལས་ “ཆོས་ངོ་མ་” ཞེས་བརྗོད་ཀྱི་མེད། དེ་ནི་གོམ་པ་དང་པོ་རེད། དོན་ངོ་མའི་ཆོས་ནི་ཚེ་ཕྱི་མར་སྐྱེ་བ་བཟང་པོ་ཞིག་འཐོབ་པའི་ཆེད་འབད་བརྩོན་བྱ་རྒྱུ་དེ་རེད། དེ་ཡང་གཞི་རྩའི་ཚེ་རབས་ནས་ཚེ་རབས་བར་མི་ལུས་རིན་པོ་ཆེ་མུ་མཐུད་ནས་འཐོབ་པར་བྱ་རྒྱུ་དེ་ཡིན། འོན་ཀྱང་གལ་སྲིད་ཁྱེད་རང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་ན། གང་འདྲ་བྱས་ནས་སྐྱེ་བ་བཟང་པོ་ཞིག་འཐོབ་པའི་དམིགས་ཡུལ་འཛིན་ཐུབ་བམ། སྐྱེ་བ་སྔ་ཕྱི་ཤེས་པ་ལ་ང་ཚོས་ཡང་བསྐྱར་སྐྱེ་བ་ལེན་པའི་གནས་ཚུལ་དང་། སེམས་ཀྱི་རྒྱུན་མུ་མཐུད་ནས་ཡོང་གི་ཡོད་པའི་རང་བཞིན། དེ་བཞིན་དུ་ནང་ཆོས་ནས་གསུངས་བའི་བདག་ཟེར་བའི་རང་བཞིན་སོགས་ཤེས་དགོས་ཀྱི་ཡོད། དངོས་གནས་བྱས་ན་སྐྱེ་བ་བཟང་པོ་ཞིག་འཐོབ་པ་ལ་དམིགས་ཡུལ་འཛིན་མཁན་ནང་པ་ཁོ་ན་ཡིན་པར་གཅིག་ཏུ་ངེས་མི་དགོས། ཡེ་ཤུ་དང་ཆོས་ལུགས་གཞན་དག་གིས་ཀྱང་སྐྱེ་བ་བཟང་པོར་འདོད་ཀྱི་ཡོད། ཡེ་ཤུ་ལྟ་བུ་ལ་མཚོན་ན། ལྷ་ཡུལ་ལ་སྐྱེ་བ་ལེན་པ་དེ་སྐྱེ་བ་བཟང་པོར་བརྩི་གི་ཡོད་རེད།
དམིགས་ཡུལ་གཉིས་པ་ནི། རང་དབང་མེད་པར་འཁོར་བའི་ནང་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་ལས་ཐར་བ་དེ་རེད། ཧིན་དྷུ་ཆོས་ལུགས་ཀྱི་ནང་དུའང་འདི་རང་ལ་དམིཌ་ཀྱི་ཡོད། དེ་འདྲ་སོང་ཙང་། ནང་ཆོས་ཀྱི་ཐར་པ་ཟེར་དུས་དངོས་གནས་ག་རེ་ལ་གོ་གི་ཡོད་པ་དང་། ཐབས་ལམ་གང་གིས་དེ་འཐོབ་པར་བྱེད་ཀྱི་ཡོད་པ་ཤེས་དགོས། མཐར་ཐུག་གི་དམིགས་ཡུལ་ནི་བཤད་མི་དགོས་པར། སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཡིན་པ་དང་། འདི་ནི་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད།
བང་རིམ་བཞིན།
ང་ཚོས་ནང་པའི་ཆོས་ལ་སློབ་སྦྱོང་བྱེད་པ་ཡིན་ན། དེ་དག་རིམ་པ་བཞིན་དུ་གསུངས་ཡོད་པ་མཐོང་ཐུབ། གཏིང་ཟབ་པའི་གོ་རྟོགས་གཅིག་རྗེས་གཉིས་མཐུད་ནས་ཡོང་གི་ཡོད་པ་དང་། བང་རིམ་འདི་ལ་བརྩི་བཀུར་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དེ་གང་ཡིན་ཟེར་ན། གལ་སྲིད་ང་ཚོས་གཞི་རྟེན་གང་ཡང་མེད་པའི་ཐོག་ནས་ད་ག་སེ། “ང་རང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་འདུག” ཅེས་བཤད་པ་ཡིན་ན། དེ་ནི་དོན་མེད་ཀྱི་ཚིག་སྐམ་པོ་ཙམ་རེད། ང་ཚོས་ཐར་པར་དམིགས་ནས་འཇིག་རྟེན་ནང་གི་འབུ་སྲིན་སྲོག་ཆགས་ཡན་ཆད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པའི་དམིགས་ཡུལ་ཞིག་དངོས་གནས་བཟུང་གི་ཡོད་དམ། ཕལ་ཆེར་དེ་འདྲ་མ་རེད། དེ་འདྲ་ཞིག་ལ་དངོས་སུ་དམིགས་ཡུལ་བཟུང་བ་དང་། དངོས་སུ་དམིགས་ཡུལ་དེ་ལག་བསྟར་བྱེད་པ་ལ་བསམ་པ་རྒྱ་ཆེ་ལ་བསམ་ཡུལ་ལས་འདས་པའི་སེམས་ཤིག་ངེས་པར་དུ་དགོས་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་ག་ལེར་ག་ལེར་རིམ་པ་བཞིན་དུ་བསམ་པ་དེ་འདྲ་ཞིག་རྒྱ་སྐྱེད་གཏོང་དགོས་ཀྱི་ཡོད། དེ་ལྟར་བྱེད་པ་ལ། ཆོས་ཀྱི་དོན་རེ་རེ་ལ་ངས་ནམ་རྒྱུན་བསྒྱུར་བའི་ “རིགས་པ་བཞིའམ་” ལྟ་བའི་གནད་བཞིའི་སྒོ་ནས་དཔྱད་པ་བྱེད་དགོས། དེ་ལྟར་ང་ཚོས་ནང་ཆོས་ཀྱི་ཆེས་གཞི་རྩའི་གནད་དོན་ནས་སློབ་གཉེར་བྱེད་འགོ་བཙུག་གི་ཡོད།
རིགས་པ་བཞིའི་ཐོག་ནས་དཔྱད་པ་བྱེད་སྟངས་དཔེ་ཞིག་བཞག་ན། ང་ཚོས་མི་རྟག་པ་དང་འཆི་བ་ལ་བསམ་བློ་གཏོང་དགོས། ངས་དཔེ་འདི་བཀོད་དགོས་དོན་ནི། རང་འདོད་དོན་གཉེར་ཏོག་ཙམ་ཡོད་པའི་རྒྱུ་མཚན་གྱིས་ཡིན། གང་ཡིན་ཟེར་ན། ངའི་གྲོགས་པོ་ཉེ་ཤོས་ཁོང་གཟའ་འཁོར་སྔོན་པ་འདས་གྲོངས་སུ་ཕྱིན་པ་ཡིན་ཙང་། ངས་དཔེ་འདི་འཁྱེར་བ་ཡིན། གང་ལྟར་རིགས་པ་བཞི་ནི།
- ལྟོས་པའི་རིགས་པ། སེམས་ཀྱི་གནས་བབས་གང་འདྲ་ཞིག་སྐྱེད་འདོད་ཡོད་པ་དང་། འཆི་བ་ཤེས་དགོས་པ། དེ་གང་ལ་བརྟེན་ཡོད་དམ།
- བྱ་བ་བྱེད་པའི་རིགས་པ། ང་ཚོའི་སེམས་ཀྱི་གནས་རིམ་དེ་འདྲ་བ་ཞིག་ལ་ཐོབ་པ་ཡིན་ན། དེས་བྱ་བ་གང་ཞིག་བྱེད་པ་དང་། དེའི་ཕན་ཡོན་དང་སྐྱོན་གང་ཡོད་དམ།
- ཚད་མའི་རིགས་པ། ང་ཚོས་ནང་ཆོས་འདི་བདེན་པ་ཡིན་མིན་ཐག་གཅོད་པའི་ཆེད་དུ་དཔྱད་པ་བྱེད་ན། དེ་ནང་པའི་ཆོས་གཞན་ཚང་མ་ལ་འགྲིག་གི་ཡོད་དམ། དེ་རྒྱུ་མཚན་དང་ལྡན་པ་རེད་དམ། ང་ཚོས་དཔྱད་ཐབས་བྱེད་དུས་གང་བཤད་པ་དེས་གཞན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་དམ།
- ཆོས་ཉིད་ཀྱི་རིགས་པ། འཆི་བ་ནི་དངོས་པོའི་རང་བཞིན་གྱི་དཔེ་ཡིན་ནམ། ཚང་མ་ཤི་གི་ཡོད་པ་རེད་དམ།
ང་ཚོས་གང་བྱེད་དགོས་ཟེར་ན། ནང་ཆོས་ནས་གསུངས་པའི་གནད་དོན་གཅིག་ལེན་དགོས། དཔེར་ན། འཆི་བའི་སྐོར་ལ་གོང་གི་རིགས་པ་བཞིའི་ལྟ་ཚུལ་གྱི་སྒོ་ནས་དུས་ཚོད་ག་ཚོད་མང་བ་དགོས་ནའང་བཏང་ནས་དཔྱད་པ་བྱེད་དགོས། དུས་ཚོད་བཀར་ནས་དེ་ལ་སྐར་མ་བཅུ་དང་ཕ་གི་ལ་སྐར་མ་ཉི་ཤུ་གཏོང་དགོས་སོགས་ཀྱི་ཁྲིམས་གཞི་ཡོད་མ་རེད། ཡིན་ནའང་ཧ་ཅང་མགྱོགས་དྲག་ན་ཡག་པོ་མེད། གང་ཡིན་ཟེར་ན། ཁྱེད་རང་གང་ལ་དམིགས་པ་གཏད་ས་དེ་ཡང་སེ་དོན་དག་གང་ཡང་ཡོད་པ་མ་རེད། འདི་སོ་སོའི་ནང་ལ་ཐིམ་བཅུག་ནས་དེའི་སྒང་ལ་དངོས་གནས་དཀའ་ལས་རྒྱག་ན་ཡག་པོ་ཡོད་རེད།
ཡང་དག་པའི་གོ་རྟོགས་ཤིག་རྙེད་པ།
གཞི་རྐང་ནས་ང་ཚོ་བརྗོད་གཞི་ལ་གོ་རྟོགས་རྙེད་པའི་ཡིད་ཆེས་འཐོབ་འདོད་ཡོད་པས། ང་ཚོས་དངོས་པོ་གང་འདྲ་ཞིག་ཡིན་ན་བསམས་ནས་ཕར་རྒྱུག་ཚུར་རྒྱུག་ངང་སྡོད་ཀྱི་མ་རེད། བྱས་ཙང་། བོད་པ་ཚོ་ལ་སློབ་སྦྱོང་སྤྲོད་ཐབས་ཀྱི་ལམ་ལུགས་ལ་ཕན་ཚུན་བགྲོ་གླེང་གི་སྒོ་ནས་མཚན་ཉིད་རྩོད་རྒྱུ་ཞིག་ཡོད།མཚན་ཉིད་རྩོད་རྒྱུ་དེས་རང་ཉིད་ལ་གོ་རྟོགས་གང་ཡོད་པ་ལ་རྐང་བཙུགས་ནས་དྲི་བ་གཏོང་འཇུག་གི་ཡོད། དེ་ཡང་སློབ་ཕྲུག་ཚང་མས་བྱེད་དགོས་ངེས་ཤིག་རེད་མ་གཏོགས་སོ་སོ་གཅིག་པོ་ཟུར་ལ་ཁུ་སིམ་མེར་སྡོད་ཐབས་ཡོད་མ་རེད། མཚན་ཉིད་རྩོད་སྟངས་དེ་ཡང་ཐོག་མར་སློབ་ཕྲུག་གཅིག་གིས་དྲི་བ་བཏང་ནས་དེ་ལ་ཁ་གཏད་ཀྱི་སློབ་ཕྲུག་དེས་ཡང་ན་ཁས་ལེན་དགོས་པ་དང་།ཡང་ན་འགག་ལན་རྒྱག་དགོས་ཀྱི་ཡོད། འདི་འདྲའི་རྩོད་པའི་དོན་དག་ནི། དྲི་བ་དེའི་ལན་མ་ནོར་བ་ཞིག་འཚོལ་གྱི་མེད་པར། བརྗོད་གཞིའི་གང་ཡིན་པ་དེའི་གོ་རྟོགས་ཇེ་བཟང་དུ་གཏོང་ནས་ངེས་པ་རྙེད་ཐབས་བྱེད་ཀྱི་ཡོད། འདི་ནི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་དུས་ནམ་ཡང་སོ་སོའི་བསམ་བློ་ལ་རྩོད་ལེན་བྱེད་པ་དེ་ལས་ལྷག་པ་ཞིག་མི་གཞན་གྱིས་བྱེད་ཡོང་གི་ཡོད་པས་ཡིན། མཚན་ཉིད་རྩོད་པའི་སྐབས་ནུས་པ་དང་རྩོལ་བ་མང་པོ་བྱེད་དགོས་པ་དང་། ཕ་རོལ་པོ་དེ་ལ་རང་ཉིད་རང་ལ་འགལ་བ་ལྟག་སྤྲོད་དམ་སོ་སོའི་དམ་བཅའ་ཤོར་བཅུག་པའི་སྐབས་མི་ཚང་མ་གད་མོ་ཤོར་བ་དང་སོ་སོ་ཡང་གད་མོ་ཤོར་ཡོང་གི་ཡོད་པ་སོགས་བག་ཡངས་པོ་དང་། དགོད་བྲོ་པོ། ཚང་མས་དེ་ལ་སྐྱིད་པོ་གཏོང་གི་ཡོད།
འདི་འདྲ་རྩོད་པའི་སྒོ་ནས་སློབ་གཉེར་བྱེད་སྟངས་ཀྱི་ཕན་ཡོན་གཞན་ཞིག་ནི།ཁྱེད་རང་སུ་ཡང་ཡིན་ནའང་འདྲ་སྟེ། གང་ལྟར་གནད་དོན་གཅིག་གི་ཐད་ལ་རང་ཉིད་རང་ལ་འགལ་བ་ལྟག་སྤྲོད་ཆགས་ནས་གླེན་རྟགས་ཀྱི་སྐད་ཆ་བཤད་ཀྱི་ཡོད། དེ་ནི་སོ་སོའི་བདག་འཛིན་དང་ང་རྒྱལ་ཆུང་དུ་གཏོང་ཡག་ལ་ཡག་པོ་ཡོད། དེས་ངོ་ཚ་སྨིན་པོ་ཡོད་པ་ལས་ཐར་བ་བྱས་ནས་མང་ཚོགས་འདུ་འཛོམས་མདུན་དུ་ལང་རྒྱུ་དང་། རྩོད་གླེང་བྱེད་རྒྱུ་ལ་དངོས་གནས་ངོ་ཚ་ཡོང་གི་མ་རེད།
ང་ཚོས་མཚན་ཉིད་རྩོད་རྒྱུ་དེ་ “ཤེས་སྟོབས་ཀྱི་བློ་གྲོས་དང་འབྲེལ་བའི་བྱ་གཞག་ཅིག་རེད། ང་རང་ནང་ལ་མྱོང་རྟོགས་དགོས་པས། སྒོམ་གཅིག་པུ་རྒྱག་གི་ཡིན་” ཞེས་ཟེར་ནས་དེ་ཕྱིར་འབུད་གཏོང་རྒྱུ་མེད། མཚན་ཉིད་རྩོད་རྒྱུ་དེས་སྒོམ་རྒྱག་པ་ལ་ཕན་ཐོགས་ཀྱི་ཡོད་པ་ནི་དེའི་དགོས་པ་རྒྱུ་མཚན་དེ་རེད། མཚན་ཉིད་ཀྱི་བརྡར་ཤ་གཅོད་ཚར་དུས་ཁྱེད་རང་ལ་དོགས་པ་གཅིག་ཀྱང་མེད་པ་དང་། སོ་སོའི་གོ་རྟོགས་གང་ཡོད་པ་དེ་ལ་ངེས་པ་རྙེད་ནས་དེ་གདེང་ཚོད་ཆེན་པོའི་ངང་སྒོམ་དང་མཉམ་སྡེབ་ཀྱིས་བེད་སྤྱོད་བྱེད་ཐུབ། དེ་མིན་ཁྱེད་རང་གི་སྒོམ་དེ་ཙམ་བརྟན་པོ་ཡོང་གི་མ་རེད། ཁྱེད་རང་གིས་འདིར་དངོས་གནས་ཕན་ཚུན་རྩོད་པ་རྒྱག་གི་མེད། འོན་ཀྱང་ང་རྒྱལ་དང་། ཁེངས་དྲེགས། དེ་བཞིན་མི་གཞན་དེས་སོ་སོ་ལ་སྒེར་འཁོན་གྱིས་འཐབ་རྒོལ་བྱེད་ཀྱི་འདུག་བསམ་པའི་རང་ཉིད་རང་ལ་བདེན་པ་དག་སྐྱེལ་མེད་པའི་སྒོ་ནས་ཆོས་ལ་གྲོས་སྡུར་བྱེད་ན་ཡག་པོ་ཡོད།
ནང་པའི་ཐུན་མོང་མ་ཡིན་པའི་ཐ་སྙད་གཞན་པ་གཉིས་ནི། “གནས་ཚུལ་བདེན་པ་ཡིན་པ་ཡིད་ཆེས་” དང་ “ཡིད་ཆེས་བརྟན་པོ་” གཉིས་རེད། ང་ཚོས་གང་ནོར་བ་ཡིན་པའི་གནས་ཚུལ་ལ་བདེན་པར་ཡིད་ཆེས་སྐྱེ་སྲིད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་ཆོས་ལ་དཔྱད་པ་གཟབ་གཟབ་བྱས་ནས་གོ་རྟོགས་མ་ནོར་བ་ཞིག་མ་རག་པར་དངོས་གནས་ཤེས་པའི་མཐའ་སྡོམ་རྒྱག་རྒྱུ་ཡོད་མ་རེད། ཡིད་ཆེས་བརྟན་པོ་ནི་ང་ཚོའི་ཡིད་ཆེས་དེ་སུ་གང་གིས་ཀྱང་གཏོར་བཤིག་གཏོང་མི་ཐུབ་པ་དེ་ཡིན་ཞིང་། དེ་འདྲའི་ཡིད་ཆེས་བརྟན་པོ་དེ་ང་ཚོས་གོང་འཕེལ་དུ་གཏོང་དགོས་ཀྱི་ཡོད།
མུ་མཐུད་ནས་འབད་བརྩོན་བྱེད་དགོས།
དེ་དག་ཐམས་ཅད་མགོ་མཁྲེགས་པོ་དང་སེམས་གུ་དོག་པོ་ཕྱིན་ཅི་ལོག་པ་ཆགས་སྲིད། དཔེར་ན། ང་ཚོ་ལ་གོ་རྟོགས་ནོར་བའམ་ལོག་པ་ཞིག་ཡོད་པ་དང་། དེར་ཧ་ཅང་གི་མགོ་མཁྲེགས་པོ་ཆགས་ནས་སུས་ཀྱང་བཟོ་བཅོས་བྱེད་མ་ཐུབ་པ་ལྟ་བུ་རེད། སྐབས་རེ་དེ་ལ་ “ལོག་ལྟ་” ཞེས་བསྒྱུར་གྱི་ཡོད། ང་ཚོས་གནས་ཚུལ་ལོག་པ་ཞིག་ལ་ཧ་ཅང་མགོ་མཁྲེགས་པོས་འཛིན་ནས་དེ་དང་མི་འདྲ་བའམ། འགལ་བ་བཤད་ཐབས་བྱེད་མཁན་སུ་འདྲ་ཞིག་བྱུང་བ་ཡིན་ནའང་དེ་ལ་སྡང་སེམས་ཀྱིས་འཐབ་རྒོལ་བྱེད་ཀྱི་ཡོད།
ང་ཚོ་སངས་མ་རྒྱས་བར་དུ་གནད་དོན་རྣམས་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་རྟོགས་པའི་ཐབས་ཤེས་བྱེད་དགོས། བྱས་ཙང་། ང་ཚོར་དུས་རྟག་ཏུ་ “སོ་སོའི་གོ་རྟོགས་དང་གྲུབ་འབྲས་ཀྱི་གནས་ཚད་ལ་ནམ་ཡང་འདོད་པ་ཚིམ་རྒྱུ་མེད།གང་ཡིན་ཟེར་ན། ང་ཚོའི་ཤེས་ཚད་དེ་སངས་མ་རྒྱས་བར་དུ་གཏིང་ཟབ་ཏུ་གཏོང་ཐུབ་ལ་གྲུབ་འབྲས་ཀྱི་གནས་ཚད་ཀྱང་དེ་ལས་མཐོ་བ་འཐོབ་ཐུབ་” ཅེས་ཟེར་གྱི་ཡོད། དེར་བརྟེན་ཡང་དག་པའི་གོ་རྟོགས་དེ་ཡོད་པའི་སྐབས་སུའང་དེ་ནི་ཆེས་གཏིང་ཟབ་པ་མཐར་ཐུག་གི་གོ་རྟོགས་མིན་སྲིད་པས། ༧གོང་ས་མཆོག་གི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས། “ངས་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་མོ་ཐེངས་བརྒྱ་ཙམ་བཀླགས་པ་ཡིན། ཀློག་ཐེངས་རེ་རེའི་ནང་ང་ལ་དེའི་གོ་རྟོགས་མི་འདྲ་བ་དང་གཏིང་ཟབ་པ་རག་གི་འདུག་” ཅེས་གསུངས་ཀྱི་རེད། འདི་ནི་ང་ཚོས་དང་པོ་མགོ་བཙུགས་སྐབས་གོ་རྟོཌ་གང་ལེགས་ཆགས་ཀྱང་ད་དུང་མུ་མཐུད་དེ་གཏིང་ཇེ་ཟབ་དང་ཇེ་ལེགས་གཏོང་དགོས་པའི་དཔེ་བརྗོད་ཡག་པོ་ཞིག་ཡིན།
འཆི་བ་སྒོམ་པ།
ང་ཚོས་འཆི་བ་སྒོམ་པ་དང་འབྲེལ་ནས་གནད་དོན་བཞི་ལ་བལྟ་ཆོག དེ་དག་གང་ལ་གོ་བ་དང་། དེ་དག་གང་འདྲ་བྱས་ནས་ཉམས་ལེན་བྱེད་དགོས་པའི་དཔེ་ཞིག་ཀྱང་བཞག་ཆོག བཤད་མི་དགོས་པ་ལྟར། ང་ཚོས་འཆི་བ་དང་འཆི་བའི་ཐོག་སྒོམ་རྒྱག་རྒྱུའི་སྐོར་གྱི་ཆོས་ཚུལ་རྣམས་ཐོས་ཚར་བའི་རྗེས་སུ་གཞི་ནས་ཉམས་ལེན་བྱེད་ཀྱི་རེད། ང་ཚོས་འཆི་བ་ལ་ལྟ་དུས་གཞི་རྩའི་བདེན་པའི་གནད་དོན་གསུམ་གྱི་ཐོག་འབད་བརྩོན་བྱེད་ཀྱི་རེད། དེ་གསུམ་ནི།
༡༽འཆི་བ་ངེས་པ།
༢༽འཆི་བའི་དུས་ངེས་པ་མེད་པ།
༣༽འཆི་བའི་སྐབས་ཆོས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པ་བཅས་རེད།
ང་ཚོ་ཚང་མ་ཤི་རྒྱུ་ཡིན་པ་ངེས་པ་ནི་ང་ཚོ་ཚང་མའི་ངོས་ནས་ཤེས་ཀྱི་ཡོད་ཀྱང་། ག་དུས་ཤི་གི་ཡོད་པའམ་འཆི་བ་ག་དུས་ཡོང་བའི་དུས་ཚོད་ནི་ང་ཚོས་སུས་ཀྱང་ཤེས་ཀྱི་མེད། དེ་བཞིན་ང་ཚོ་ཤི་དུས་སོ་སོའི་དགེ་བའི་གོམས་གཤིས་གང་བསགས་ནས་རང་རྒྱུད་ཀྱི་ཆ་ཤས་སུ་བྱས་པ་དེ་མ་གཏོགས་གཞན་གང་གིས་ཀྱང་ཕན་ཐོགས་ཀྱི་མེད།
འཆི་བ་ངེས་པ་རེད། ཡིན་ནའང་འཆི་བ་དེ་གང་ལ་བརྟེན་ནས་ཡོད་དམ། ༼ལྟོས་པའི་རིགས་པ།༽ དེའི་སྐོར་རིམ་པ་ཁ་ཤས་ལ་དཔྱད་པ་བྱེད་ཆོག དང་པོ་འཆི་བ་ནི་མི་ཚེ་ལ་བརྟེན་ནས་ཡོད། ཁྱེད་རང་གསོན་པོར་གནས་མེད་ན་ཤི་རྒྱུ་མེད། ང་ཚོ་ཉིན་རེ་བཞིན་ལོ་ན་རྒས་འགྲོ་གི་ཡོད་པ་དང་། ཐོག་མར་ང་ཚོའི་ལུས་པོའི་ནུས་སྟོབས་ཆེན་པོ་ཡོད་པ་དེ་སྐྱོ་རུ་འགྲོ་གི་ཡོད། དེ་འདྲ་ཡིན་དུས་འཆི་བ་ནི་ང་ཚོ་ན་བ་དང་སྣུམ་འཁོར་བལྡབ་སྐྱོན་ཤོར་བ་སོགས་ལ་བརྟེན་ནས་ཡོང་སྲིད་པ་རེད།
འཆི་བ་བསམ་དགོས་པའི་རྒྱུ་མཚན།
ལྟོས་པའི་རིགས་པའི་གནད་དོན་འདི་ལ་གཏིང་ཟབ་པོར་བསམས་ན། ང་ཚོ་འཆི་བ་མ་སྒོམ་པའི་སྔོན་ལ་མི་ལུས་ངོ་མཚར་ཅན་དང་རྩ་ཆེན་པོ་ཞིག་ང་ཚོར་ཡོད་པ་དེ་ཤེས་དགོས་ཀྱི་ཡོད། འཆི་བ་དྲན་དགོས་པའི་དགོངས་དོན་ནི། ང་ཚོ་མི་ལུས་རྩ་ཆེན་པོ་འདིའི་ཁེ་ཕན་ད་ལྟ་ཉིད་ནས་ལེན་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་མི་ཚེ་ལ་དགའ་བ་མི་སྒོམ་པ་དང་འདིའི་བརྒྱུད་རང་ཉིད་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཡོད་པ་མ་བསམ་ན། ང་ཚོ་ཤི་རྒྱུ་ལ་དངོས་གནས་དེ་ཙམ་གྱི་བསམ་བློ་གཏོང་གི་མ་རེད། གང་ཡིན་ཟེར་ན། མི་མང་ཆེ་བས། “ང་གསོན་པོར་གནས་ཡོད་པ་དང་། ངས་ལུས་དང་སེམས་གཉིས་ཀ་སྤྱད་ནས་ཕན་པའི་ལས་ཀ་ཞིག་བྱེད་ཐུབ་ཀྱི་རེད།” ཅེས་མི་བསམ་པར། སོ་སོའི་མི་ཚེ་འཕྲོ་བརླག་གཏོང་གི་ཡོད། དེ་འདྲ་ཡིན་ཙང་། འཆི་བ་དྲན་རྒྱུ་དེ་དངོས་གནས་བྱས་ན་མི་ཚེའི་སྐོར་ཤེས་པ་ལ་རག་ལས་ཡོད།
ང་ཚོར་མི་ལུས་རིན་པོ་ཆེ་འདི་ཡོད་པ་དང་། མི་ལུས་འདིའི་སྟེང་ནས་མི་ཚེའི་ནང་གི་ཁེ་ཕན་རྣམས་ལེན་མི་ཐུབ་པ་བཟོ་མཁན་གྱི་གནས་སྟངས་ཧ་ཅང་སྡུག་ཅག་དེ་འདྲ་མེད་པ་ཤེས་ཀྱི་ཡོད། ང་ཚོ་འབུ་ཞུ་ལུ་མ་ལྟ་བུ་མི་སུས་མཐོང་ཡང་རྡོག་རྫིས་གཏོང་འདོད་ཡོད་པ་ཞིག་ལ་སྐྱེ་བ་ལེན་མེད། ང་ཚོ་ཉ་ཆུང་ཆུང་ཉ་ཆེ་བས་གསོན་པོར་ཟ་ཆོག་ཆོག་ཡོད་པ་དེ་འདྲ་ལ་སྐྱེ་བ་ལེན་མེད།དེ་བཞིན་ང་ཚོ་སྦྲང་བུ་ལ་སྐྱེ་བ་ལེན་མེད། དེ་འདྲའི་ཐོག་བསམ་བློ་ཞིག་གཏོང་དང་། དཔེར་ན། ང་ཚོ་སྦྲང་བུ་ལ་སྐྱེས་ཡོད་ན་ག་རེ་བྱེད་ཐུབ་ཀྱི་རེད། ཞེ་དྲག་གང་ཡང་བྱེད་ཐུབ་ཀྱི་མ་རེད། ང་ཚོའི་མི་ཚེ་གང་པོར་སྐྱག་གཅིན་དང་གད་སྙིགས་ལ་འཁོར་ནས་སྡོད་ཀྱི་རེད།
དེ་འདྲ་ཡིན་ཙང་། འཆི་བ་དྲན་པ་བྱེད་དགོས་དོན་ནི། ༼བྱ་བ་བྱེད་པའི་རིགས་པ།༽ “ད་དཔེ་བསགས་སོང་། ཞེད་སྣང་ཚ་བ་ལ། ང་ཤི་རྒྱུ་ངེས་པ་རེད།” ཅེས་བསམ་ནས་ཡིད་ཞུམ་པ་ཙམ་མ་ཡིན་པར། དེའི་བྱེད་ལས་ནི་ད་ལྟ་ང་ཚོ་ལ་ཡོད་པའི་དུས་ཚོད་རྩ་ཆེན་འདི་ནས་ཁེ་ཕན་ལེན་འདོད་ཡོད་པ་བཟོ་རྒྱུ་དེ་རེད། གང་ཡིན་ཟེར་ན། ང་ཚོས་དངོས་གནས་ག་དུས་ཤི་གི་ཡོད་མེད་རྩ་ནས་ཤེས་ཀྱི་ཡོད་མ་རེད། དེའི་དཔེ་ནི་གོང་དུ་ཞུས་ཟིན་པ་ལྟར། ངའི་གྲོགས་པོ་ཁོང་བདུན་ཕྲག་སྔོན་མ་མ་གྲོངས་གོང་ལུས་ཁམས་བདེ་ཐག་ཆོད་དང་། ལོ་ཡང་ཆེན་པོ་མ་རེད། དེ་བཞིན་ཐ་མག་དང་ཆང་རག་སོགས་འཐུང་གི་ཡོད་མ་རེད། ཁོང་ལ་ཁྲག་ཤེད་ཀྱི་ནད་ཀྱང་མེད། དེ་ལས་ལྡོག་སྟེ། ཁོང་གིས་ལུས་རྩལ་མང་པོ་རྩེ་གི་རེད་ལ་གཟབ་ནན་གྱིས་ཆོས་ཉམས་ལེན་དང་སྒོམ་རྒྱག་མཁན་ཞིག་རེད། ཡིན་ནའང་གཟའ་འཁོར་སྔོན་མའི་ཉིན་གཅིག་གི་ཞོགས་པར་གཟུགས་པོ་འཁྲུས་པ་དང་། སྐབས་དེར་སྙིང་ཁྲག་དགག་ནས་སའི་སྟེང་འགྱེལ་ཏེ་འདས་གྲོངས་སུ་ཕྱིན་པ་ལྟ་བུ་རེད།
མི་ཚེ་འདི་ག་དུས་སྟོང་འགྲོ་གི་ཡོད་པ་ངེས་པ་གང་ཡང་མེད་པ་རེད། འཆི་བ་ནི་མང་ཆེ་བ་གློ་བུར་ཐོག་རྒྱག་ཡོང་གི་ཡོད་རེད། ཁྱེད་རང་ཤི་བ་ལ་ཡིན་གཅིག་མིན་གཅིག་རྒས་འཁོགས་དང་ན་ཚ་ན་དགོས་ཀྱི་མེད། དེ་འདྲ་ཡིན་ཙང་། འཆི་བ་དྲན་པའི་དགོས་པ་གཙོ་བོ་ནི། ལེ་ལོ་དང་ཕྱི་བཤོལ་གྱིས་ག་དུས་ཡིན་ནའང་དུས་ཚོད་ཕར་འགྱངས་བཏང་ནས་སང་ཉིན་བྱེད་དགོས་བསམ་པ་དེ་མེད་པ་བཟོ་རྒྱུ་དེ་རེད། ངའི་གྲོགས་པོ་ཨེ་ལེན་ཟེར་བ་ཁོང་འདས་གྲོངས་ཕྱིན་པ་དེས་དཔེ་ཡག་པོ་ཞིག་བཞག་ཡོད། དེ་ཡང་ཁོང་གི་ཨ་མ་ལགས་ལོ་ན་ཆེན་པོ་སླེབས་ཡོད་པ་དང་བདེ་པོ་ཡང་ཡོད་མ་རེད། ཁོང་གིས་ཨ་མ་ལཌ་ལ་དཔལ་འབྱོར་གི་སྒོ་ནས་དང་ལུས་ཀྱི་སྒོ་ནས་དངོས་སུ་འབད་བརྩོན་གྱིས་རོགས་པ་བྱེད་འདོད་ཆེན་པོ་ཡོད་རེད། བྱས་ཙང་། ཁོང་གཟའ་མཇུག་རྟག་པར་ཨ་མ་ལགས་ལ་ཉོ་ཆ་རྒྱག་ཡག་ལ་སོགས་པའི་རོགས་པ་བྱེད་དུ་འགྲོ་གི་ཡོད་རེད། ཁོང་གིས་རྟག་པར་གང་བཤད་ཀྱི་ཡོད་ཅེ་ན། ངའི་ཨ་མ་ལགས་གྲོངས་སོང་ན། ང་ལས་ཀ་ནས་རྒས་ཡོལ་ལེན་ཏེ། དང་པོ་བཤགས་པའི་ཆེད་དུ་ལོ་གཅིག་གི་རིང་རྡོ་རྗེ་སེམས་པའི་བསྙེན་མཚམས་ལ་སྡོད་རྒྱུ་དང་། དེ་ཚར་སོང་ན། དེ་ལས་དུས་ཚོད་མང་བ་མཚམས་ལ་སྡོད་ཀྱི་ཡིན། ཞེས་ཁོང་གི་ཀུན་སློང་དང་འཆར་གཞི་དེ་འདྲ་ཞིག་ཡོད་རེད།
ངས་བཤད་པ་བཞིན་ཁོང་གཟབ་ནན་གྱི་ཆོས་ལ་ཉམས་ལེན་གནང་མཁན་ཞིག་རེད། ཡིན་ནའང་ཁོང་མཚམས་བསྙེན་སྒྲུབ་ནམ་ཡང་བྱས་མྱོང་མེད། དེ་གང་ཡིན་ཟེར་ན། ཁོང་ཨ་མ་ལགས་ཀྱི་ཆེད་དུས་ཚོད་བཏང་ནས་རོགས་པ་བྱེད་དགོས་ཀྱི་ཡོད་པས་ཡིན། ཁོང་གིས་ཨ་མར་མུ་མཐུད་རོགས་པ་བྱེད་དགོས་སམ། ཡང་ན་ཁོང་ལ་གོ་སྐབས་ཡོད་དུས་མི་གཞན་དག་ཨ་མར་རོགས་པ་བྱེད་བཅུག་ནས་སོ་སོ་མཚམས་ལ་བསྡད་ཡོད་ན་འགྲིག་གི་ཡོད། དེ་ལ་ཆོས་ནས་གདམས་ངག་ག་རེ་གནང་གི་རེད་དམ། འཆི་བའི་སྐོར་གྱི་ཆོས་ནས་གང་བྱེད་དགོས་པའི་ཐད་སྐུལ་མ་གནང་གི་རེད་དམ། ང་རང་ཚོ་གནས་སྟངས་དེ་འདྲ་ཞིག་གི་ནང་ཡོད་ན་གང་བྱེད་ཀྱི་རེད། ཅེས་བསམ་བློ་གཏོང་ན་ཡག་པོ་ཡོད་རེད།
དེའི་ཐད་བསམ་ཚུལ་གཅིག་ནི། བསྙེན་མཚམས་ཐུང་ཙམ་ལ་བསྡད་པ་དང་མཉམ་དུ་ཞར་དང་ཞོར་ལ་ཨ་མ་ལའང་རོགས་པ་བྱ་རྒྱུའི་ཐབས་ལམ་ཞིག་ཡོད་པ་རེད། མཚམས་ཉིན་གང་པོར་སྡོད་དགོས་ཀྱི་མེད་པར། ཉིན་གུང་རོགས་པ་གང་དགོས་པ་རྣམས་བྱས་ཏེ་ཞོགས་པའི་ཐུན་དང་ཕྱི་དྲོའི་ཐུན་བསྡད་ན་འགྲིག་གི་ཡོད་རེད། མཚམས་ལ་སྡོད་ཐུབ་ན་ཡག་པོ་ཡོད་རེད། ཡིན་ནའང་ཆོས་ནས་ཡང་ནས་ཡང་དུ་སེམས་ཅན་ཐམས་ཅད་ཀྱི་བཀའ་དྲིན་གསབ་རྒྱུ་གལ་ཆེན་པོ་རེད་གསུང་གི་ཡོད། དམིགས་བསལ་སོ་སོར་མི་ཚེ་ སྤྲོད་མཁན་གྱི་ཨ་མ་གལ་ཆེན་པོ་རེད་གསུང་གི་ཡོད། ང་ཚོས་ཕ་མ་ལ་འཁོན་འཛིན་གྱི་སེམས་འཁྱེར་ནས་ “ཁོང་གཉིས་མགྱོགས་པོ་ཤི་ན་ང་ལས་ཀ་ནས་རྒས་ཡོལ་ལེན་ཐུབ་ཀྱི་རེད། ང་ལས་ཀ་ལ་དགའ་གི་མི་འདུག” ཅེས། བསམ་རྒྱུ་མེད། ཕ་མའི་བཀའ་དྲིན་འཇལ་བ་ལ་བརྟེན་ནས་དགེ་བའི་ནུས་པ་རླབས་པོ་ཆེ་གསོག་གི་ཡོད། གལ་སྲིད་ང་ཚོ་ཕ་མ་ལ་སེམས་འཁྲེལ་བྱེད་དགོས་ཀྱི་མེད་ན། གང་ཐུབ་ཅི་ཐུབ་ཀྱིས་སོ་སོའི་མི་ཚེའི་ནང་གི་ཁེ་ཕན་ལེན་ནས་ཚོགས་བསགས་སྒྲིབ་སྦྱོང་བྱེད་དགོས།
བོད་པའི་བླ་མ་ཚོས་ནུབ་ཕྱོགས་པ་ནང་ཆོས་བྱེད་མཁན་སློབ་ཕྲུག་རྣམས་ལ་གཟབ་ནན་ཆེན་པོ་མི་བྱེད་པ་དེ་འདྲ་ཡང་སེ་ཡོང་གི་ཡོད། གང་ཡིན་ཟེར་ན། ནུབ་ཕྱོགས་པ་མང་པོ་ཞིག་བོད་པ་ནང་བཞིན་ཆོས་ལ་སྤྲོ་ཤུགས་དང་དམ་འདུན། དེ་བཞིན་ཆོས་ཀྱི་ཁྱད་ཆོས་དང་རིན་ཐང་ལ་ཡི་རངས་མེད་པས་རེད། ནུབ་ཕྱོགས་པ་རྣམས་ཀྱི་བསམ་བློའི་འཁྱེར་ཕྱོགས་དེ་ཏོག་ཙམ་ལྷོད་ཡངས་ཡོད་པས། “དེ་རིང་ང་ཐང་ཆད་སོང་། གསུང་ཆོས་ལ་ང་རྗེས་མ་འགྲོ་གི་ཡིན།” ཞེས་བསམ་བློ་གཏོང་གི་རེད། ཡིན་ནའང་ང་ཚོ་ལ་དངོས་གནས་འཆི་བ་དང་མི་ལུས་རྩ་ཆེན་འདི་ཡོད་པ་ལ་གཟབ་ནན་གྱིས་དྲན་པ་ཡིན་ན། ང་ཚོ་གསུང་ཆོས་ག་དུས་གནང་གི་ཡོད་ནའང་དེར་འགྲོ་དགོས་ཡག་ཆགས་ཀྱི་རེད།
འཆི་བ་ཡོང་གི་འདུག སེམས་ལྷོད་ལྷོད་བྱོས།
ང་ཚོའི་རྩ་ཆེན་གྱི་མི་ཚེ་ནི་རྫོགས་འགྲོ་གི་རེད། ག་དུས་རྫོགས་ཀྱི་ཡོད་པ་ཤེས་ཀྱི་མེད། ཁྲུས་ཁང་ནང་སྙིང་ཁྲག་དགག་ནས་ཤི་སྲིད་ལ་ཡང་ན་སྣུམ་འཁོར་སོགས་བརྡབ་སྐྱོན་ཤོར་ནས་ཤི་སྲིད། བྱས་ཙང་། ང་ཚོའི་མི་ཚེ་འཕྲོ་བརླག་གཏོང་འདོད་མེད། འཆི་བ་དྲན་པ་བྱེད་པས་ང་ཚོས་ལེ་ལོ་སྤངས་ཐུབ་པ་དང་། ང་ཚོ་མི་ཚེའི་ནང་གོ་སྐབས་གང་ཡོད་པ་དེ་ཚོ་བེད་སྤྱོད་གང་ཐུབ་གཏོང་ཐུབ། འོན་ཀྱང་གོ་སྐབས་དེ་ཚོ་བེད་སྤྱོད་བྱེད་དུས་སེམས་ལ་སེམས་ངལ་དང་དངངས་འཚབ་མེད་པ་དགོས་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་ཡང་སེ་གནས་ཚུལ་ཆུང་ཙག་རིགས་དང་གལ་ཆེན་མིན་པ་ལ་སེམས་ངལ་དངངས་འཚབ་ཡོང་གི་ཡོད་པ་དང་། སྐབས་རེ་ཆོས་བྱེད་སྐབས་སེམས་གུ་ཡངས་པོ་མེད་པར་མགོ་མཁྲེགས་པོ་ཆགས་ཀྱི་ཡོད། དེར་བརྟེན་ང་རང་ཚོ་ཆོས་ཉམས་ལེན་བྱེད་སྐབས་དྲང་པོ་དགོས་ཀྱང་། དེ་ཡང་སེམས་གུ་ཡངས་ལྷོད་པོའི་སྒོ་ནས་བྱེད་དགོས་ཀྱི་ཡོད། དེ་ལེ་ལོ་ཡོད་པའི་ཐོག་ནས་ཆོས་བྱེད་དགོས་པའི་དོན་མིན། གལ་སྲིད་ཁྱེད་རང་གིས་གཤིས་ཀ་བཟང་པོ་བཟོས་ཡོད་ན། འཆི་བའི་གནས་སྐབས་སུ་དཀའ་ངལ་གང་ཡང་ཡོང་གི་མ་རེད། གང་ཡིན་ཟེར་ན། གཤིས་ཀ་བཟང་པོ་དེ་ཚོས་འཆི་བའི་གནས་སྐབས་སུ་ཕན་ཐོགས་ཀྱི་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད།
འཆི་བ་ནི་རྒྱུ་མཚན་དང་མཐུན་པའི་མི་ཚེའི་མཇུག་སྡོམ་ཤིག་རེད།
དེ་ནས་ང་ཚོས་རྒྱུ་མཚན་གྱི་སྒོ་ནས་ཆོས་དེ་སངས་རྒྱས་ཀྱིས་གང་གསུངས་པ་དང་མཐུན་གྱི་ཡོད་མེད་དཔྱད་པ་བྱེད་ནས་གཏན་བབས་བྱེད་ཀྱི་ཡོད། ༼ཚད་མའི་རིགས་པ།༽ དེ་འདྲ་བྱེད་པ་ལ་ཆོས་གང་ལ་གང་འཚམས་ཐོས་དགོས་པ་དང་ནང་ཆོས་ཀྱི་དེབ་མང་པོ་ཀློག་དགོས། ནང་པའི་ཆོས་སྲོལ་མང་པོའི་ནང་མི་རྟག་པའི་སྐོར་བཤད་ཀྱི་ཡོད། བྱས་ཙང་། དེ་ནི་སངས་རྒྱས་ཀྱིས་གང་གསུངས་པ་དང་མཐུན་གྱི་ཡོད།
དེ་རྒྱུ་མཚན་དང་ལྡན་པ་རེད་དམ་ཞེ་ན། རེད། ང་ཚོ་ཉིན་རེ་བཞིན་འཆི་བ་ལ་ཐག་ཉེ་རུ་འགྲོ་གི་ཡོད་རེད། ཉིན་མ་གཅིག་ང་ཚོ་ཤི་གི་རེད། འཆི་བ་ནི་ཡོང་ངེས་པ་རེད། གང་ཡིན་ཞེ་ན། འཆི་བའི་དུས་ཚོད་སླེབས་དུས་སུ་གཅིག་ཀྱང་དེ་ལས་གཡོལ་ཐབས་མེད་པ་རེད། ང་ཚོའི་ཚེ་ཚད་རིང་དུ་གཏོང་མི་ཐུབ་ལ་ཚེ་ཚད་ཇི་ཙམ་ལྷག་ཡོད་པ་དེ་ཡང་ཉིན་ནས་ཉིན་དང་། སྐར་མ་ནས་སྐར་མ། སྐར་ཆ་ནས་སྐར་ཆ་ཐུང་དུ་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོས་སེམས་ཚོར་ལྡན་པའི་སྒོ་ནས་གཏིང་རིང་པོར་བསམ་བློ་གཏོང་རྒྱུ་དེ་དངོས་གནས་དྲང་གནས་གལ་ཆེན་པོ་རེད། དེ་ཡང་ང་ཚོས་གནད་དོན་གཅིག་ལ་གཟབ་ནན་བྱེད་པའི་སྐབས་སེམས་གུ་དོག་པོ་དང་རྒོད་པོ་མེད་པར། གུ་ཡངས་དང་ལྷོད་པོའི་ཐོག་ནས་བྱེད་ཐུབ། ང་ཚོ་གསོན་པོར་འཚོ་བའི་སྐབས་སུ་ཆོས་བྱེད་རྒྱུའི་དུས་ཚོད་རག་མེད་ནའང་ཤི་རྒྱུ་ནི་ངེས་པ་རེད། སྔོན་ནས་ད་བར་སེམས་ཅན་སྐྱེས་ནས་འཇིག་རྟེན་ནང་འཚོ་སྡོད་བྱས་མྱོང་ཡོད་པ་གཅིག་ཀྱང་མ་ཤི་ནས་ད་ལྟ་བསྡད་ཡོད་པ་སྟོན་རྒྱུ་མེད།
ཕན་ཐོགས་ལྡན་པའི་འབྲས་བུ།
འབྲས་བུ་གང་འདྲ་ཞིག་ཡོང་ངམ། ང་ཚོ་དངོས་གནས་འཆི་བ་ཡོང་གི་ཡོད་པ་དང་ང་ཚོ་ལ་མི་ལུས་རིན་པོ་ཆེ་ཡོད་པ་ཡིད་ཆེས་རྙེད་པ་ཞིག་བྱུང་ན། དེའི་འབྲས་བུ་ནི། ང་ཚོས་ལེ་ལོ་ཉུང་དུ་གཏོང་ཐུབ་པ་དང་མི་ཚེའི་ནང་རང་ཉིད་ལ་གོ་སྐབས་གང་ཡོད་པ་ལས་ཁེ་ཕན་གང་ཐུབ་ཅི་ཐུབ་ཀྱིས་ལེན་འཇུག་གི་རེད།དེ་ནི་ཕན་ཐོགས་ལྡན་པ་ཞིག་ཡིན་པ་ང་རང་ཚོ་རང་གི་ཉམས་མྱོང་ལས་ཤེས་ཐུབ་ཀྱི་རེད།
རིགས་པ་བཞི་པ་དངོས་པོའི་ཆོས་ཉིད་དམ་རང་བཞིན་ནི། གང་འཚོ་ཞིང་གནས་པ་ཐམས་ཅད་ཤི་ནས་མེད་པ་ཆགས་རྒྱུ་རེད། འདི་ནི་དངོས་པོའི་རང་བཞིན་རེད། དངོས་པོའི་གནས་ལུགས་དེ་ལ་ང་ཚོས་ཁས་ལེན་བྱེད་དགོས་པ་ལས་གཞན་གང་ཡང་བྱེད་མི་ཐུབ།
དཔེ་འདི་ལ་གཞིར་བཞག་ནས་ང་ཚོས་རིགས་པ་བཞི་པོ་འདི་དག་སོ་སོ་རང་གི་ཉམས་མྱོང་དང་འབྲེལ་ནས་ལག་བསྟར་བྱེད་ཚུལ་དང་། ཆོས་ལ་དཔྱད་པ་བྱེད་ཚུལ་ཤེས་ཐུབ་ཀྱི་ཡོད། འདི་ནི་ད་ལྟ་འགྲོ་བཞིན་པའི་བྱ་བའི་རྒྱུད་རིམ་ཞིག་ཡིན་པས། བརྒྱ་ཆ་བརྒྱ་ཡིད་ཆེས་རྙེད་ནས་སོ་སོའི་མི་ཚེའི་ནང་མཉམ་སྡེབ་བྱེད་ཡག་ལ་དཀའ་ལས་མང་པོ་རྒྱག་དགོས་ཀྱི་ཡོད། ཤེས་སྟོབས་ཀྱི་ཆ་ནས་ཡིད་ཆེས་རྙེད་རྒྱུ་ལས་སླ་མོ་ཡོད་ཀྱང་། སེམས་ཚོར་གྱི་ཆ་ནས་སེམས་གཏིང་ནས་ཡིད་ཆེས་རྙེད་རྒྱུ་དཔེ་ཁག་པོ་རེད། སེམས་དང་ལུས་ཀྱང་ཁག་ཁག་རེད། དཔེར་ན། ངའི་གྲོགས་པོ་འདས་གྲོངས་སུ་ཕྱིན་པའི་སྐབས་ང་རང་ལ་སེམས་དང་སེམས་ཚོར་གྱི་ཆ་ནས་ཞི་བདེའི་ཚོར་བ་གང་ལ་གང་འཚམས་ཤིག་ཡོད་ཀྱང་། ལུས་ཀྱི་ཆ་ནས་རང་ཉིད་ནུས་པ་དང་བྲལ་བའམ་ཧ་ཅང་ཐང་ཆད་པའི་ཚོར་བ་སླེབས་སོང་།
དེ་འདྲ་ཡིན་དུས་ལུས་ལ་སྡུག་བསྔལ་ཡོང་གི་ཡོད། གང་ཡིན་ཟེར་ན། “མི་ཤི་མཁན་ཚང་མའི་” ལུས་ཀྱི་སྟེང་ནས་ཆོས་ཐམས་ཅད་མི་རྟག་པའི་གོ་རྟོཌ་དེ་ཡོང་བ་དཀའ་ལས་ཁག་པོ་རེད། སེམས་ནང་སྐྱོ་སྣང་གི་ཚོར་བ་དུས་ནས་དུས་སུ་ཡོང་གི་ཡོད་པ་ནི་རང་བཞིན་རེད། ང་ཚོ་སངས་རྒྱས་མ་རེད་ལ་ཐར་པ་ཐོབ་པའི་གང་ཟག་ཀྱང་མ་རེད། ང་ཚོ་ད་ལྟ་ཉོན་མོངས་དང་སྡུག་བསྔལ་ལས་ཐར་ཡོད་མ་རེད། འོན་ཀྱང་ཉོན་མོངས་དང་བྲལ་ཞིང་། སྡུག་བསྔལ་མེད་པ་ཡོང་བའི་དམིགས་ཡུལ་ཞིག་ང་ཚོས་བཟུང་གི་ཡོད།
ཕྱོགས་བསྡོམས།
ང་ཚོས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་དེ་དངོས་གནས་ཤེས་སོང་ན། གཞི་ནས་དམིགས་ཡུལ་ཞིག་སྒྲིག་ཆོག ང་ཚོ་ལ་དངོས་གནས་གང་དགོས་པ་དེ་ཤེས་སོང་ན། དེ་འཐོབ་པའི་ཆེད་དུ་གོམ་པ་མདུན་སྤོས་ཀྱིས་འབད་བརྩོན་བྱེད་ཐུབ། གོང་གི་རིགས་པ་བཞི་པོ་དེ་དག་གིས་ང་ཚོ་གང་བྱེད་ཀྱི་ཡོད་པ་ལ་ངེས་པ་རྙེད་རྒྱུ་ཕན་ཐོགས་བྱེད་ཀྱི་ཡོད།
ང་ཚོས་འཆི་བ་སྒོམ་པའི་སྐབས་དངོས་གནས་ཤི་རྒྱུ་ཡིན་པ་ཡོངས་སུ་ཤེས་ཀྱི་ཡོད་ཀྱང་། ག་དུས་ཤི་གི་ཡོད་པ་ཤེས་ཀྱི་མེད། བྱས་ཙང་། ང་ཚོ་དངོས་གནས་གང་བྱེད་དགོས་པའི་ཐད་ལ་མུ་མཐུད་དེ་འབད་བརྩོན་བྱེད་རྒྱུ་སྐུལ་མ་ཐེབས་ཀྱི་ཡོད། འཆི་བ་དྲན་པ་ལ་བརྟེན་ནས་ལེ་ལོའི་དབང་དུ་མི་ཤོར་བ་དང་སེམས་ངལ་མི་ཡོང་བ་སོགས་ང་ཚོའི་རྒྱུད་ལ་འགྱུར་བ་ཤུགས་ཆེན་ཞིག་ཐེབས་པར་བྱེད་དོ།།