སྒོམ་གྱིས་ག་རེ་བྱེད་ཀྱི་ཡོད་དམ།

སྒོམ་ནི་ང་ཚོའི་མི་ཚེ་ཡར་རྒྱས་དང་འགྱུར་བཅོས་གཏོང་བའི་ཐབས་ལམ་ཞིག་རེད། དེ་གང་འདྲ་བྱས་ནས་རེད་ཟེར་ན། ང་ཚོའི་མི་ཚེ་ལ་སོ་སོའི་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་དང་སེམས་ཁམས་ཀྱི་ཉམས་འགྱུར་གྱིས་ཤུགས་གནོན་སྤྲོད་ཀྱི་ཡོད། དེ་ཡང་སོ་སོའི་འཚོ་ཐབས་དང་། དཔལ་འབྱོར་གྱི་གནས་སྟངས། དེ་བཞིན་ང་ཚོས་དུས་ཚོད་མཉམ་དུ་སྐྱེལ་སའི་མི་རྣམས་ཀྱིས་གནོན་ཤུགས་སྤྲོད་ཀྱི་ཡོད།གལ་སྲིད་ང་ཚོ་ལ་མི་ཚེའི་ཉམས་མྱོང་ཞིག་ཡོད་ན། སོ་སོའི་ཕྱིའི་གནས་སྟངས་ལས་ཀ་དང་། རྒྱུ་ནོར་ལོངས་སྤྱོད། གྲོགས་པོ་སོགས་འགྱུར་བ་ཕྱིན་ཀྱང་། ནང་སེམས་ཀྱི་གནས་བབས་དང་བློའི་འཁྱེར་ཕྱོགས་ལ་འགྱུར་བ་མེད་པ་རང་འཇགས་བསྡད་པ་ཡིན་ན། ང་ཚོ་ལ་དཀའ་ངལ་རང་འཇགས་ཡོང་སྡོད་ཀྱི་ཡོད་པ་ཤེས་གསལ་རེད། ང་ཚོ་ལ་གྲོགས་པོ་ག་ཚོད་མང་པོ་ཡོད་ཀྱང་ད་དུང་སོ་སོ་ལ་ཉེན་སྲུང་མེད་པའི་ཚོར་སྣང་ཡོང་གི་ཡོད། གལ་སྲིད་ང་ཚོ་ཕྱུག་པོ་ཡིན་ནའང་ད་དུང་རླུང་ལངས་པ་དང་སུན་སྣང་ཡོང་བ་ལ་ཁྱད་པར་གང་ཡང་མེད། དེའི་རིགས་ནི་ཕྱི་དངོས་པོའི་གནས་སྟངས་འགྱུར་བ་ཕྱིན་པ་ཙམ་གྱིས་འགྱུར་བ་འགྲོ་གི་མེད་པར། ནང་བསམ་བློའི་འཁྱེར་སོ་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད།

གནས་སྟངས་འདི་འདྲའི་སྐབས་ལ་སྒོམ་གྱིས་ཕན་ཐོགས་ཡོང་གི་ཡོད། གང་ཡིན་ཟེར་ན། ང་ཚོའི་མི་ཚེའི་རིན་ཐང་ལ་འགྱུར་བ་ངོ་མ་ཞིག་གཏོང་དགོས་ན། སོ་སོའི་སེམས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད། དེ་ནི་རང་གི་ཤེས་སྟོབས་ཀྱི་ཡོན་ཏན་དང་དམིགས་པ་རྩེ་གཅིག་པ་གོང་འཕེལ་དུ་བཏང་ནས་ལེ་ལོ་མེད་པ་བཟོས་པ་ཙམ་ལ་གོ་ཡི་མེད། དེ་དག་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་ང་ཚོ་དེ་ལས་གཏིང་ཟབ་པའི་སེམས་ཚོར་གྱི་གནས་སྟངས་ཏེ། མི་ཚེའི་ནང་ཉེན་སྲུང་མེད་པ་དང་མགོ་རྨོངས་པའི་ཐད་ལ་བསམ་ཞིབ་བྱེད་དགོས་ཀྱི་ཡོད།

སྐབས་དོན་ནང་པ་སངས་རྒྱས་པའི་སྒོམ།

ང་ཚོས་སྒོམ་ཞེས་པ་དེ་ནང་པ་ཙམ་མིན་པ་ཆོས་ལུགས་གཞན་མང་པོའི་ནང་ཡོད་པ་ཤེས་ཀྱི་ཡོད། སྐབས་དོན་ནང་པ་ལྟར་ན། སྒོམ་གྱི་གོ་དོན་ནི་ཡང་ནས་ཡང་དུ་བསྐྱར་ཟློས་ཀྱིས་གོམས་པར་བྱས་པའི་ཐབས་ལམ་ལ་བརྟེན་ནས་བཟང་ཕྱོགས་དགེ་བའི་སེམས་ཀྱི་གནས་བབས་རྟོགས་པར་བྱེད་པ་ཞིག་ལ་གོ་ཡི་ཡོད། དེ་ནི་རྩེད་མོའི་རིགས་དང་རོལ་ཆ་ལ་ཡང་ནས་ཡང་དུ་སྦྱོང་བརྡར་བྱེད་པ་ནང་བཞིན་ཡོད་ཀྱང་། སྒོམ་ཀྱི་སྐབས་སུ་བཟང་ཕྱོགས་དགེ་བའི་སེམས་བསྐྱེད་པ་བྱས་ནས་དེ་སོ་སོའི་རྒྱུད་ལ་གོམས་འདྲིས་ཐེབས་པ་བྱེད་ཀྱི་ཡོད། སྒོམ་དང་པོ་རྒྱག་དུས་བཙན་དབང་དང་རང་བཞིན་མིན་པའི་གནོན་ཤུགས་ཀྱི་ཚོར་སྣང་ཞིག་ཡོང་གི་ཡོད། ཡིན་ནའང་རིམ་པས་སེམས་ཀྱི་གནས་བབས་ལ་གོམས་འདྲིས་ཐེབས་ནས་རང་བཞིན་གྱིས་སོ་སོའི་ཆ་ཤས་སུ་འགྱུར་འགྲོ་བ་ཡིན།

སེམས་ཀྱི་གནས་བབས་དེ་འདྲ་ཞིག་བསྐྱེད་པའི་རྒྱུ་མཚན་ཙམ་གྱིས་དེ་མི་འཚམས་པ་ཞིག་ཡིན་པའི་དོན་མ་ཡིན། གལ་ཏེ་ང་ཚོས་སེམས་ཀྱི་གནས་བབས་གསར་པ་ཞིག་གོང་འཕེལ་དུ་གཏོང་ཐབས་བྱེད་ཀྱི་ཡོད་ན། དེ་རང་བཞིན་མ་ཡིན་པ་ཡིན་པ་བསམ་རྒྱུ་མེད། མི་མང་པོ་ཞིག་གིས་སོ་སོའི་རང་བཞིན་གང་ཡིན་པ་དེ་ལ་འགྱུར་བ་གང་ཡང་མ་བཏང་བར་གནས་ན་ཡག་ཤོས་རེད་བསམ་གྱི་ཡོད། ཡིན་ནའང་གལ་སྲིད་ང་ཚོས་རང་བཞིན་གྱི་གནས་བབས་དེ་རང་ལ་གནས་པ་ཡིན་ན། ད་དུའང་ཕྲུ་གུ་ཆུང་ཆུང་ནང་བཞིན་གོས་ཐུང་ནང་གཅིན་པ་བཏང་ནས་བསྡད་ཀྱི་རེད། འོན་ཀྱང་ང་ཚོའི་མི་ཚེ་ཡར་རྒྱས་གཏོང་ཡག་གི་ཆེད་དུ་ཐབས་ལམ་མང་པོའི་ཐོག་ནས་སྦྱོང་བརྡར་བྱས་ཡོད། བྱས་ཙང་། སོ་སོའི་སེམས་ལའང་དེ་ག་ནང་བཞིན་བྱེད་ཐུབ་ལ་བྱེད་དགོས་ངེས་རེད།

ང་ཚོ་སོ་སོའི་རང་བཞིན་གང་ཡིན་པ་དེ་རང་ལ་གནས་ན་ཚང་མ་འགྲིག་འགྲོ་གི་རེད་ཅེས་རྩོད་གླེང་བྱེད་མི་ཐུབ། གང་ཡིན་ཟེར་ན། རང་བཞིན་དེ་ལ་གནས་པས་དུས་རྟག་ཏུ་འབྲས་བུ་ཡག་ཤོས་ཡོང་གི་ཡོད་པའི་ངེས་པ་མེད། དཔེར་ན། ཕྲུ་གུ་ཆུང་ཆུང་ངུ་བཞིན་ཡོད་པ་ལ་སོ་སོ་རླུང་ལངས་པ་ཡིན་ན། ཕྲུ་གུ་ངུ་མཚམས་འཇོག་ཕྱིར་རང་བཞིན་གྱིས་གཞུ་འདོད་ཡོང་གི་ཡོད། དེ་ནི་ཡག་པོ་ཞིག་གང་ཡང་མ་རེད། རེད་དམ་མ་རེད། དམིགས་བསལ་གྱི་ཁྱེད་རང་མཚན་ལ་གཉིད་སྐྱིད་པོ་ཁུག་ཡོད་པའི་སྐབས་སུ་ཕྲུ་གུས་ངུ་སྐད་རྒྱག་འགོ་བཙུགས་ན་ཕྲུ་གུར་གཞུ་འདོད་དེ་རང་བཞིན་གྱིས་སེམས་ནང་དང་པོ་ནས་དྲན་སྲིད་ཀྱང་། ང་ཚོས་དེ་འདྲ་བྱས་ན་རན་པོ་མེད་པ་ཤེས་དགོས་ཀྱི་ཡོད།

དེ་འདྲ་ཡིན་ཙང་། ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་རྒྱུད་རིམ་ནང་ང་ཚོར་མེད་དུ་མི་རུང་བའི་གལ་གནད་ཅན་ཞིག་ཡོད་པ་ནི་སྒོམ་ཡིན། མི་མང་པོ་ཞིག་གིས་ནོར་ནས་ཉམས་ལེན་དང་སློབ་སྦྱོང་གཉིས་ངོ་ངོ་ཐ་དད་ཡིན་བསམ་གྱི་ཡོད། ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དེ་ནི་ནམ་ཡང་མ་རེད།

བརྙན་པར། དགེ་བཤེས་ལྷག་རྡོར། “བོད་ཡིག་སྦྱོང་རྒྱུ་ག་ཚོད་ཀྱི་གལ་ཆེན་པོ་རེད་དམ།”

ཕན་ཐོགས་ལྡན་པའི་གོམས་གཤིས་གོང་འཕེལ་གཏོང་བ།

ཕན་ཐོགས་ལྡན་པའི་གོམས་གཤིས་གོང་འཕེལ་གཏོང་བ་ལ། ང་ཚོས་དེ་རྣམས་གང་ཡིན་པར་སློབ་སྦྱོང་བྱེད་དགོས། འོན་ཀྱང་དེ་དག་ལ་སྦྱོང་རྒྱུ་དེ་ནི་མཐར་ཐུག་དང་དེ་རང་ལ་རྫོགས་འགྲོ་བ་ཞིག་མ་ཡིན་པར། སྒོམ་ཉམས་ལེན་སྐབས་བྱེད་ཀྱི་ཡོད་པ་ནང་བཞིན་སོ་སོ་དང་མཉམ་སྡེབ་ཀྱིས་དབྱེ་བ་མེད་པ་བཟོ་དགོས། དེ་ནི་ཟས་ལྟ་བུར་དཔེ་ཆ་བཞག་ན། དང་པོ་ཟས་དེ་ཁ་ནང་བཅུག་ནས་ལྡད་མུར་མ་བྱས་པ་ཡིན་ན། དེ་འཇུ་ཐུབ་ཀྱི་མེད་པ་ནང་བཞིན་ང་ཚོས་ཆོས་ལ་ཐོས་བསམ་གྱིས་སེམས་ནང་མ་བཅུག་པ་ཡིན་ན། སྒོམ་རྒྱག་དུས་དེའི་བྲོ་བ་སླེབས་ཐབས་ཡོད་མ་རེད། དེ་བཞིན་དུ་ཟས་ལྟ་བུ་ཁ་ནང་ལྡད་མུར་ཙམ་བྱས་ནས་ཕྱིར་གཡུགས་ན་ཕན་ཐོགས་གང་ཡང་མེད། ཟས་ཀྱིས་ང་ཚོར་ཕན་པ་ཞིག་ཡོང་བར་དེ་ལྡད་མུར་གྱིས་མིད་ཁྱུར་བཏང་ནས་འཇུ་ཐུབ་པར་བྱེད་དགོས་པ་ལྟ་བུ་རེད།

ང་ཚོས་སྒོམ་གང་འདྲ་བྱས་ནས་རྒྱག་འགོ་བཙུག་ཐུབ་བམ། སྒོམ་ནི་གོང་དུ་བཤད་པ་ལྟར་རྒྱུད་རིམ་གྱི་ཆ་ཤས་གསུམ་ཡོད་པ་ལས་གསུམ་པ་དེ་རེད། འདི་ལྟ་བུའི་སྒྲོམ་གཞི་ནི་ཧིན་དྷུའི་རིག་བྱེད་ཀྱི་གཞུང་གསང་བ་པའམ་ཨུཔ་ནི་ཥད་ལྟ་བུ་རྒྱ་གར་གྱི་ལྟ་སྒྲུབ་ལམ་ལུགས་ཚང་མའི་ནང་ཡོད། མི་མང་པོ་ཞིག་གིས་ནང་པའི་ཆོས་ཀྱི་ནང་བཀོལ་སྤྱོད་བྱེད་བཞིན་པའི་ཐབས་ལམ་མང་པོ་ཞིག་རྒྱ་གར་གྱི་གནའ་བོའི་ལྟ་སྒྲུབ་ཆོས་སྲོལ་དང་ཐུན་མོང་དུ་མཉམ་སྤྱོད་བྱེད་ཀྱི་ཡོད་པ་ལ་ཡི་རངས་ཀྱིས་ངོས་ལེན་བྱེད་ཀྱི་མེད་པའི་བཟོ་འདྲ་ཞིག་ཡོད། གང་ལྟར་ཐབས་ལམ་གཅིག་པ་ཡིན་སྲིད་ནའང་། ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། ང་ཚོའི་དམིགས་ཡུལ་གང་ཡིན་པ་དང་། དངོས་པོའི་གནས་ལུགས་ལ་གོ་རྟོགས་གང་ཡོད་པ་དང་། དེ་བཞིན་ང་ཚོའི་ཀུན་སློང་གང་ཡིན་པ་བཅས་ནང་དོན་གྱི་ཆ་ནས་ཆོས་ལུགས་གཞན་དང་མི་འདྲ་བ་ཡོད།

ཆ་ཤས་གསུམ་ཡོད་པ་ནི། ཐོས་པ་བྱེད་པ་དང་། བསམ་ཞིབ་བྱེད་པ། སྒོམ་རྒྱག་པ་བཅས་རེད། གལ་སྲིད་ང་ཚོས་སྐབས་དོན་ནང་ཆོས་ལྟར་སྒོམ་རྒྱག་གི་ཡོད་ན། སྒོམ་དེ་ནང་པ་སངས་རྒྱས་པའི་ཆོས་ཤེས་རྟོགས་ཡོང་བ་ལ་བེད་སྤྱོད་བྱེད་ཀྱི་ཡོད།

ཆོས་ཉན་པ། ༼ཐོས་པ།༽

ཆ་ཤས་དང་པོ་དེ་ལ་ཐོས་པ་ཟེར་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཐོག་མར་ཤེས་དགོས་ཡག་ལ། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་ཆོས་གཅིག་ཀྱང་ཡིག་ཐོག་ནང་བྲིས་མེད་པ་རེད། དེ་འདྲ་ཡིན་དུས། ཆོས་ལ་སློབ་གཉེར་བྱེད་པ་ལ་ཕལ་ཆེར་ལམ་ཁ་གཅིག་ལས་མེད་པ་ནི་མི་གཞན་ཞིག་གིས་བློ་ཐོག་ནས་འགྲེལ་བཤད་གནང་བ་དེ་ལ་ཉན་དགོས་ཀྱི་ཡོད། དེང་སང་ཆོས་རྣམས་དཔེ་དེབ་ནས་ཀློག་ཐུབ་ཀྱི་ཡོད་པས། ང་ཚོས་གཞན་ཞིག་ནས་ཐོས་པ་བྱེད་ན་ཕན་ཐོགས་ཡོད་དམ། ཐོས་པའི་ཕན་ཡོན་ཡོད་དེ། དེས་ང་ཚོ་འཚོ་ཞིང་བཞུགས་པའི་དགེ་བའི་བཤེས་གཉེན་ཞིག་དང་ཐད་ཀར་འབྲེལ་བ་ཡོང་བ་དང་། ཁོང་གིས་སློབ་ཕྲུག་ལ་དཔག་པའི་ཐབས་ལམ་སྣ་ཚོགས་ཀྱིས་ཆོས་ཤེས་ཐབས་གནང་བ་མ་ཟད། དེབ་ཀློག་པ་ནང་བཞིན་མ་ཡིན་པར། ང་ཚོར་དྭོགས་པ་སོགས་གང་ཡོད་ཀྱང་ཐད་ཀར་དགེ་རྒན་ལ་བཀའ་འདྲི་ཞུ་ཐུབ་ཀྱི་ཡོད།

ཆོས་ཉན་པའི་སྐབས་དགེ་རྒན་གྱིས་གང་གསུངས་པ་ལ་དོ་སྣང་ཡག་པོ་མ་སྤྲད་པ་ཡིན་ན། ཁྱེད་ཀྱིས་ཡང་བསྐྱར་དེབ་ཀློག་པ་ནང་བཞིན་བལྟ་ཀློག་བྱེད་མི་ཐུབ་པ་མ་ཟད། ད་དུང་ཁྱེད་རང་མི་ཚོགས་མང་པོ་མཉམ་དུ་དགེ་རྒན་རྩ་ནས་ཆོས་ཉན་པའི་སྐབས་ཁྱེད་རང་གིས་ཡག་པོ་མ་ཉན་པའི་རྒྱུ་མཚན་ཙམ་གྱིས་ཡང་བསྐྱར་གསུངས་རོགས་གནང་ཞུས་ན་ངོ་ཚ་པོ་ཞིག་ཡོད། དེ་བཞིན་ཁྱེད་རང་མི་ཚོགས་ཀྱི་གྲལ་མཐའ་མར་སྡོད་ཡོད་པ་དང་ཡག་པོ་མི་གོ་བ། ཚོགས་ཁང་ནང་ཚ་བ་ཆེན་པོ་ཡོད་པས། ཁྱེད་རང་གཉིད་བྲོ་བ་ཡོང་གི་ཡོད་པ་སོགས་ཀྱི་གྱོང་གུན་ཀྱང་མང་པོ་ཡོད། ཡིན་ནའང་དེས་ཁྱེད་རང་འབད་བརྩོན་མང་བ་བྱེད་དགོས་པའི་དོན་ཡིན་ཞིང། དེ་ནི་ནང་ཆོས་ལ་སློབ་གཉེར་བྱེད་དུས་ཡར་རྒྱས་གཏོང་དགོས་པའི་ཁྱད་ཆོས་ཤིག་ཡིན། ནང་ཆོས་ལ་ཉམས་ལེན་དང་སློབ་གཉེར་བྱེད་རྒྱུ་དེ་ནི་ཧུར་བརྩོན་དང་བྲལ་ཞིང་ཞུམ་པའི་ཐབས་ལམ་ཞིག་རྩ་ནས་མ་རེད།

དགེ་རྒན་རྣམས་ལ་ལམ་སྟོན་བྱེད་དགོས་རྒྱུ་ཞིག་ནི། དང་པོ་ནས་འགྲེལ་བཤད་གསལ་པོ་དང་ཞིབ་ཚགས་པོ་རྒྱག་མི་དགོས་པར། དོན་ངོ་མར་སློབ་ཕྲུག་ཚོ་ལ་དཔེ་ལས་སླ་པོ་བཟོ་རྒྱུ་མེད་པ་དེ་རེད། ང་ལྟ་བུ་ཞིབ་ཚགས་པོ་དགོས་མཁན་ཞིག་ཡིན་ན་དཀའ་ལས་ཁག་པོ་ཡོད། གལ་སྲིད་ངའི་དགེ་བའི་བཤེས་གཉེན་༧སྐྱབས་རྗེ་གསེར་ཀོང་རིན་པོ་ཆེས་ནན་ཏན་གྱིས་གསུངས་པའི་གདམས་ངག་ལ་ཉན་པ་ཡིན་ན། ང་ཁོང་གི་སྐད་བསྒྱུར་བྱས་སྐབས། ཁོང་གིས། “དང་པོ་ནས་འགྲེལ་བརྗོད་ཞིབ་ཚགས་པོ་རྒྱག་རྒྱུ་མེད། གང་ཡིན་ཟེར་ན། སློབ་ཕྲུག་ནང་ནས་དངོས་གནས་དོ་སྣང་ཡོད་མཁན་དང། ཡང་དོ་སྣང་མེད་པར་རྒྱུ་མཚན་གཞན་ཞིག་ལ་བརྟེན་ནས་ཆོས་བཤད་སར་ཡོང་མཁན་དབར་ཁག་ཁག་དབྱེ་བ་འབྱེད་དགོས་ཀྱི་ཡོད། དངོས་གནས་དོན་གཉེར་ཡོད་མཁན་ཡིན་ན། ཁོ་ཚོས་དྲི་བ་མང་བ་དྲིས་ནས་སྦྱོང་རྒྱུའི་འདུན་པ་ཤུགས་ཆེན་པོ་སྐྱེ་གི་ཡོད་རེད་།” ཅེས་གསུངས་སོང་།

གལ་ཏེ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་ཁྱེད་ཀྱིས། དགེ་རྒན་དེ་གསལ་པོ་དང ་ཞིབ་ཚགས་པོ་ཞིག་མི་འདུག་ཅེས་སྐྱོན་བརྗོད་བྱས་ན། ཁྱེད་རང་ཡང་བསྐྱར་ཆོས་ཉན་དུ་འགྲོ་འདོད་མེད་པར། དགེ་རྒན་དེ་ལ་ཁྱད་ཆོས་ཚང་ཡོད་མེད་ཀྱིས་བརྟག་དཔྱད་བྱེད་དགོས་ཀྱི་རེད། དཔེར་ན། དགེ་རྒན་དེ་དངོས་གནས་ཚད་ལྡན་ཞིག་མེད་པ་དང་ཁ་གསལ་པོ་དང་ཞིབ་ཚགས་པོའི་འགྲེལ་བརྗོད་བྱེད་སྟངས་ཤེས་ཀྱི་མེད་པ་ཡིན་ནམ། ཞེས་དེ་འདྲའི་དཔྱད་པ་བྱེད་མཁན་སློབ་ཕྲུག་མང་པོ་ཡོད་པ་རེད། ཡང་ན་དགེ་རྒན་གྱིས་སློབ་ཕྲུག་ཚོར་སྙིང་རུས་དང་བཟོད་བསྲན་ཡར་རྒྱས་གཏོང་བར་སྐུལ་མ་བྱེད་པའི་ཆེད་དུ་དགོས་པའི་དབང་གིས་ཞིབ་ཚཌ་པོ་མི་སློབ་པ་རེད་དམ། གང་ལྟར་ཡང་། ཐོས་པའི་དགོས་དོན་ཡོངས་རྫོགས་ནི་རིམ་པ་གཉིས་པ་སྟེ། གང་ཐོས་པ་དེ་ལ་བསམ་བློ་གཏོང་བའི་ཆེད་དུ་ཡིན། དགེ་རྒན་གྱིས་དྲི་བ་ལ་ལན་ལམ་སེང་མ་གནང་བ་ཡིན་ན། དེ་ཕན་ཐོགས་ཆེ་བ་ཡོད། གང་ཡིན་ཞེ་ན། དེས་དང་པོ་སློབ་མ་རང་གི་ངོས་ནས་བསམ་བློ་གཏོང་འཇུག་གི་ཡོད། དེ་ལ་བརྟེན་ནས་གང་བཤད་པའི་ཆོས་ལ་སྒེར་གྱི་ངོས་ནས་དཔྱད་པ་བྱ་རྒྱུ་ཕན་ཐོགས་ཆེན་པོ་ཡོད།

ཆོས་ལ་དཔྱད་པ་བྱེད་པ།

ཆོས་ཀྱིས་སོ་སོ་རང་ཉིད་ལ་ཕན་གྱི་འདུག་མི་འདུག་དཔྱད་པ་བྱ་རྒྱུ་ཤིན་དུ་གལ་ཆེན་པོ་རེད། དེ་ལ་གོ་རྒྱུ་ཡོད་མེད་དང་། དེའི་ཐད་ལ་སོ་སོས་གང་བསམ་གྱི་འདུག་བལྟས་ནས་སོ་སོའི་བསམ་ཚུལ་ལ་རྒྱབ་རྟེན་གྱི་སློབ་གསོ་རག་པ་བྱེད་དགོས། དེ་ནི་སློབ་ཕྲུག་མང་པོ་འཚོགས་པའི་སྐབས་དཀའ་ལས་ཁག་པོ་ཡོད་པ་དང་། དམིགས་བསལ་གྱིས་སོ་སོའི་དགེ་རྒན་དང་ལོ་རེ་མ་གཏོགས་ཐུག་འཕྲད་ཡོང་གི་མེད་ན། དེ་བས་ཀྱང་དཀའ་ལས་ཁག་བ་ཡོད། འདིར་ངས་ག་རེ་ཡག་ག་དང་འོས་པ་ཡོད་མེད་ཀྱི་སྐོར་བཤད་ཀྱི་ཡོད། ནང་པའི་ཆོས་ཚོགས་མང་པོའི་ནང་དགེ་རྒན་དང་བླ་མ་སློབ་དཔོན་རྣམས་རྟག་ཏུ་བཞུགས་ཀྱི་མེད་པས། སོ་སོས་དཔེ་དེབ་ཀློག་རྒྱུ་དང་། སྒྲ་འཛིན་འཁོར་ཐག་ནས་ཉན་དགོས་ཀྱི་ཡོད། དེ་དག་ལས་མང་པོ་ཞིག་སྦྱང་ཐུབ་ཀྱི་ཡོད། ང་ཚོས་དཔེ་དེབ་དེ་ཚོ་བཅོས་སྒྲུང་གི་དེབ་འདྲ་པོའམ། ཡང་ན་གསང་སྤྱོད་བེད་སྤྱོད་གཏོང་སྐབས་ཀློག་རྒྱུ་ལྟ་བུར་བརྩི་རྒྱུ་མེད་པར། དཔེ་དེབ་རིགས་ཀློག་དུས་སེམས་ནང་བརྩི་བཀུར་ཡོད་པའི་སྒོ་ནས་ག་ལེར་ཀློག་དགོས་པ་དང་། དེའི་ནང་གི་གནད་འགག་ཅན་གྱི་དོན་ལ་བསམ་བློ་གཏོང་དགོས། གལ་སྲིད་ཁྱེད་རང་ཆོས་ཚོགས་དགེ་རྒན་མེད་ས་དེ་འདྲའི་ནང་ཡོད་ནའང་དཔེ་དེབ་བཀླགས་ནས་གནད་དོན་དེ་དག་ཐོག་ཚོགས་མི་རྣམས་མཉམ་རུབ་ཀྱིས་གྲོས་བསྡུར་བྱེད་ན་འགྲིག་གི་རེད། མི་ཁ་ཤས་ལ་གོ་བ་ཡག་ག་ཡོང་གི་ཡོད་པས་ཁོང་ཚོས་གཏིང་ཟབ་པའི་གོ་རྟོགས་རྣམས་གཞན་ལ་མཁོ་སྤྲོད་བྱེད་ཐུབ་པ་ཡོང་གི་ཡོད། གལ་སྲིད་ང་ཚོ་ “ཁྱིམ་མེད་པའི་ཆོས་པ་” ཆོས་ཚོགས་ལ་མི་འགྲོ་མཁན་ལྟ་བུའམ། ཡང་ན་སོ་སོའི་ཉེ་འཁོར་དུ་ཡོད་པ་རྣམས་ཁྱིམ་ནང་བཞིན་མི་ཚོར་མཁན་ལྟ་བུ་ཡིན་ན། དེང་སང་དྲ་ཐོག་བརྒྱུད་ནང་པའི་སྐོར་གྲོས་བསྡུར་ཚོགས་པ་དེ་འདྲ་སོ་སོར་རན་ཞིང་འཚམས་པ་རྙེད་དུས་དེའི་ནང་མཉམ་ཞུགས་བྱེད་ན་ཕན་ཐོགས་པོ་ཡོད་རེད།

འདི་ལྟ་བུའི་ཕན་ཚུན་གོ་བསྡུར་བྱ་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་རེད། དེ་མིན་ན་ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་ཤེས་ཡོན་ཙམ་ལས་སོ་སོའི་མི་ཚེ་དངོས་ཀྱི་ནང་འབྲེལ་བ་མེད་པ་འདྲ་པོ་རེད། དེའི་ཐད་ང་ཚོས་གལ་ཆེ་དང་གཟབ་ནན་གྱིས་སྦྱང་བརྩོན་བྱེད་དགོས་ཀྱི་ཡོད། གཟབ་ནན་ཟེར་དུས་འཛུམ་ཙམ་མི་སྟོན་པར་མཁྲེཌ་པོ་བྱེད་ནས་སྡོད་དགོས་པའི་དོན་མིན། གང་ཟེར་གྱི་ཡོད་ཅེ་ན། ང་ཚོས་ནང་ཆོས་ལ་དངོས་གནས་གཏིང་ཟབ་པོས་སློབ་སྦྱོང་བྱས་ནས་མི་ཞིག་གིས་སྐད་ཆ་ཆོབ་ཚ་པོ་བཤད་པའམ། ཡང་ན་ནོར་འཁྲུལ་ཞིག་བྱས་པའི་སྐབས་གད་མོ་ཤོར་ཆོག་ཟེར་གྱི་ཡོད།

ནུབ་ཕྱོགས་པའི་མི་ཁ་ཤས་ལ་ལྷོད་ལྷོད་དང་གཟབ་ནན་གྱི་ལས་ཀ་གཉིས་ཀ་དུས་གཅིག་ལ་བྱ་རྒྱུ་ཁག་ཙམ་ཡོད། དེ་ནི་ཁྱེད་རང་གིས་སོ་སོའི་མི་ཚེ་ནང་ཆོས་མཉམ་སྡེབ་ཀྱིས་འཚོ་བ་གང་འདྲ་སྐྱེལ་གྱི་ཡོད་པའི་བརྡ་མཚོན་ཞིག་རེད། གང་ལྟར་ཡང་། དེའི་གཞི་རྩའི་དགོས་དོན་གཅིག་ནི་སོ་སོ་སྐྱིད་པ་ཡོང་རྒྱུ་དེ་རེད། ང་ཚོ་ལ་ད་དུང་དམག་སྒར་ལ་ཡོད་པ་ནང་བཞིན་སྒྲིག་ཁྲིམས་ལམ་ལུགས་འོག་ལས་ཀ་བྱེད་ཀྱི་ཡོད་ན། དེ་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་ལྡན་པ་ཞིག་མ་རེད། གང་ཡིན་ཞེ་ན། ང་ཚོས་ཡག་པོ་མ་བྱུང་བ་དང་ནོར་འཁྲུལ་བཟོས་པ་ཡིན་ན། ཉེས་ཆད་གཏོང་གི་རེད་བསམ་པའི་ཞེད་སྣང་ཡོང་གི་ཡོད། དེ་ནི་ནང་པ་སངས་རྒྱས་པའིཆོས་མ་ཡིན།

སྣོད་ཁ་སྦུབ་པ་དང་། དྲི་མ་ཅན། ཞབས་རྡོལ་བ།

ད་ང་ཚོས་ཐོས་པའི་ཐོག་བསྐྱར་དུ་ལྟ་གི་ཡིན། ཆོས་ཉན་སྐབས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ལ་གཞིར་བཞག་ཐོག་ཉན་དགོས་པའི་བསླབ་བྱ་རྒྱག་གི་ཡོད། སྐྱོན་དང་པོ་སྣོད་ཁ་སྦུབ་པ་ལྟར་ཆོས་ཉན་རྒྱུ་མེད། དེ་ལྟར་ཆོས་ཉན་ན། རང་གི་རྣ་བ་མི་གཏོད་པས་གང་གསུངས་པ་གཅིག་ཀྱང་ནང་དུ་འགྲོ་གི་མ་རེད། བྱས་ཙང་། སེམས་གུ་ཡངས་ཀྱིས་རྣ་བ་གཏོད་ནས་ཉན་དགོས། སྐྱོན་གཉིས་པ་སྣོད་གས་ཆག་ཕྱིན་པའམ་ཞབས་རྡོལ་བ་ལྟར་ཆོས་ཉན་རྒྱུ་མེད། དེ་ལྟར་ཆོས་ཉན་ན། ག་རེ་ནང་དུ་ཡོང་བ་ཚང་མ་ཨི་ཁུང་ནས་ཕྱིར་བརྡོལ་འགྲོ་གི་ཡོད། དེས་གང་ཉན་པའི་ཆོས་ཚང་མ་ཡིད་ལ་མི་འཛིན་པར་བརྗེད་འགྲོ་གི་ཡོད་པའི་དོན་ཡིན། སྐྱོན་གསུམ་པ་སྣོད་བཙོག་པའམ་དྲི་མ་ཅན་ལྟར་ཆོས་ཉན་རྒྱུ་མེད། དེ་ལྟར་ཉན་ན། གང་ཐོས་པ་དེ་ལ་སྔོན་ཚུད་ནས་རྣམ་རྟོག་ཧ་ཅང་མང་པོ་སྐྱེས་ནས་གོ་བ་ལོག་སྒྲུབ་ཀྱིས་ཆོས་ཀྱི་གོ་དོན་རྦེད་དེ་མགོ་རྙོག་ཅན་དུ་གྱུར་གྱི་ཡོད། དེས་གང་ཐོས་པའི་ཆོས་དེ་ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན་དེ་སྟོན་གྱི་ཡོད།

ཁྱེད་རང་ནང་ཆོས་ཉན་སྐབས་དེ་ཆོས་ལུགས་གཞན་དང་མཚུངས་བསྡུར་ནམ་ཡང་བྱ་རྒྱུ་མེད། ཁྱེད་ཀྱིས། “ཨོ། ཧིན་དྷུའི་ཆོས་ལུགས་ནང་འདི་འདྲ་བཤད་ཀྱི་འདུག རྒྱ་ནག་ཏཱའོ་ཆོས་ལུགས་ནང་དེ་འདྲ་བཤད་ཀྱི་འདུག” ཅེས་བསམ་སྲིད་པ་རེད། ངའི་དགེ་བའི་བཤེས་གཉེན་གཅིག་གི་ཞལ་སྔ་ནས། “གལ་ཏེ་ཁྱེད་རང་གནད་དོན་གཉིས་ཀྱི་དབར་མཚུངས་བསྡུར་བྱེད་དགོས་ན། དེ་གཉིས་ཀ་ཡོངས་སུ་རྫོགས་པ་ཧ་གོ་དགོས་པ་ལས། གཉིས་ཀ་ལ་མི་ཤེས་པར་དེ་ལྟར་བྱས་ན། དེས་ཕན་ཐོགས་གང་ཡང་ཡོད་མ་རེད་ལ། མཐར་རང་ཉིད་མགོ་རྨོངས་ནས་སྡོད་དགོས་ཐུག་གི་རེད།” ཅེས་གསུངས་མྱོང་ཡོད། གལ་སྲིད་ཁྱེད་རང་ལ་ཆོས་ལུགས་གཉིས་ཀའི་གོ་རྟོགས་ཡང་དག་པ་ཞིག་ཡོད་ན། གཞི་ནས་ཕན་ཚུན་དགེ་མཚན་ལྡན་པའི་མཚུངས་བསྡུར་བྱེད་ཆོག ཡང་དེ་མ་ཡིན་པར་ནང་པ་སངས་རྒྱས་པའི་ཆོས་ཧ་མི་གོ་བ་ཡིན་ན། “ཆོས་ལུགས་དེ་འདི་འདྲ་པོ་འདུག་གམ། ཕ་གི་འདྲ་པོ་འདུག་གམ།” ཞེས་པའི་བསམ་བློ་དེ་དང་པོ་ནས་ཟུར་དུ་བཞག་ན་ལེགས། དེ་ལས་སོ་སོ་ངོས་ནས་ནང་ཆོས་ལ་ཡག་པོ་བྱས་ནས་ཉན་དགོས། དེ་མིན་ཚང་མ་སྔོན་ཚུད་ནས་ཡོད་པའི་བསམ་བློའི་འཆར་སྒོའི་ནང་མཉམ་བསྲེས་བྱས་པ་དེ་ནོར་བ་ཞིག་ཡིན་སྲིད་པ་མ་ཟད། འབྲེལ་བ་མེད་པ་ཞིག་ཀྱང་ཡིན་སྲིད་པས་ཕན་ཐོགས་མེད་པ་རེད།

ང་ཚོར་སྣོད་གས་ཆག་ཕྱིན་པའམ་ཞབས་རྡོལ་བ་ནང་བཞིན་མ་བྱེད་ཅེས་པའི་བསླབ་བྱ་དེ་ག་རེ་ལ་གོ་གི་ཡོད་རེད་ཟེར་ན། གང་སྦྱངས་པ་དེ་མི་དྲན་པ་ལ་གོ་གི་ཡོད། མི་མང་པོ་ཞིག་གིས་གང་ཐོས་པ་དེ་དག་དྲན་ཐོ་བཀོད་ན་ཕན་ཐོགས་ཡོད་པ་མཐོང་གི་ཡོད། ཡིན་ནའང་དྲན་ཐོ་བཀོད་ཚར་བའི་རྗེས་སུ་དེ་དག་ལ་ཡང་བསྐྱར་བལྟ་ཀློག་བྱེད་དགོས་ཀྱི་ཡོད་པ་ལས་རྩ་བ་ནས་མ་བལྟས་པ་ཡིན་ན། དྲན་ཐོ་བཀོད་པ་ཙམ་གྱིས་མི་ཕན། གང་ལྟར་ཡང་། ང་ཚོར་དྲན་པ་ཧ་ཅང་ཡག་པོ་ཡོད་ན་མ་གཏོགས་གལ་ཆེ་བའི་དོན་རྣམས་དྲན་ཐོ་འགོད་རྒྱུ་དེ་བསམ་ཚུལ་ཡག་པོ་དང་ཕན་པོ་ཞིག་ཡོད།

ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ལ་བལྟ་སྙིང་འདོད་པ་ཞིག་ཡོད། དེར་ང་ཚོས་ཡིག་ཚད་ཅིག་གཏོང་དགོས་ཡོད་ན་མ་གཏོགས་ནམ་རྒྱུན་སློབ་སྦྱོང་ལ་འབད་བརྩོན་བྱེད་ཀྱི་མེད། ང་ཚོས་གང་སྦྱངས་པ་དེ་ཡིག་ཚད་རྒྱུགས་འཕྲོད་པའི་ཆེད་དུ་ཡིན་པ་དང་། གལ་སྲིད་ཡིག་ཚད་སྐབས་དཔེ་ཤུས་སོགས་བྱེད་ཐུབ་ན་ལོས་བྱེད་བསམ་གྱི་ཡོད། ཡིན་ནའང་འདིར་ཆོས་ཉམས་ལེན་བྱེད་སྐབས་བྱེད་ཐབས་དེའི་ཕན་ཐོགས་གང་ཡང་མེད། ཆོས་ཉམས་ལེན་སྐབས་ཡིག་ཚད་གཏོང་རྒྱུའམ། བརྒྱ་ཆ་ཚད་ལོངས་པ་འཐོབ་རྒྱུ། ཡང་ན་དགེ་རྒན་གྱི་ཆོག་མཆན་སོཌ་གང་ཡང་མེད། དོན་དག་གཙོ་བོ་དེ་གང་རེད་ཟེར་ན། ང་ཚོ་སོ་སོ་ཡར་རྒྱས་གཏོང་ཐབས་བྱེད་དགོས་པ་དང་། སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་དེ་ལ་ཡིད་ཆེས་ངོ་མ་ཤིག་ཡོད་ན། དེ་ནི་གཞན་ལ་ཕན་པའི་ཆེད་དུ་ཡིན་པས་ཡར་རྒྱས་གཏོང་ལོས་དགོས། གཞན་དང་འགྲན་བསྡུར་གང་ཡང་མེད་པར། དེ་སོ་སོ་རང་ཉིད་ལ་སྦྱར་ནས་བསམ་བློ་གཏོང་དགོས་པ་ཙམ་ཡིན། ང་ཚོས་ “ཕ་གི་མི་དེ་ཁོང་ཁྲོ་ཟ་གི་འདུག ང་ཁོང་ཁྲོ་ཟ་གི་མེད།” ཅེས་བསམ་རྒྱུ་མེད། ཆོས་ཀྱི་མེ་ལོང་དེ་སོ་སོ་རང་ལ་སྟོན་དགོས་པ་མ་གཏོགས་ཕྱི་ལ་སྟོན་རྒྱུ་མེད།

སྨན་དང་དཔེ་བཞག་པ།

ཆོས་ཉན་པའི་ཚུལ་ལ་གདམས་ངག་ཞིག་ཡོད་པ་ནི། རང་ཉིད་མི་ནད་པ་ལྟ་བུ་དང་། སངས་རྒྱས་དང་དགེ་བའི་བཤེས་གཉེན་རྣམས་སྨན་པ་ལྟ་བུ་དང་། སངས་རྒྱས་ཀྱི་ཆོས་དེ་སྨན་ལྟ་བུར་བསམ་བློ་གཏོང་དགོས་པ་དེ་ཡིན། རྟོགས་པ་མཐོ་བོ་སླེབས་པའི་སྐྱེས་བུ་རྣམས་སྨན་ཞབས་པ་ལྟ་བུ་ང་ཚོར་རོགས་བྱེད་མཁན་ལའང་བལྟ་ཆོག དེ་ལས་ཀྱང་ལས་སླ་བའི་ཐོག་ནས་བཤད་ན། ང་ཚོ་ནང་ཆོས་ཉམས་ལེན་ལ་འཇུག་པ་དེ་ “སོ་སོ་ལ་དཀའ་ངལ་ཡོད་” པ་དེ་ཧ་གོ་ནས་འཇུག་གི་ཡོད། ང་ཚོ་ལ་ན་ཚ་ཞིག་ཡོད་ནི་རེད། དེ་རང་འདོན་དོན་གཉེར་དང་ཁོང་ཁྲོ་ལ་སོགས་པ་ཡིན་སྲིད། ན་ཚ་དེ་དག་ལས་དྲག་འདོད་ཡོད། ན་ཚ་དེ་གསོ་བ་ལ། སངས་རྒྱས་ནི་སྨན་པ་མཆོག་ཏུ་འགྱུར་བ་ཡིན་པས་སོ་སོ་ལ་སྨན་མཆོག་ཏུ་འགྱུར་བ་དེ་འཐོབ་པར་བྱས་ནས་དེ་མ་བརྗེད་པར་ལམ་སྟོན་གནང་བ་ལྟར་བསྟེན་དགོས། ངས་ཉིན་གཅིག་ཀྱང་མ་ཆད་པ་ཟ་དགོས་ཞིང་། ཤེལ་དམ་ནང་ཡོད་པའི་སྨན་ཚང་མ་འཐུང་ཐེངས་གཅིག་ལ་འཐུང་རྒྱུ་མེད་པར། སྨན་པའི་ལམ་སྟོན་ལྟར་སྨན་བསྟེན་དགོས། ནང་ཆོས་ཉམས་ལེན་བྱ་རྒྱུ་དེ་སྐྱེ་དངོས་ཕྲ་རབ་མེད་པ་བཟོ་བྱེད་ཀྱི་སྨན་ (antibiotics) བསྟེན་པ་དང་ཏོག་ཙམ་འདྲ་པོ་ཡོད། དེ་ཡང་སྨན་དེ་ནི་དུས་ཚོད་ངེས་ཅན་ཞིག་གི་ནང་ཚད་གཞི་ངེས་ཅན་ཞིག་བསྟེན་དགོས་ཀྱི་ཡོད་པ་མ་གཏོགས་དེ་ལམ་ཕྱེད་ཀ་ཙམ་བསྟེན་ནས་གཡུགས་པའམ། ཡང་ན་ཉི་མ་ཁ་ཤས་རིང་མ་བསྟེན་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་མེད། འདི་འདྲ་བའི་དཔེ་ནི་ནང་ཆོས་དེ་ནད་པས་སྨན་བསྟེན་ཚུལ་དང་མཚུངས་བསྡུར་བྱས་ནས་ལྟ་སྟངས་ཀྱི་ལམ་སྟོན་ཞིག་རེད།

ཡང་ང་ཚོས་ཆོས་ལ་ཉན་པའི་སྐབས་ལམ་སྟོན་གཞན་ཞིག་ཡོད་པ་ནི། ང་ཚོ་དག་པའི་ཞིང་ཁམས་ནང་ཡོད་པ་དང་། རང་གི་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ཡིན་པ། དེ་བཞིན་ང་ཚོ་ལ་ཆོས་ཡང་དག་པ་ཞིག་འཐོབ་ཀྱི་ཡོད་པར་བསམ་དགོས། དེས་ང་ཚོས་དགེ་རྒན་སངས་རྒྱས་དངོས་དེ་ཡིན་པར་བསམ་དགོས་མེད་པར། རང་གི་དགེ་བའི་བཤེས་གཉེན་དང་སོ་སོ་རང་ཉིད། དེ་བཞིན་ཆོས་ལ་བརྩི་བཀུར་བྱེད་དགོས་པའི་དོན་ཡིན། དཔེར་ན། ང་ཚོས་གཟབ་ནན་གྱིས་ལས་ཀ་གལ་ཆེན་པོ་ཞིག་བྱེད་བཞིན་ཡོད་ན། དེས་ས་ཆ་ཞིག་ལ་བསྡད་ནས་ངོ་གནག་པོ་དང་སེམས་སྐྱོ་མདོག་ཁ་པོ་སྟོན་དགོས་ཞེས་པའི་དོན་མ་ཡིན་པར། ང་ཚོས་སྡོད་ཁང་གུ་དོག་པོ་ཚ་བ་ཆེན་པོ་དེ་ལ་སྣང་མེད་བཏང་ནས་སེམས་གུ་ཡངས་པོའི་ངང་གང་གསུངས་པའི་ཆོས་ལ་དམིགས་པ་གཏད་དགོས་པ་གསུངས་ཀྱི་ཡོད།

སེམས་གུ་ཡངས་པོ་བཞག་པ།

སངས་རྒྱས་ཀྱིས། ང་ཚོ་གསེར་ཉོས་པ་ནང་བཞིན་ཁོང་གིས་གང་གསུངས་པའི་ཆོས་ལ་བརྟག་དཔྱད་བྱེད་དགོས་ཞེས་གལ་ཆེན་པོའི་སྒོ་ནས་གསུངས་ཡོད། ང་ཚོས་ཁོང་ལ་དད་པ་ཡོད་པ་ཙམ་གྱིས་ཚང་མར་ཡིད་ཆེས་བྱ་རྒྱུ་མེད་ཅེས་གསུངས་ཡོད། དེ་འདྲ་གསུངས་དུས་ང་ཚོ་སེམས་གུ་ཡངས་པོ་དགོས་པ་དང་། ཁོང་གིས་ཆོ་མེད་པ་དང་དོན་མེད་པ། ཀུ་རེའི་ཚུལ་དུ་གསུངས་ཀྱི་མེད་པའི་ཚོད་དཔག་བྱེད་དགོས། བསམ་པ་དེ་འདྲ་ཞིག་གི་ཐོག་ནས་ང་ཚོས་ནང་ཆོས་ཀྱི་གོ་བ་གང་ཡིན་པའི་ཐད་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད། དེ་ནས་ང་ཚོས་གང་ཕན་པ་མཐོང་བ་དེ་དང་དུ་ལེན་ཐུབ། ངས་སྐྱེ་བ་སྔ་མ་དང་ཕྱི་མ་གཉིས་དཔེ་བཞག་ནས་ཚོད་དཔག་བྱེད་ཀྱི་ཡིན།

ང་རང་ལྟ་བུར་མཚོན་ན་སྤྱིར་བཏང་ནུབ་ཕྱོགས་པའི་ལམ་དང་ལུགས་སྲོལ་ནང་བཞིན་འཚར་ལོངས་བྱུང་བ་ཞིག་ཡིན་པར་སོང་ཙང་། ངས་ཐོག་མར་ནང་ཆོས་སློབ་སྦྱོང་བྱས་དུས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད། ནུབ་ཕྱོགས་པའི་མི་མང་ཆེ་བའི་བསམ་བློར་དེ་ནི་ཆ་རྒྱུས་མེད་པ་དང་གསར་པ་ཞིག་རེད། གལ་སྲིད་སྐྱེ་བ་ཕྱི་མར་བསམ་བློ་གཏོང་ན། དེ་ནི་ཕལ་ཆེར་ཡེ་ཤུའི་ལྷ་ཡུལ་དང་དམྱལ་ཡུལ་གྱི་བསམ་བློ་དེ་འཁོར་གྱི་རེད། ཡིན་ནའང་ནང་ཆོས་ནང་སེམས་ཅན་ཐམས་ཅད་སྐྱེ་བ་སྔ་མ་རང་གི་ཨ་མ་བྱས་མ་མྱོང་བ་མེད་ཅེས་གསུངས་པ་ལ་བསམ་ན།དེ་ལ་དོ་སྣང་མི་བྱེད་ཀ་མེད་རེད།

ངས་ཐོག་མར་དེ་ལ་གོ་བ་ལེན་སྟངས་ཀྱི་ཐབས་ལམ་དེ་ནི། “ད་ལྟ་ངས་སྐྱེས་བ་སྔ་ཕྱིའི་སྐོར་ཤེས་ཀྱི་མེད་ནའང་། དེ་ཡོད་ཤག་བྱེད་ཀྱི་རེད། ངས་ཁུངས་སྐྱེལ་བྱེད་ཀྱི་མིན་ལ་སྦས་ནས་བཞག་གི་མིན། ཡིན་ནའང་ངས་དུས་ཚོད་བཏང་ནས་དེ་ཤེས་ཐབས་བྱེད་ཀྱི་ཡིན།” ཞེས་པ་དེ་རེད། དུས་ཚོད་གང་མཚམས་སོང་རྗེས་སྐྱེ་བ་སྔ་ཕྱི་ལ་གཞིར་བཞག་པ་གང་ཡིན་པ་དེ་དག་ཐམས་ཅད་དངོས་གནས་ཕན་ཐོགས་པོ་དང་མ་ནོར་བ་ཞིག་རེད་འདུག དེ་ཡིན་དུས་སྐྱེ་བ་སྔ་ཕྱིའི་བསམ་ཚུལ་དེ་ཡང་བདེན་པ་ཡིན་སྲིད་པ་ཧ་གོ་གི་རེད།

ཁྱེད་ཀྱིས་སངས་རྒྱས་ཀྱི་ཆོས་དེ་ཡང་བསྐྱར་སྐྱེ་བ་ལེན་པ་དེ་གང་ཡིན་པའི་སྐོར་ཙམ་ཡང་ཧ་མི་གོ་དེ་རྗེས་ནས་ཤེས་ཡོང་དུས་སྐྱེ་བ་སྔ་ཕྱིའི་སྐོར་ཤེས་མི་ཐུབ། ཁྱེད་རང་དེ་ལས་གཏིང་ཟབ་པ་འགྲོ་དགོས་ཀྱི་ཡོད། དེ་ནས་དམྱལ་བ་དང་ཡི་དྭགས་སོགས་ལ་གོ་བ་རག་གི་རེད། གལ་སྲིད་ང་ཚོས་སེམས་ཀྱི་རང་བཞིན་ཧ་མ་གོ་བ་ཡིན་ན། དེ་ཚོ་ཚང་མ་ལ་དོན་དག་གང་ཡང་མེད། དེ་ཡིན་ཙང་། ང་ཚོས་ནང་ཆོས་ཀྱི་ཆ་ཤས་སུ་གཏོགས་པ་དེ་ལ་མགོ་མ་ཚོད་པའམ། ཡང་ན་དེ་ཁྱད་མཚར་པོ་ཞིག་མཐོང་བའི་རྒྱུ་མཚན་གྱིས་ལམ་སེང་ཁས་མི་ལེན་པ་བྱེད་རྒྱུ་མེད། དེས་ང་ཚོ་སེམས་གུ་ཡངས་པོ་དང་རྣམ་པར་འབྱེད་ཐུབ་པའི་ཤེས་རབ་ཡོད་དགོས་ཟེར་གྱི་ཡོད། དེ་ཡང་ “རེད། འདི་ནི་སངས་རྒྱས་ཀྱིས་གང་གསུངས་པའི་སྐྱེ་བ་སྔ་ཕྱིའི་སྐོར་དེ་རེད། དེ་ལ་སོ་སོ་དགའ་པོ་མེད་པ་ཡིན་སྲིད་པས་དགོངས་དག་ཞུ་རྒྱུ་རེད། ཡིན་ནའང་དེ་ནི་གང་ཡིན་པ་དེ་རེད། བྱས་ཙང་། གལ་སྲིད་ནང་ཆོས་གཏིང་ཟབ་པོ་ཤེས་འདོད་ཡོད་ན། དེ་ལ་གདོང་ལེན་ངེས་པར་དུ་བྱེད་དགོས།” ཞེས་དབྱེ་འབྱེད་བྱ་རྒྱུ་དེ་རེད། 

བརྙན་པར། མཁའ་འགྲོ་རིན་པོ་ཆེ། “ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།”

ཕྱོགས་བསྡོམས།

ནང་པའི་བསྟན་བཅོས་ནང་གི་བསླབ་བྱ་དེ་ཚོ་ནང་ཆོས་སློབ་སྦྱོང་བྱེད་པའི་སྐབས་ཕན་ཐོགས་ཡོད་པ་མ་ཟད། ང་ཚོའི་ཉིན་རེའི་མི་ཚེ་ནང་ལའང་ཕན་ཐོགས་ཡོད། དེ་འདྲ་སོང་ཙང་། སྣོད་དྲི་མ་ཅན་དང་། ཡང་ན་ཞབས་རྡོལ་བའི་སྐྱོན་དེ་འདྲ་ང་ཚོར་ཡོད་ན་ཡག་པོ་རྩ་བ་ནས་མེད། ང་ཚོའི་མི་ཚེ་ནང་ནང་ཆོས་ལག་བསྟར་བྱེད་རྒྱུ་དེ་ནི་ཐོས་པ་ནས་འགོ་བཙུགས་པའི་ནུས་ཤུགས་ལྡན་པའི་རྒྱུད་རིམ་ཞིག་རེད། དེ་ལྟར་བྱས་ཚར་བ་དང་། གཞི་ནས་ང་ཚོས་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་སོར་གདུབ་ཉོས་པའི་སྐབས་བརྟག་དཔྱད་བྱས་པ་ནང་བཞིན་ཡག་པོ་མགོ་མ་ཚོད་པའི་ཆོས་ཀྱི་བརྗོད་གཞི་ཁག་ལ་སེམས་གུ་ཡངས་པོའི་ཐོག་དངོས་གནས་དཔྱད་པ་བྱེད་ཐུབ་བོ།།

Top