རྒྱལ་སྲས་ལག་ལེན་སོ་བདུན་མའི་དོན་དམ་བྱང་ཆུབ་སེམས།

སློབ་དཔོན་ཐོགས་མེད་བཟང་པོས་ཁོང་གིས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་ནང་ནས་ཚིགས་བཅད་ཤོ་ལོ་ཀ་གསུམ་གྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉམས་ལེན་ཡང་དག་པའི་སྟོང་ཉིད་ཀྱི་གོ་རྟོགས་དེ་མི་ཚེའི་ནང་གི་གནས་སྟངས་ཚང་མའི་ནང་ལག་བསྟར་བྱེད་ཚུལ་སྟོན་གནང་གི་ཡོད། གསུང་བཤད་འདིའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་སྟོང་ཉིད་ཀྱི་གོ་རྟོགས་དེ་ནམ་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུའི་སྟོང་ཉིད་སྒོམ་པའི་ཐོག་ནས་ཇི་ལྟར་འཐོབ་ཚུལ་སྐོར་གསུང་གི་ཡོད། དེ་ཡང་རྒྱལ་སྲས་ལག་ལེན་སོ་བདུན་མ་ལས།
སྐད་ཡིག་གཞན།
(༢༢) ཇི་ལྟར་སྣང་བ་འདི་དག་རང་གི་སེམས།། སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ།། དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས།། ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས་ཡོད།

སེམས་ཙམ་པས་ཇི་ལྟར་སྣང་ཞིང་གནས་པའི་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པར་བརྗོད། འོན་ཀྱང་དབུ་མའི་རིང་ལུགས་འཛིན་མཁན་དཔལ་ལྡན་ཟླ་བ་གྲགས་པས་ཇི་ལྟར་སྣང་བ་དང་གནས་པའི་ཆོས་ཐམས་ཅད་རང་སྟོབས་ཀྱིས་རང་ངོས་ནས་གྲུབ་པ་མ་ཡིན་པར་འདོད། འདི་ནི་ང་ཚོའི་ཐ་སྙད་པའི་སེམས་ཀྱི་ཡུལ་འཛིན་སྟངས་ཀྱི་སྟོབས་ལས་གྲུབ་པ་ཙམ་ཡིན། འདི་ནི་ཕྱིའི་སྣང་ཚུལ་ཙམ་གྱི་ཀུན་རྫོབ་ཏུ་གྲུབ་པས་དོན་དམ་པའི་བདེན་པ་མ་ཡིན།

གལ་ཏེ་ཆོས་རྣམས་དོན་དམ་པར་གྲུབ་པ་དང་རང་ངོས་ནས་གྲུབ་པ་ཡིན་ན། ང་ཚོས་གྲུབ་ཚུལ་དེར་བློས་དཔྱད་པ་ཇི་ཙམ་མང་བ་བྱས་ན་་ཇེ་གསལ་ཇེ་གསལ་དུ་གྱུར། ཡིན་ནའང། དོན་དངོས་སུ་ཆོས་སྣང་བ་རྣམས་དང་རང་ངོས་ནས་གྲུབ་པ་རྣམས་རིམ་གྱིས་ཡལ་ནས་མཐར་ཐ་སྙད་དེའི་འཇུག་སའི་གཞི་རྟེན་དེའང་རྙེད་རྒྱུ་མེད་པར་གྱུར། དེ་ལྟ་བུའི་མི་རྙེད་པ་དེ་ནི་ཆོས་ཐམས་ཅད་མེད་པའི་རྒྱུ་མཚན་གྱིས་མ་ཡིན། མེད་ན་ང་ཚོར་ཆོས་དེ་ལས་ཕན་གནོད་ཀྱི་འབྲེལ་བ་གང་ཡང་མི་བྱུང། ང་ཚོའི་ཆོས་ལས་ཕན་གནོད་བྱུང་གི་ཡོད་པ་ཡིན། འོན་ཏེ་ང་ཚོས་ཆོས་ཀུན་རང་ངོས་ནས་གྲུབ་ཅིང་གནས་པ་ཞིག་རྙེད་རྒྱུ་མེད་པ་ཡིན། དེ་འདྲ་ཡིན་པ་སོང་ཙང། ཆོས་ཀུན་རང་ངོས་ནས་མ་གྲུབ་པར་རྟོག་པའམ་བློས་བཏགས་ཙམ་གྱིས་ཐ་སྙད་པའི་སེམས་ཀྱི་འཛིན་ཚུལ་ལས་གྲུབ་པ་ཞིག་ཡིན།

དེ་འདྲ་ཡིན་པ་སོང་ཙང། ཆོས་ཀུན་བདེན་པར་གྲུབ་པ་དང་རང་ངོས་ནས་གྲུབ་པ་ལྟར་སྣང་ཡང་གནས་ཚུལ་འདི་ནི་ཚད་མས་དཔྱད་ཚེ་གནས་མི་ཐུབ། འདིས་རྒྱུན་གཏན་དངོས་པོར་འཛིན་ཚུལ་རྣམས་འཁྲུལ་བ་ཡིན་པ་མཚོན། དེ་ཡང་༧གོང་ས་སྐུ་ཕྲེང་བདུན་པ་ཆེན་པོས། གཉིད་ཀྱིས་མྱོས་པའི་ཤེས་ངོར་རྨི་ལམ་ཡོད། །སྒྱུ་མས་བསླད་པའི་རྟ་དང་གླང་པོ་སོགས། །སྣང་བ་ཙམ་ལས་གཞི་དེར་དོན་གྱི་ཆོས། །འགའ་ཡང་མེད་པ་བློ་ཡིས་བཏགས་པ་ཙམ། །ཞེས་གསུངས་པ་ལྟར་རོ།།

གལ་ཏེ་ང་ཚོ་ད་ལྟ་བོད་ལ་སླེབས་པའི་རྨི་ལམ་བཏང་ན་གཉིད་སད་པའི་སྐབས་ང་ཚོ་བོད་ལ་དངོས་སུ་སླེབས་མེད་པ་ཤེས་ཀྱི་ཡོད། ང་ཚོའི་རྨི་ལམ་དུ་བོད་སྣང་བའི་སྐབས་རྨི་ལམ་གཏོང་ས་དེར་བོད་ཀྱི་ལུང་པ་དངོས་སུ་གྲུབ་པ་ལྟ་བུ་སྣང་ཡང་དོན་གྱིས་གྲུབ་པ་ཞིག་མེད། དེ་བཞིན་དུ། རང་དང། གཞན། འཁོར་བ། མྱང་འདས་ལ་སོགས་པའི་ཆོས་ཐམས་ཅད་མིང་དང་རྟོག་པས་གྲུབ་པ་ཞིག་ཡིན། རང་ངོས་ནས་རྡུལ་ཙམ་ཡང་གྲུབ་མེད།

ཆོས་རྣམས་སྣང་དུས་སྣང་ཡུལ་ལས་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟ་བུ་སྣང་ཡང་དོན་དངོས་སུ་ང་ཚོའི་མཛུབ་མོ་འཛུགས་སའི་དངོས་པོ་དེ་དག་ངོ་བོ་ཉིད་ཀྱིས་གྲུབ་པ་མེད། ཡིན་ནའང། མ་རིག་པའི་གཉིད་མཐུག་པོའི་བསླད་པས་དབང་ཤེས་རྣམས་ལ་གང་སྣང་བ་ཐམས་ཅད་བདེན་པར་གྲུབ་པ་དང་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟ་བུ་སྣང། དེ་ཡང་༧གོང་ས་སྐུ་ཕྲེང་བདུན་པ་ཆེན་པོའི་ཞལ་སྔ་ནས། འཆར་ཚུལ་རང་རེའི་བློ་ངན་འདི་ལ་ལྟོས།། ཞེས་གསུངས་པ་ལྟར་རོ།།

ཆོས་རྣམས་འཁྲུལ་སྣང་ཡིན་བཞིན་དུ་དབང་ཤེས་དྲུག་པོར་མ་རིག་པའི་སྒྲིབ་པའི་བསླད་པས་ང་ཚོར་ཆོས་རྣམས་འདི་ལྟར་གྲུབ་པར་སྣང། ཆོས་རྣམས་ཆེན་པོ་ཡིན་ནམ་ཆུང་ངུ་དང་གཅིག་གམ་མང་པོ་ལ་སོགས་པ་གང་སྣང་བ་ཐམས་ཅད་མིང་དང་བློའི་སྟོབས་ལས་མ་ཡིན་པར་རང་ངོས་ནས་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟ་བུ་སྣང་། ང་ཚོས་ཆོས་ཐམས་ཅད་ཕྱི་རོལ་ཡུལ་གྱི་སྟེང་ནས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟ་བུ་སྣང་གི་ཡོད། དཔེར་ན། “ལྟོས་དང་། ཕ་གིར་འདུག” ཅེས་བརྗོད་ཀྱི་ཡོད།

དོན་དམ་པར་གང་ཡང་འདི་ལྟར་གྲུབ་མེད། གྲུབ་ཚུལ་འདི་ནི་མི་སྲིད་པ་ཞིག་ཡིན་ནའང་ད་དུང་ང་ཚོར་འདི་ལྟར་སྣང་གི་ཡོད། དེ་ལ་༧གོང་ས་སྐུ་ཕྲེང་བདུན་པ་ཆེན་པོའི་ཞལ་སྔ་ནས། དེ་ལྟར་འཁྲུལ་པའི་བློ་ལ་སྣང་བ་ཡི། །ང་སོགས་གདོད་ནས་གྲུབ་པའི་སྡོད་ལུགས་འདི། །དགག་བྱ་ཕྲ་མོ་ཡིན་པས་བློ་ཡི་ངོར། །ལྷག་མ་མེད་པར་ཁེགས་པ་ཤིན་ཏུ་གཅེས། །ཞེས་གསུངས་པ་ལྟར་རོ།།

དེར་བརྟེན་སེམས་ལ་བརྟེན་ནས་དག་མ་དག་གི་སྣང་བ་ཐམས་ཅད་ཐ་སྙད་དུ་གྲུབ་པ་ཡིན། ཡང་སྒོས་སུ་སེམས་རང་ཉིད་ཀྱང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་ཤིང་། སེམས་དེ་ཉིད་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ཞིག་ཡིན། སེམས་ནི་ཤེས་པ་སྐད་ཅིག་གི་རྒྱུན་དུ་གནས་ཡོད། ཤེས་པའི་བྱེད་ལས་རྟག་ཏུ་གྲུང་པོའི་སྒོ་ནས་བྱེད་ཀྱི་ཡོད། འོན་ཏེ་ང་ཚོས་ཤེས་པའི་རྒྱུན་རྣམས་ཆ་ཤས་སོ་སོར་བགོས་སྟེ་བཙལ་ན། ང་ཚོས་འཇོག་ཐུབ་པའི་སེམས་འདི་རེད་ཟེར་བ་ཞིག་རྙེད་མི་ཐུབ།

ཆ་ཤས་དེ་དག་ལ་མ་ལྟོས་པའི་ཆ་ཅན་ཡན་གར་བ་ཞིག་རྙེད་རྒྱུ་མེད། ཆ་ཤས་དང་ཆ་ཅན་གཉིས་པོ་སོ་སོ་བ་ཡིན་ཞིང། ཆ་ཤས་དག་སོ་སོ་ནས་བསལ་བའི་རྗེས་སུ་ཆ་ཅན་དེ་ཡང་མི་རྙེད་ཅིང་འཇོག་མི་ཐུབ། ཡན་ལག་སོ་སོ་ནས་བསལ་བའི་རྗེས་སུ་ཡན་ལག་དེ་ཡང་མི་རྙེད། ཡན་ལག་ཅན་ཡན་ལག་དེ་དག་གི་སྟེང་དུ་ནི་གྲུབ། དེ་ལྟར་གྲུབ་ལུགས་ལ་དཔྱད་པའི་ཚེ་གདེང་འཁེལ་བའི་སྒོ་ནས་ “འདི་རེད་ཅེས་” མཛུབ་མོ་འཛུགས་ས་ཞིག་རྙེད་མི་ཐུབ།

དེ་འདྲ་ཡིན་པ་སོང་ཙང། སེམས་ནི་ཐོག་མ་མེད་པ་ནས་རང་ངོས་ནས་གྲུབ་པ་ལས་འདས་ཏེ་ངོ་བོ་རང་བཞིན་གྱིས་མ་གྲུབ་པ་ཞིག་ཡིན། འདི་ནི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞིག་ཡིན། དེར་བརྟེན་༧གོང་ས་སྐུ་ཕྲེང་བདུན་པ་ཆེན་པོས།  གཞི་འཁོར་འདས་ཆོས་རྣམས་མ་ལུས་པ། །ནང་རང་གི་སེམས་ཀྱིས་བཏགས་པ་ཙམ། །སེམས་དེ་ཡང་བརྟགས་ན་སྐྱེ་འགག་བྲལ། །གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པ་དང་སེམས་དེ་ཡང་སྐྱེ་འགག་དང་བྲལ་བ་ཡིན། དེ་བཞིན་སེམས་ལྡན་པའི་གང་ཟག་རང་ཉིད་ཀྱང་སྐྱེ་འགག་དང་བྲལ་བ་ཡིན།

སློབ་དཔོན་ཆེན་པོ་ཞིག་གི་ཞལ་སྔ་ལས། ང་སྐྱེ་མེད་ནམ་མཁའི་རྣལ་འབྱོར་པ། །གཤིས་ཅི་ཡང་མ་གྲུབ་རྫུན་པོ་ཆེ། །སྣང་གྲགས་ཀུན་སྒྱུ་མའི་ལྟད་མོར་མཐོང། །ཉམས་དགའ་བ་སྣང་སྟོང་ཟུང་འཇུག་འདིས། །བསླུ་མེད་ཀྱི་རྟེན་འབྲེལ་ངེས་པ་རྙེད། །ཅེས་གསུངས་ཡོད། དེ་འདྲའི་རྣལ་འབྱོར་པ་རྫུན་པོ་ཆེ་དེ་ལ་ཅི་ཙམ་སྣང་བ་དང་གྲགས་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་ལྟར་སྣང་བ་དང་ཆབས་ཅིག་ཏུ་གང་ཡང་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཡིན། གལ་ཏེ་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན་འགལ་འདུ་ནམ་ཡང་མི་བྱུང། དཔེར་ན། དཔྱིད་དུས་ཤིང་སྡོང་རྣམས་རྒྱས་སྟེ་སྙིང་རྗེ་མོར་གྱུར་པ་དང། དགུན་དུས་ཤིང་སྡོང་དེ་དག་སྐམ་པ་དང་མི་སྡུག་པར་གྱུར། གལ་ཏེ་ཤིང་གི་སྟེང་དུ་མཛེས་པའི་རང་བཞིན་དེ་དག་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན། ཤིང་སྡོང་དེའི་སྟེང་དུ་རྟག་ཏུ་གནས་དགོས་པ་དང་མི་སྡུག་པའི་ཕྱོགས་སུ་ནམ་ཡང་འགྱུར་གྱི་མེད། དེ་བཞིན་མི་ལ་མཚོན་ནའང་གཅིག་པ་ཡིན། སྐབས་འགར་སྡུག་པ་དང་སྐབས་འགར་མི་སྡུག་པ་མཐོང་གི་ཡོད། གལ་ཏེ་གང་ཟག་དེའི་སྟེང་དུ་མཛེས་པའི་ཆ་དེ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན། མི་སྡུག་པའི་ཕྱོགས་སུ་ནམ་ཡང་འགྱུར་གྱི་མ་རེད། ཡང་སྒོས་སུ། ང་ཚོའི་ཉོན་མོངས་པའི་སེམས་འདི་ཉིད་ངོ་བོ་ཉིད་ཀྱིས་ཉོན་མོངས་པར་གྲུབ་ན། ནམ་ཞིག་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཐུགས་སུ་ནམ་ཡང་འགྱུར་མི་ཐུབ།

དེ་ལྟ་ན་ཡང་། གང་ཞིག་ཉོན་མོངས་ཅན་ཡིན་པ་འདི་ཉིད་ཉོན་མོངས་ཅན་མ་ཡིན་པར་འགྱུར་པ་དང་མི་སྡུག་པའང་སྡུག་པར་ཆགས་སྲིད། འདིས་ཆོས་ཀུན་སྣང་བ་བཞིན་དུ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་སྟོན་གྱི་ཡོད། གཞི་ངོ་བོ་ཉིད་ཀྱིས་གྲུབ་པ་དེར་རྒྱུ་འབྲས་ལ་བརྟེན་པའི་འགྱུར་བ་ནི་ཡོང་མི་སྲིད། འོན་ཏེ། རྒྱུ་འབྲས་དང་བཟང་ངན་གཉིས་པོ་ཡོད། དེ་འདྲ་ཡིན་པ་སོང་ཙང། དབྱེ་བ་འདི་དག་དང་ཡོན་ཏན་རྣམས་གཞི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཙམ་ལ་འཇོག་ཐུབ། དབྱེ་བ་འདི་དག་དང་ཡོན་ཏན་རྣམས་གཞི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་འཇོག་མི་ཐུབ། དོན་དངོས་སུ་འགལ་འདུ་ཅན་གྱི་དབྱེ་བ་དང་ཡོན་ཏན་རྣམས་ཆོས་གཅིག་ལ་འཇོག་ཐུབ་པ་དེས་ཆོས་རྣམས་ངོ་བོ་ཉིད་ཀྱིས་མ་གྲུབ་པ་བསྟན།

དེ་ལྟ་བས་ན། སྣང་སྟོང་ཟུང་དུ་འཇུག་པ་འདི་ནི་ངོ་མཚར་ཆེ། དངོས་པོ་རྣམས་རྣམ་པ་འདྲ་མིན་གྱི་སྒོ་ནས་སྣང་ཡང་རང་བཞིན་དངོས་ནི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བ་ཡིན། དེ་འདྲ་ཡིན་པ་སོང་ཙང། ཆོས་རྣམས་རྐྱེན་ལ་ལྟོས་ནས་འགྱུར་བ་འགྲོ་གི་ཡོད། ཆོས་རྣམས་སེམས་སྣ་ཚོགས་པ་དང་དུས་སྣ་ཚོགས་པ་འདྲ་མིན་སྣང་བ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བ་དེས་སྣང་བ་མི་འགོག་ཅིང་། སྣང་བས་སྟོང་པ་མི་འགོག་པར་གོ །གང་ཡིན་ཞེ་ན། ཆོས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་ཞིང། ཡུལ་ཅན་འདྲ་མིན་དུ་སྣང་བ་དང་དེ་དག་སྣང་བས་ཆོས་ཀུན་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བ་ཡིན།

གནད་དོན་འདི་ཚོ་ཐད་ངའི་གོ་རྟོགས་ནི་དེ་ཙམ་ཡག་པོ་མེད་ཀྱང་ཡར་རྒྱས་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད། གནད་དོན་འདི་ཚོ་ནི་དཀའ་གནད་ཅིག་ཡིན་པས་ང་ཚོའི་བློ་ཉིད་འདི་དག་ལ་གོམས་པ་ཆེན་པོ་བྱེད་དགོས། སྐབས་རེ་ང་ཚོས་སྟོང་པ་སྒོམ་དགོས་ཤིང་སྐབས་རེ་སྣང་བར་སྒོམ་རྒྱག་དགོས་པས། དེ་གཉིས་ཆ་སྙོམས་པོའི་སྒོ་ནས་སྒོམ་དགོས། ཉིན་ཞིག་ང་ཚོའི་སེམས་ལ་སྟོང་པ་དང་སྣང་བ་གཉིས་ཕན་ཚུན་རྒྱབ་སྐྱོར་དང་ངེས་པ་འདྲེན་རེས་བྱས་ཏེ་བསྐྱེད་པའི་རེ་བ་ཡོད། སྣང་སྟོང་གཉིས་ཀྱི་མཐུན་པའི་ཆ་ནི་ངོ་མཚར་ཆེ་བ་ཞིག་ཡིན་ཞེས་སློབ་དཔོན་ཆེན་པོས་གསུངས་ཡོད། ཁོང་གི་མཚན་ད་ལྟ་ངས་དྲན་ཐུབ་ཀྱི་མི་འདུག

གལ་ཏེ་ཆོས་ཀུན་རང་ངོས་ནས་ངོ་བོ་ཉིད་ཀྱིས་གྲུབ་པ་དང་གཞན་ལ་མ་ལྟོས་པར་རང་དབང་དུ་གྲུབ་པ་ཡིན་ན། ཆོས་ཀུན་དེ་ལྟར་རྟག་ཏུ་གནས་དགོས་ངེས་ཡིན། ཡིན་ནའང། ང་ཚོས་གནས་ལུགས་རྣམས་ཡང་དག་པར་བརྟག་དུས་དངོས་པོ་རྣམས་དེ་ལྟར་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པས་སྟོང་པ་དེ་རྙེད་ཀྱི་ཡོད། གལ་ཏེ་ང་ཚོར་ཆོས་རྣམས་ངོ་བོ་ཉིད་དུ་མ་གྲུབ་པའི་ངེས་པ་བརྟན་པོ་ཞིག་རྙེད་ན། རང་བཞིན་གྱིས་གྲུབ་པའི་འཁྲུལ་སྣང་སྔ་མ་རྣམས་ཚུགས་ཐུབ་ཏུ་མི་གནས་པར་གློ་བུར་དུ་ཞིག་གི་རེད། སྔ་མ་ངེས་པ་ཆེན་པོ་ཡོད་ཚུལ་དེ་ཉིད་ཤུལ་ལྷག་མེད་པར་བརླག་འགྲོ་གི་རེད།

གལ་ཏེ་ང་ཚོའི་སེམས་འདི་འཁྲུལ་སྣང་ཞིག་པ་དེར་ག་ལེར་བསམ་ཞིབ་ཅིག་བྱས་ན། ང་ཚོས་རིམ་པས་སྙིང་ཁོང་རུས་པའི་གཏིང་ནས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བ་དེར་ངེས་པ་རྙེད་པའི་ཐོག་གནའ་སྐྱེལ་ཐུབ། གལ་ཏེ་ང་ཚོའི་ཏིང་ངེ་འཛིན་སྟོབས་ཆེན་པོ་མེད་ན། སྟོང་ཉིད་ལ་དམིགས་པ་དང་ངེས་པ་དེར་རྒྱུན་རིང་པོ་གནས་མི་ཐུབ་ཀྱང་། གལ་ཏེ་ང་ཚོས་དུས་ཡུན་ཐུང་ངུ་རིང་གནས་པ་དེའི་ཕན་ཡོན་ཧ་ཅང་ཆེན་པོ་ཡོད། དུས་ཡུན་ཐུང་ངུ་དེའི་རིང་སྔ་མར་གནས་པའི་འཁྲུལ་སྣང་འདི་ཉིད་ཞིག་པ་དང་ངོ་བོ་ཉིད་ཀྱིས་སྟོང་པའི་མེད་དགག་ཙམ་དེ་ལྷག་གི་ཡོད། དེ་དུས་ང་ཚོའི་སེམས་ནང་སྣང་བ་གཞན་ཤར་བའི་གོ་སྐབས་མེད།

ཡུལ་དང་ཡུལ་ཅན་གྱི་སྣང་བ་བཀག་ནས་སྣང་བ་གཞན་མེད་པའི་དབྱིངས་སུ་མཉམ་པར་འཇོག་དགོས། ཇི་སྐད་དུ། “མ་མཐོང་བ་ནི་མཐོང་བ་དམ་པའོ།།” ཞེས་གསུངས་པ་ལྟར། དེ་ལྟ་བུའི་ཚུལ་གྱིས་གནས་ལུགས་མཐོང་བ་དེའི་ངང་དུ་ལྷན་ནེར་བཞག་པ་དང་སྟོང་པ་འདིར་མཉམ་གཞག་ནམ་མཁའ་ལྟ་བུ་ཡིན།

འཁྲུལ་སྣང་ལྟ་བུའི་མཉམ་གཞག་ནི་སྟོང་ཉིད་སྒོམ་པའི་མཉམ་གཞག་ལས་ལྡངས་ནས་རྗེས་ཐོབ་སྐབས་ཀྱི་ཀུན་རྫོབ་ཀྱི་ཆོས་བསྟེན་སྟངས་ཆེད་ཡིན།

(༢༣) ཡིད་དུ་འོང་བའི་ཡུལ་དང་ཕྲད་པ་ན།། དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ།། མཛེས་པར་སྣང་ཡང་བདེན་པར་མི་ལྟ་ཞིང།། ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།ཞེས་གསུངས་ཡོད།

སྟོང་ཉིད་རྟོགས་པའི་དགོས་དོན་ནི། ཆོས་རྣམས་ཀྱི་གནས་ཚུལ་དང་འབྲེལ་ཚུལ་ཡང་དག་པ་ཤེས་པར་བྱ་རྒྱུ་དེ་ཡིན། ང་ཚོས་སྟོང་ཉིད་རྟོགས་དུས་ཆོས་ཀུན་གྱི་གནས་ལུགས་དང་དེའི་གནས་ཚུལ་རྣམས་མཐོང་གི་ཡོད། དེ་ནས་ང་ཚོས་རྒྱུན་དུ་ཆོས་ཀུན་ལ་འཛིན་སྟངས་ནི་འཁྲུལ་བ་དང་ཉོན་མོངས་ཅན་ཡིན་པ་དེ་རྟོགས། ང་ཚོ་ཆོས་ཀུན་གྱི་སྣང་བ་རྣམས་འཁྲུལ་བ་ཡིན་པ་ཤེས་དུས་འདི་ལ་དཔགས་པའི་ཡ་ལན་སྤྲོད་སྟངས་ཤེས་ཀྱི་ཡོད། གལ་ཏེ་ང་ཚོས་ཆོས་ཅན་ཞིག་དངོས་ཡོད་མ་ཡིན་པའི་སྣང་བ་གཞན་ཞིག་ཤར་བ་དེར་སྟངས་འཛིན་དང་འབྲེལ་བ་བྱེད་ཚུལ་ཤེས་ན་ང་ཚོ་མགོ་བསྐོར་ཐེབས་ཀྱི་མ་རེད།

སྟོང་ཉིད་རྟོགས་པ་ནི་སྣང་བ་དང་ཀུན་རྫོབ་པའི་ཆོས་རྣམས་གཏན་མེད་དུ་འདོད་པའི་དོན་མིན། སྟོང་ཉིད་རྟོགས་པའི་དམིགས་ཡུལ་ནི་ང་ཚོའི་སེམས་ལ་ཡུལ་ཞིག་འཆར་བའི་སྐབས་ཡུལ་དེ་རང་བཞིན་གྱིས་གྲུབ་པར་སྒྲོ་འདོགས་ཀྱི་དྲི་མ་སྤོང་བའི་ཆེད་ཡིན། ང་ཚོའི་དངོས་པོར་བཅངས་པའི་ཆགས་སྡང་རྣམས་འཇོམས་པའི་ཆེད་ངོ་བོ་ཉིད་ཀྱིས་གྲུབ་པའི་ཁ་སྣོན་གྱི་བསམ་ཚུལ་དེ་དག་འགོག་དགོས། འདི་ནི་སྟོང་ཉིད་ཀྱི་སྒོམ་གྱི་དགོས་དོན་ཡིན་པར་ངོས་ལ་ཡིད་ཆེས་ཡོད་པ་དང་འདི་ལྟ་བུའི་སྒོམ་ནི་ཧ་ཅང་དགེ་མཚན་ཆེ། ང་ཚོས་མཉམ་གཞག་ནམ་མཁའ་ལྟ་བུ་ལས་སྟོང་ཉིད་སྒོམ་གྱི་ཡོད། དེའི་རྗེས་སུ་གཙོ་བོར་ཚང་མ་བཀག་པ་མིན་པར་ཆོས་ཀུན་ལ་ཁ་སྣོན་སྒྲོ་བཏགས་ཀྱི་སྒོ་ནས་མི་ལྟ་བ་དང་། དེ་ཐོག་ནས་འདོད་ཆགས་ཤུགས་ཆེན་པོ་དགག་རྒྱུ་བཅས་ཡིན།

ང་ཚོའི་ཡིད་དུ་འོང་བའི་ཡུལ་ཞིག་མཐོང་ཡང་དེའི་གནས་ལུགས་ཀྱང་ཤེས་པ་དེས་ཀུན་རྫོབ་ཏུ་ཡོད་པའི་ཡིད་དུ་འོང་བའི་ཁྱད་ཆོས་འདི་དག་མཐོང་བར་འགོག་གི་མེད། ཡིན་ནའང། ཡུལ་དེར་ཆགས་པ་ཤུགས་ཆེ་སྐྱེ་བར་འགོག་གི་ཡོད། འདོད་ཆགས་ནི་མ་རིག་པ་དང་བདེན་འཛིན་ནམ་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པ་ལས་སྐྱེ་བ་ཡིན། དེར་བརྟེན་ང་ཚོས་ཐོག་མར་ཆོས་ཅན་གྱི་དངོས་པོའི་གནས་ལུགས་རྟོགས་ཡོད་ན། འཛིན་སྟངས་ལ་ཁྱད་པར་ཆེན་པོ་བཟོ་གི་རེད།

ང་ཚོར་ཡིད་དུ་འོང་བའི་ཡུལ་ཞིག་འཕྲད་དུས་དབྱར་དུས་ཀྱི་འཇའ་ཚོན་ལྟ་བུར་གྱུར། དེ་ཧ་ཅང་མཛེས་པར་སྣང་བ་དང་ཀུན་རྫོབ་ཏུ་མཛེས་པོ་སྣང་ཡང་ང་ཚོས་མཛེས་པ་དེ་བདེན་པར་གྲུབ་པ་ལྟ་གི་མེད། དེའི་རྗེས་ནས་མཛེས་པ་འདི་ཉིད་བདེན་པར་གྲུབ་པའི་འཛིན་པ་དེ་མི་འོང་། གལ་ཏེ་རིམ་པས་ང་ཚོས་ཡུལ་ལ་རང་བཞིན་གྱིས་སྙིང་རྗེ་མོར་འཛིན་པའི་འཛིན་པ་དེ་མེད་ལ་ཆགས་ན། མ་རིག་པ་ལ་བརྟེན་ནས་བྱུང་བའི་འདོད་ཆགས་དེ་མི་འབྱུང་བ་ཡིན། “ཆགས་སྡང་གང་ཡིན་ཀྱང་ཉོན་མོངས་ཅན་གྱི་གཏི་མུག་དང་མཚུངས་ལྡན་དུ་འབྱུང་གི་ཡོད།” སློབ་དཔོན་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པའི་ནང་དུ། ལུས་ལ་ལུས་དབང་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། ། ཞེས་གསུངས་པ་ལྟར་རོ།།

དེ་འདྲ་ཡིན་པ་སོང་ཙང། ཡུལ་ཡིད་དུ་འོང་བ་སྣང་གི་ཡོད་ཀྱང་དེར་བདེན་པར་མ་གྲུབ་པ་དང་མི་རྟག་པར་ལྟ་དུས་དེས་འདོད་ཆགས་འཇོམས་པར་བྱེད། འདི་ནི་ང་ཚོ་འདོད་ཆགས་སྤོང་ཚུལ་གྱི་ལམ་གསར་པ་ཞིག་ཡིན། ལག་ལེན་སོ་བདུན་མའི་ཚིགས་བཅད་གོང་མར་ང་ཚོའི་ཆགས་ཡུལ་རྣམས་མི་གཙང་བར་རྟོགས་ཏེ་ཆགས་པ་སྤངས་ཡོད། འདིར་ང་ཚོས་ཡུལ་རང་གི་སྟེང་དུ་མཛེས་པོ་དང་སྙིང་རྗེ་མོ་ཞེས་བདེན་པར་གྲུབ་པ་མེད་པ་དེ་རྟོགས་པའི་སྒོ་ནས་ཆགས་པ་སྤོང་གི་ཡོད།  

གལ་ཏེ་ང་ཚོས་ཐབས་ལམ་གཉིས་ཀ་ཉམས་ལེན་བྱས་ན་ཕན་ནུས་ཆེ། ཐབས་ལམ་དང་པོ་དེ་ནི་གནས་སྐབས་ཙམ་གྱི་ཐབས་ལམ་ཞིག་ཡིན་ཞིང། འདིས་ང་ཚོའི་འདོད་ཆགས་རྣམས་མགོ་མནན་པ་ཙམ་ལས་རྩ་མེད་བཟོ་ཡི་མེད། གལ་ཏེ་ང་ཚོའི་ཆགས་ཡུལ་དེ་དག་བདེན་མེད་དུ་གྲུབ་པ་དང་འཁྲུལ་བའི་རང་བཞིན་དེ་རྟོགས་པ་དང་། ཡུལ་གྱི་སྟེང་ངེས་པ་བརྟན་པོ་རྙེད་ནས་ཡུལ་གྱི་གནས་ལུགས་དངོས་རྣམས་གསལ་བར་མཐོང་བ་ན། འདིས་ང་ཚོའི་ཆགས་པ་འགོག་པར་ཕན་ནུས་ཆེན་པོ་ཡོད།

(༢༤)  སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར།། འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད།། དེ་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ།། འཁྲུལ་པར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན།། ཞེས་གསུངས་ཡོད།

མི་མཐུན་པའི་རྐྱེན་དང་སྡུག་བསྔལ་འཕྲད་པའི་སྐབས་ཞེ་སྡང་སྐྱེ་སྲིད་པ་ཡིན། དེ་འདྲ་ཡིན་པ་སོང་ཙང། གལ་ཏེ་ང་ཚོའི་སྡུག་བསྔལ་འདི་ལྟ་བུར་བདེན་པར་མ་གྲུབ་པར་རྟོགས་པ་དང་འཁྲུལ་སྣང་ཡིན་པར་བལྟས་པ་འདིས་ང་ཚོའི་སྡང་སེམས་འགོག་པར་ཕན། མི་མཐུན་པའི་རྐྱེན་དང་འཕྲད་པའི་ཚེ་ཐབས་ཚུལ་འདི་ལྟར་བསྟེན་པ་ནི་རྒྱལ་སྲས་རྣམས་ཀྱི་ལག་ལེན་ཡིན།།

སློབ་དཔོན་ཐོགས་མེད་བཟང་པོའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་མ་དཔེ་ལ་ཀློག་གནང་རོགས།

Top