སྐྱེ་བ་ཕྱི་མའི་དོན་དུ་སེམས་འཁུར་སྐྱེད་པ།

ཚེ་རབས་ནས་ཚེ་རབས་བརྒྱུད་པའི་བདག་རྟག་པའི་ངོ་བོ་ཞིག་མེད།

སྔོན་གྱི་དཔྱད་ཞིབ་གནད་དོན་ཁག་ལ་བསམ་བློ་གཏོང་བ་གཞི་རྩ་བཞག་པ་དང་དེ་ལས་མང་བའི་གདན་དོན་གྱི་སྐོར་ལའང་གོ་བསྡུར་བྱེད་ཆོག །དེ་ནས་རིམ་པས་ང་ཚོས་སྐྱེ་བ་སྔ་མ་ཐོག་མ་མེད་པ་དང་། དེ་ག་ནང་བཞིན་སྐྱེ་བ་ཕྱི་མ་མཐའ་མེད་པ་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། ང་ཚོའི་སེམས་ཀྱི་རྒྱུན་ལ་ཐོག་མ་མེད་པ་དང་མཐའ་མའང་མེད། བྱས་ཙང་། སྐྱེ་བ་བཟང་པོ་དང་། སྐྱེ་བ་ལས་ཐར་བ། ཐམས་ཅད་མཁྱེན་པའི་གོ་འཕང་བཅས་ལམ་རིམ་གྱི་དམིགས་ཡུལ་གང་འདྲ་ཞིག་འཐོབ་པར་འབད་བརྩོན་བྱེད་པར་དུས་ཚོད་ཧ་ཅང་རིང་པོ་དང་སྐྱེ་བ་མང་པོ་འགོར་གྱི་ཡོད་ནའང་། ང་ཚོས་སོ་སོའི་སེམས་ཀྱི་རྒྱུན་ཡར་རྒྱས་གཏོང་བའི་སྒོ་ནས་བདེན་པ་བཞིའི་ཉོན་མོངས་པའི་ཕྱོགས་རྣམས་རྩ་བ་ནས་སྤོང་དགོས་ཤིང་། རྣམ་བྱང་གི་ཕྱོགས་རྣམས་རང་རྒྱུད་ལ་སྐྱེད་པར་བྱེད་དགོས།
 
རགས་པའི་དབང་དུ་བྱས་ན། སེམས་ཅན་དང་མི་ཚེའི་རིགས། ང་ཚོའི་སེམས་ཀྱིས་སྐྱེ་བ་རེ་རེའི་ནང་ནུས་པའི་རིགས་མངོན་དུ་འགྱུར་བ་རྣམས་མི་འདྲ་བ་ཡོང་གི་ཡོད་པ་ནི་ཤོད་མི་དགོས་པ་རེད། དཔེར་ན། སྲིན་འབུ་ལྟ་བུའི་སེམས་ཀྱི་ནུས་པ་དེ་འགྲོ་བ་མིའི་ཀླད་པའི་ནུས་པ་ནང་བཞིན་ཤུགས་ཆེན་པོ་མེད་པ་གསལ་པོ་རེད། སྲོག་ལྡན་གྱི་རིགས་སྣ་ཚོགས་དང་འབྲེལ་བའི་གོམས་གཤིས་ཀྱི་རིགས་ཀྱང་སྣ་ཚོགས་པ་ཡོད། དཔེར་ན། ང་ཚོ་སྐྱིད་པོ་ཡོད་སྐབས་ཁྱི་ནང་བཞིན་རྔ་མ་འགུལ་བ་ལྟ་བུ་བྱེད་པ་དེ་དག་ཐམས་ཅད་ནི་ལས་ཀྱིས་ཤུགས་རྐྱེན་སྤྲད་ཡོད། ཕྱོགས་གཞན་ཞིག་ནས་དེ་ནི་ང་ཚོས་མཉམ་ཞུགས་བྱས་པའི་གོམས་གཤིས་ཀྱི་རིགས་ཀྱིས་ཤུགས་རྐྱེན་སྤྲད་ཡོད་པ་དང་། ལས་དེ་དག་གི་རྗེས་སུ་ལས་ཀྱི་རྗེས་འབྲས་ཤིག་ལྷག་ཡོད། དེར་བརྟེན་བདག་ཅེས་བྱ་བ་རྟག་པའི་ངོ་བོར་ཞིག་མེད།
 
སྐབས་འདིར་ངོ་བོ་ཞེས་བྱ་བ་ནི་ང་ཚོར་ཡོད་པའི་སྐྱེ་བ་ངེས་ཅན་ཞིག་ལ་བརྟེན་ནས་ངོས་འཛིན་བྱེད་པ་དང་འབྲེལ་བ་ཞིག་ཡིན། ང་ཚོས་སྐྱེ་བ་གང་འདྲ་ཞིག་བླངས་ནའང་རྟག་ཏུ་སོ་སོའི་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་དེ་ཉར་འཚགས་བྱེད་ཀྱི་ཡོད། ང་རང་ཁྱེད་ཆགས་ཀྱི་མེད། འོན་ཀྱང་མེཀྶི་ཁེན་གྱི་མི་དང་། འཇར་མེན་གྱི་མི། འགྲོ་བ་མི། བྱ་དེ། ཕོ། མོ་ཟེར་བའི་རྟག་པའི་ངོ་བོ་ཞིག་ནི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་སྐྱེ་གནས་གང་རུང་བ་ཞིག་ལ་སླར་ཡང་སྐྱེ་བ་ཉམས་སུ་མྱོང་ཆོག །དེ་དག་ཐམས་ཅད་ནི་ང་ཚོའི་བྱ་སྤྱོད་ཇི་ལྟར་སྤེལ་ཚུལ་ལ་རག་ལུས་ཡོད། གང་ལྟར་ཡང་། ང་ཚོའི་སྒེར་གྱི་ཡུལ་ཅན་སེམས་ནི་མུ་མཐུད་དེ་འགྲོ་གི་རེད།

ང་ཚོའི་མི་ལུས་རིན་ཆེན་ལ་རྗེས་སུ་ཡི་རང་བྱེད་པ།

ད་ལྟ་ང་ཚོར་མི་ལུས་རིན་པོ་ཆེ་འདི་ཡོད། ང་ཚོ་ནི་བྱ་ཕྲུག་དེ་འདྲ་མ་རེད། ང་ཚོ་འཆི་བར་འཐབ་རྩོད་བྱེད་ཀྱིན་མེད། ང་ཚོ་མང་ཆེ་བ་ནི་ཚབས་ཆེན་གྱི་སྒོ་ནས་དབང་པོ་སྐྱོན་ཅན་དེ་འདྲ་མ་རེད། ང་ཚོ་ནི་སངས་རྒྱས་ཀྱི་ཆོས་མེད་པའི་གནས་སྟངས་དེ་འདྲའི་ནང་མེད་ལ། སངས་རྒྱས་ཀྱི་ཆོས་ལ་དམ་བསྒྲགས་དང་བཀག་འགོག་ཡོད་པའམ་ཁྲིམས་འགལ་དུ་རྩི་བའི་གནས་སྟངས་དེ་འདྲའི་ནང་དུའང་མེད། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་སྐབས། ང་ཚོས་མི་ལུས་རིན་ཆེན་གྱི་ཐོག་ལ་སྒོམ་རྒྱག་དགོས་ཀྱི་ཡོད་པ་དེ་ནི། གལ་ཏེ་ང་ཚོས་ཚེ་འདིའི་ནང་ག་རེ་ཆགས་ཡོད་སྲིད་པ་དང་གང་ཉམས་སུ་མྱོང་ཡོད་སྲིད་པའི་གདམ་ག་གཞན་ཧ་ཅང་མང་པོ་ཞིག་ཡོད་པར་བསམ་བློ་བཏང་ན། དེ་ཁོ་ནས་གོ་དོན་ཞིག་སྦྱིན་གྱི་ཡོད། ང་ཚོར་ཡོད་པའི་ལས་ཀྱི་ནུས་པ་ཆ་ཚང་གི་སྐོར་བརྗོད་སྐབས། དེ་ལ་ངའི་དགེ་བའི་བཤེས་གཉེན་ནང་གི་གཅིག་སྟེ། དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱིས། སོ་སོ་རང་ཉིད་ངན་སོང་གི་གནས་ནས་དུས་ཚོད་ཐུང་ངུའི་རིང་གི་གུང་སེང་ལ་སླེབས་པ་ལྟ་བུ་དང་། ང་ཚོའི་གུང་སེང་གི་དུས་ཚོད་དེ་རྫོགས་ལ་ཉེ་བ་ཡིན་པ་བསམ་བློ་གཏོང་རྒྱུ་དེ་ཡག་ཤོས་རེད་ཅེས་གསུང་གནང་གི་རེད། བྱས་ཙང་། ང་ཚོ་དུས་ཚོད་ཐུང་ངུའི་གུང་སེང་ནང་ཡོད་པའི་སྐབས། དུས་ཚོད་གང་ཡོད་པ་ཆ་ཚང་འགྲོ་བ་མི་རྣམས་ཀྱི་འདྲ་པར་རྒྱག་རྒྱུའི་ཆེད་དུ་གཏོང་རྒྱུ་མེད། ང་ཚོར་ཐོབ་པའི་ཧ་ཅང་རྙེད་དཀའ་བའི་མི་ལུས་རིན་པོ་ཆེ་འདི་ལས་ཁེ་བཟང་ལེན་དགོས་ཀྱི་ཡོད།

ང་ཚོ་འགྲོ་བ་མི་ཡིན་པའི་ཁེ་བཟང་ངམ་ཕན་ཡོན་ཆེ་ཤོས་དེ་གང་རེད་དམ། དེ་ནི་ང་ཚོའི་རྣམ་དཔྱོད་དེ་རེད། ང་ཚོར་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཡོད། དེ་ལ་བརྟེན་ནས་གང་ཞིག་ཉམས་ལེན་བྱས་ན་ང་ཚོར་ཕན་ཐོགས་ཡོད་པ་དང་། གང་ཞིག་སྤོང་ན་ཡག་ག་ཡོད་པའི་སྐོར་རྣམ་པར་འབྱེད་ཐུབ་ཀྱི་ཡོད། ང་ཚོ་འགྲོ་བ་མི་གཅིག་པུ་ལ་འདི་ལྟ་བུའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཡོད། འཆི་བ་ག་དུས་ཡིན་ནའང་ཡོང་སྲིད། འོན་ཀྱང་ང་ཚོར་འཆི་བའི་རྗེས་སུ་སྐྱེ་བ་ཕྱི་མ་ཡོད་པར་ཡིད་ཆེས་མེད་ན། འཆི་བའི་སྐབས། དེ་ནི་མི་ཚེའི་ཆེས་མཐའ་མཇུག་དེ་རེད། ཚང་མ་ཚར་བ་རེད། དེས་འགྲིག་གི་རེད། དེ་ནས་འཆི་བར་དྲན་ཤེས་བསྟེན་པ་དེ་ཙམ་གྱི་གལ་འགངས་ཆེན་པོ་མིན་པ་ཆགས་ཀྱི་ཡོད།  

འཆི་བར་དྲན་ཤེས་བསྟེན་པ་དང་དེ་ལས་འབྱུང་སྲིད་པའི་སྐྱེ་བ།

དེ་ཡང་ང་ཚོར་མི་ལུས་རིན་ཆེན་གྱི་གོ་སྐབས་བཟང་པོ་འདི་ཡོད་པའི་བདེན་དོན་ལ་དངོས་གནས་དྲང་གནས་དོ་གལ་ཆེན་པོ་བརྩི་དགོས་ཤིང་། འདི་ག་དུས་མཇུག་རྫོགས་ཀྱི་ཡོད་ང་ཚོའི་བསམ་བློའི་ཡུལ་དུ་མེད་ཀྱང་། མི་ལུས་འདི་ནི་འཛད་འགྲོ་རྒྱུ་ཡིན་པ་ངེས་པ་རེད། ང་ཚོ་ཤི་བའི་རྗེས་སུ་དེ་ནི་མུ་མཐུད་ནས་འགྲོ་གི་རེད། འོ་ན་དྲི་བ་དེ་གང་རེད་ཅེ་ན། དེ་ནས་ག་རེ་ཆགས་ཀྱི་རེད། གལ་ཏེ་ང་ཚོས་སེམས་ཀྱི་རྒྱུན་ཐོག་མཐའ་མེད་པར་བསམ་བློ་བཏང་ན། ཚེ་འདིའི་དུས་ཚོད་ནི་ཧ་ཅང་ཐུང་ཐུང་ཡིན་པ་རེད། ཚན་རིག་པ་ཚོས་ལོ་འགའ་ཤས་ཀྱི་ནང་རྟག་ཏུ་སོ་སོའི་བསམ་བློ་འགྱུར་བ་གཏོང་གི་ཡོད་ཀྱང་། ཐ་ན་ང་ཚོས་འཇིག་རྟེན་འདི་གས་ཐོར་ཆེན་མོ་ནས་བཟུང་སྟེ་མཐར་མཇུག་མ་རྫོགས་ཀྱི་བར་གྱི་མི་ཚེ་ལ་བསམ་བློ་བཏང་ནའང་། ཚེ་འདི་ནི་གང་ཡང་མ་རེད། འདི་ནི་ཧ་ཅང་ཐུང་ཐུང་རེད། རྒྱུ་མཚན་རིགས་པའི་སྒོ་ནས་མི་ལུས་རིན་ཆེན་འདིའི་རྗེས་སུ་ད་དུང་དུས་ཚོད་རིང་བ་ཡོད་པས། མི་ཚེ་ཐུང་ཐུང་འདི་ཙམ་གྱི་ཆེད་དུ་མིན་པར། ཚེ་འདིའི་རྗེས་ཀྱི་དུས་ཚོད་རིང་པོ་དེའི་ཆེད་དུ་སེམས་འཁུར་ཆེ་བ་བྱེད་པ་ནི་དོན་ལྡན་ཞིག་ཏུ་སྣང་། ཚེ་འདིའི་མི་ཚེའི་ལྷག་མ་རྣམས་ནི་འབྱུང་འགྱུར་གྱི་ཆ་ཤས་ཤིག་ཡིན་པ་སོང་ཙང་། ང་ཚོས་དེ་ལའང་དོ་སྣང་བྱེད་དགོས་ཀྱི་ཡོད། འོན་ཀྱང་ཐོག་མའི་ཀུན་སློང་གི་རིམ་པའི་དགོས་དོན་གཙོ་བོ་ནི། སྐྱེ་བ་ཕྱི་མར་དོ་སྣང་དང་སྤྲོ་བ་ཆེ་བ་ཡོད་དགོས་པ་དེ་རེད།

ད་ང་ཚོས་ཆོས་ངོ་མ་ལ་རྗེས་སུ་ཡི་རང་བྱེད་འགོ་བཙུག་གི་ཡོད། གལ་ཏེ་སྐྱེ་བ་ཕྱི་མར་དངོས་གནས་ཡིད་ཆེས་ཡོད་ན། ང་ཚོས་གནད་དོན་འདི་ལ་དོ་གལ་ཆེན་པོའི་སྒོ་ནས་དང་དུ་ལེན་དགོས། གལ་ཏེ་ང་ཚོས་དོ་གལ་ཆེན་པོའི་སྒོ་ནས་དང་དུ་བླངས་ན། དེ་ནས་ད་ལྟ་ཡོད་བཞིན་པའི་མི་ལུས་རྩ་ཆེ་བའི་རང་བཞིན་དེ་ཧ་ཅང་མངོན་གསལ་དོད་པོ་ཆགས་ཀྱི་ཡོད། ང་ཚོར་གོ་སྐབས་འདི་ཡོད་པ་དང་རང་དབང་སྟེ། དལ་བ་དང་འབྱོར་བ་ཚང་བའི་མི་ལུས་འདི་ལ་བརྟེན་ནས་སོ་སོའི་གནས་སྟངས་ཡར་རྒྱས་གཏོང་ཐུབ་པ་ནི་ཅི་འདྲའི་ངོ་མཚར་ཅན་ཞིག་མིན་ནམ། གལ་ཏེ་ང་ཚོས་དངོས་གནས་མི་ལུས་རིན་ཆེན་འདི་ལ་རྗེས་སུ་ཡི་རང་བྱས་ན། ང་ཚོར་སྐྱེ་བ་ཕྱི་མའི་ནང་ག་རེ་དགོས་འདོད་བྱེད་ཀྱི་རེད་དམ། ང་ཚོས་ད་དུང་མིའི་ལུས་རྟེན་མང་བ་ཐོབ་ཐུབ་པ་དགོས་འདོད་བྱེད་ཀྱི་རེད།  

ཉེན་མེད་ཀྱི་ཁ་ཕྱོགས་ ༼སྐྱབས་འགྲོ་༽ ནི་སྐྱེ་བ་བཟང་པོ་ཐོབ་པའི་ཐབས་ཡིན།

གལ་ཏེ་ང་ཚོས་སངས་རྒྱས་ཆོས་དང་དགེ་འདུན་བཅས་ཀྱི་ཁ་ཕྱོགས་སུ་ཕྱིན་པ་ཡིན་ན། ང་ཚོའི་སེམས་ཀྱི་སྟེང་ལ་ད་ལྟ་ཐོབ་མེད་པའི་འགོག་བདེན་དང་ལམ་བདེན་གྱི་ཁ་ཕྱོགས་དེར་འགྲོ་གི་ཡོད། ཡིན་ནའང་གལ་ཏེ་ང་ཚོས་ཁ་ཕྱོགས་དེར་ཕྱིན་ན། དེས་ང་ཚོ་ཞེད་སྣང་སྐྱེ་སའི་ངན་སོང་གི་སྐྱེ་གནས་ལས་བསྐྱབ་ཀྱི་རེད། ཁ་ཕྱོགས་དེར་དངོས་སུ་འགྲོ་བ་དང་འགོག་བདེན་དང་ལམ་བདེན་གྱི་དམིགས་ཡུལ་རྣམས་ཐོབ་པར། ང་ཚོར་མི་ལུས་རིན་ཆེན་འདི་ཡང་ནས་ཡང་དུ་དགོས་ཀྱི་ཡོད། དེ་ལ་ཉེན་ཁ་ཅན་ག་རེ་ཡོད་ཅེ་ན། ང་ཚོ་ཚེ་འདིའི་ནང་འགོག་བདེན་དང་ལམ་བདེན་འཐོབ་ཀྱི་མ་རེད། དེར་བརྟེན་མི་ལུས་རིན་ཆེན་འདི་མུ་མཐུད་ནས་འཐོབ་པར་ངེས་བརྟན་བཟོ་དགོས། དེ་ལྟར་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་འདིའི་ནང་མུ་མཐུད་དེ་མདུན་ནས་མདུན་དུ་བསྐྱོད་ཆོག  

འཕགས་པའི་གོ་འཕང་ཐོབ་པ།

ལམ་རིམ་ནང་། འགྲོ་བ་མིའམ་ཡང་ན་ལྷ་ལྟ་བུ་སྐྱེ་བ་བཟང་པོ་ཞིག་ཏུ་སྐྱེ་བར་དམིགས་ཀྱི་ཡོད་ཅེས་གསུངས་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ཡོད། གལ་ཏེ་མི་ལུས་རིན་ཆེན་འདི་ཧ་ཅང་གལ་ཆེན་པོ་ཡིན་ན། དེ་འདྲ་གསུངས་དགོས་དོན་གང་རེད་དམ། རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་ནས་གསུངས་པའི་གནད་དོན་ཧ་ཅང་མགོ་རྙོག་ཅན་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད། དེའི་ནང་དགེ་འདུན་ཉི་ཤུའི་གྲངས་འདྲེན་ཞིག་ཡོད་པ་དེ་དག་འཕགས་པའི་དགེ་འདུན་ལ་གོ་གི་ཡོད། ལམ་གྱི་བདེན་པ་ལ་བརྟེན་ནས་འགོག་པའི་བདེན་པ་ཐོབ་ཐུབ་པའི་སེམས་ཀྱི་གནས་རིམ་མང་པོ་ཡོད། ང་ཚོས་དེ་ལ་མཐོང་ལམ་ཞེས་ཀྱང་བརྗོད་ཀྱི་ཡོད། མཐོང་ལམ་ནི་བདེན་བཞིའི་མི་རྟག་སོགས་རྣམ་པ་བཅུ་དྲུག་པོ་རྟོག་མེད་ཀྱི་སྒོ་ནས་རྟོགས་པའི་སེམས་དེ་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོས་འཕགས་པའི་གོ་འཕང་དེ་ཏིང་ངེ་འཛིན་གྱི་སེམས་ཀྱི་རིམ་པ་མང་པོ་ལ་བརྟེན་ནས་ཐོབ་ཐུབ། དེར་བརྟེན་དགེ་འདུན་ཉི་ཤུ་ནི་འཕགས་པའི་རིགས་ཉི་ཤུ་ལ་གོ་བ་ཡིན། དེ་དག་ཀྱང་ཁོང་ཚོར་མངའ་བའི་རྟོག་མེད་ཀྱི་ཤེས་པ་དང་མཉམ་དུ་ཏིང་ངེ་འཛིན་གྱི་སེམས་ཀྱི་གནས་རིམ་དང་བསྟུན་ནས་ཁྱད་པར་ཕྱེས་ཡོད།

ཏིང་ངེ་འཛིན་གྱི་རིམ་པ་དེ་དག་གི་ནང་བསམ་གཏན་སྣ་ཚོགས་ཡོད་པ་དང་། དེ་དག་ནི་སེམས་ཀྱི་བརྟན་ཆའི་རང་བཞིན་གྱི་ཧ་ཅང་ཚད་མཐོའི་རིམ་པ་རྣམས་རེད། རིམ་པ་མི་འདྲ་བ་དེ་དག་ལྷའི་ཁམས་ཀྱི་རིམ་པ་མི་འདྲ་བ་དང་མཐུན་པར་ཡོད། གལ་ཏེ་ང་ཚོ་སེམས་ཀྱི་བརྟན་ཆའི་རང་བཞིན་ནམ་ཏིང་ངེ་འཛིན་གྱི་གནས་བབས་གང་རུང་ཞིག་ལ་འདོད་ཆགས་སྐྱེས་ན། ང་ཚོ་དེ་དང་མཐུན་པའི་ལྷའི་ཁམས་སུ་སྐྱེ་བ་དང་། ང་ཚོར་སླར་ཡང་དེ་ལྟ་བུའི་ཏིང་ངེ་འཛིན་དེ་འཐོབ་པའི་བག་ཆགས་ཤུགས་ཆེན་པོ་ཡོང་གི་རེད། བྱས་ཙང་། གལ་ཏེ་ང་ཚོ་ལྷའི་ཁམས་དེ་དག་ལས་གཅིག་གི་ནང་སྐྱེས་པ་ཡིན་ན། དེ་ནི་བསམ་བློའི་གཏོང་ཕྱོགས་ཀྱི་སྒོ་ནས་ཁམས་དེ་གའི་ནང་ཏིང་ངེ་འཛིན་ཞིག་གོང་འཕེལ་གཏོང་ཐུབ་པ་དང་། དེས་ང་ཚོར་ནུས་ལྡན་དུ་བཟོ་གི་རེད། གལ་ཏེ་ང་ཚོས་འཕགས་པའི་གོ་འཕང་འཐོབ་པའི་ཆེད། ཉམས་ལེན་གཞན་མང་པོ་ཞིག་ནས་བག་ཆགས་གཞན་བསགས་ཡོད་ན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ལྷའམ་མི་གང་རུང་གི་སྐྱེ་བ་བཟང་བ་ཞིག་ལ་སྐྱེ་རྒྱུའི་དམིགས་པའི་ཐོག་སྐད་ཆ་ཤོད་ཀྱི་ཡོད། ལྷ་རྣམས་ལ་དུས་ཚོད་ཡག་པོ་དང་སྐྱིད་པོ་ཡོད་པའི་རྒྱུ་མཚན་ཙམ་གྱིས་མིན།

གནད་དོན་གཙོ་བོ་ནི་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་ ༼སྐྱབས་འགྲོ་༽ སྐོར་བསམ་བློ་གཏོང་སྐབས། ང་ཚོས་འཕགས་པ་དང་དེ་ལས་འདས་པར་དམིགས་ཀྱི་ཡོད། ང་ཚོས་འགོག་བདེན་དང་ལམ་བདེན་ལ་དམིགས་ཀྱི་ཡོད། གང་ཡིན་ཟེར་ན། བསམ་བློའི་གཏོང་ཕྱོགས་ཀྱི་ཐོག་ནས་ལྷར་སྐྱེས་པ་ལས་ང་ཚོས་དེ་ཐོབ་སྲིད་པ་ཞིག་ཡིན། དེ་ནི་འདིར་ཚུད་ཡོད། གང་ལྟར་ཡང་། ང་ཚོས་མི་ལུས་རིན་ཆེན་ཞིག་ལ་དངོས་གནས་དམིགས་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་འཕགས་པའི་གོ་འཕང་ཐོབ་སླ་ཤོས་དང་མཐུན་རྐྱེན་ཡག་ཤོས་དེ་ཡིན་པ་རེད། སྐྱེ་བ་བཟང་པོ་སྐྱེ་བའི་དམིགས་ཡུལ་ཡོངས་སུ་རྫོགས་པ་ནི། ཕྱི་རོལ་པའི་དམིགས་ཡུལ་ལྷ་ཡུལ་དུ་འགྲོ་རྒྱུ་དེ་རྩ་ནས་མིན། ནང་པའི་དམིགས་ཡུལ་ནི། ང་ཚོར་བྱ་བའི་རྟེན་གཞིར་གྱུར་བའི་མི་ལུས་རིན་ཆེན་ཞིག་མུ་མཐུད་ནས་ཐོབ་ཐུབ་པ་དང་། དེ་ལ་བརྟེན་ནས་ང་ཚོས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཀྱི་ཡོད།

ལས། མི་དགེ་བའི་སྤྱོད་ལམ་སྤོང་བ།

དེའི་རྗེས་ཀྱི་ཐབས་ཚུལ་དེ་ནི། ང་ཚོས་སྐྱེ་བ་ཕྱི་མའི་ནང་མི་ལུས་རིན་ཆེན་ཞིག་ཏག་ཏག་གང་འདྲ་བྱས་ནས་འཐོབ་ཀྱི་རེད་དམ་ཞེས་བསམ་བློ་གཏོང་རྒྱུ་དེ་རེད། འདིས་ལས་ཀྱི་སྐོར་གོ་བསྡུར་བྱེད་དུ་འཇུག་གི་ཡོད། གང་ཡིན་ཟེར་ན། མི་ལུས་རིན་ཆེན་ལ་དངོས་གནས་དྲང་གནས་ངེས་བརྟན་བཟོ་བར། ང་ཚོས་མི་དགེ་བའི་ལས་བྱ་རྒྱུ་སྤོང་དགོས་ཤིང་། དེའི་ཚབ་ལ་དགེ་བའི་ལས་བྱ་རྒྱུ་འགོ་འཛུགས་བྱེད་དགོས། ང་ཚོ་སྐྱེ་བ་ཕྱི་མའི་ནང་མི་ལུས་རིན་ཆེན་འཐོབ་རྒྱུར་ཧ་ཅང་དོ་སྣང་ཅན་ཆགས་སྲིད་ཀྱང་། མི་དགེ་བའི་ལས་བྱ་རྒྱུ་མཚམས་འཇོག་བྱེད་འདོད་མེད། བྱས་ཙང་། ད་མི་དགེ་བའི་སྤྱོད་ལམ་གྱིས་ང་ཚོ་སྡུག་བསྔལ་གྱི་ནང་འཁྲིད་ཀྱི་ཡོད་པ་དང་། དགེ་བའི་སྤྱོད་ལམ་གྱིས་ང་ཚོར་འབྲས་བུ་བདེ་སྐྱིད་སྨིན་པར་བྱེད་ཀྱི་ཡོད་པའི་བདེན་དོན་ལ་ཡིད་ཆེས་རྙེད་པ་ཞིག་དགོས།

ཁྱེད་ཀྱིས་རང་གིས་རང་ལ་དེ་ལྟར་དྲིས་མྱོང་ཡོད་དམ། ངས་གང་ཞུ་གིན་ཡོད་ཅེ་ན། གལ་ཏེ་མི་དགེ་བའི་ལས་ཀྱིས་རང་ཉིད་དངོས་གནས་ལ་སྡུག་བསྔལ་དང་། སེར་སྣ། མི་སྐྱིད་པ་འབྱུང་གི་ཡོད་པར་ཡིད་ཆེས་རྙེད་ན། ང་ཚོས་མི་དགེ་བའི་ལས་བྱེད་ཀྱི་མ་རེད། དེར་བརྟེན་ང་ཚོར་ཡིད་ཆེས་དང་ངེས་ཤེས་རྙེད་པ་ཞིག་བྱུང་མེད་པ་གསལ་པོ་རེད། ཡིད་ཆེས་བརྙེད་པའི་རྗེས་ལ་ཚེ་རབས་མང་པོ་ནང་བདེ་སྐྱིད་སྨིན་པར་བྱེད་པ་དང་སྡུག་བསྔལ་འབྱུང་བར་བྱེད་པའི་ཐབས་ཚུལ་དེ་ཡང་རྟོགས་དགོས། མི་དགེ་བའི་བྱ་སྤྱོད་དང་དེའི་འབྲས་བུ་སྨིན་པའི་བར་ལ་ཡུན་རིང་བའི་བར་མཚམས་ཤིག་ཡོད་པ་དེ་གོང་དུ་ཞུས་ཟིན་པའི་མཐའ་མེད་པའི་སེམས་ཀྱི་རྒྱུན་དང་འབྲེལ་བ་ཆགས་ཀྱི་ཡོད།

ཕྱོགས་བསྡོམས།

མི་ལུས་རིན་ཆེན་ཞིག་གི་ནང་། ང་ཚོར་དལ་བ་དང་འབྱོར་བའི་ཆ་རྐྱེན་ཆ་ཚང་ཡོད་པ་ཐེ་ཚོམ་མེད། ང་ཚོ་རྣམ་དཔྱོད་དང་ལྡན་པ་དང་། གནས་ཚུལ་ཐོབ་སླ་བ། སོ་སོ་རང་ཉིད་ཀྱི་གདམ་ཀ་དེ་རང་དབང་སྒོ་ནས་དང་དུ་ལེན་ཆོག །ཡིན་ནའང་དེ་ནི་ཡུན་དུ་གནས་ཀྱི་མེད། ང་ཚོར་ཐོབ་པའི་མིའི་ལུས་རྟེན་འདི་ནི་ང་ཚོས་ག་དུས་འདོད་འདོད་ཐོག་ཐུང་དུ་གཏོང་ཆོག་པའི་ཐུང་ལ་སྐྱིད་པའི་གུང་སེང་དང་འདྲ་བ་ཞིག་རེད།  

རང་ཉིད་འཆི་རྒྱུ་ཡིན་པ་དང་ང་ཚོའི་སེམས་ཀྱི་རྒྱུན་དེ་མུ་མཐུད་ནས་འགྲོ་རྒྱུ་ཡིན་པ་དངོས་གནས་ཤེས་རྟོགས་ཡོང་བའི་སྐབས། ང་ཚོས་སྐྱེ་བ་ཕྱི་མའི་སྐོར་བསམ་བློ་མི་གཏོང་ཀ་མེད་ཆགས་ཀྱི་ཡོད། ང་ཚོ་མང་པོ་ཞིག་གིས་སོ་སོའི་མ་འོངས་པའི་རྒས་འཁོགས་ཀྱི་ཆེད་ལས་ཀར་ཧ་ཅང་འབད་བརྩོན་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་སྐྱེ་བ་ཕྱི་མའི་ཆེད་དུ་བསམ་བློ་ཅིའི་ཕྱིར་མི་གཏོང་བ་ཡིན་ནམ།།

Top