དགེ་འདུན་གྱི་དོན།

སྐད་ཡིག་གཞན།

དགེ་འདུན་དང་དགེ་འདུན་དཀོན་མཆོག་གི་མཚན་ཉིད་བཤད་པ།

རྒྱ་མིས་སངྒྷ་ཞེས་པའི་ཐ་སྙད་འདི་ཡིག་སྒྱུར་བྱ་རྒྱུའི་ཚབ་ཏུ་སན་ཇཱའམ་ (seng jia) ཡང་ན་སངྒ་ (seng) ཞེས་སྒྲ་སྒྱུར་བྱས་ཏེ་སངྒྷ་དང་སྒྲ་འདྲ་བ་བེད་སྤྱོད་བྱེད་ཀྱི་ཡོད། ཐ་སྙད་དེ་ནི་ཁོང་ཚོས་བཙུན་པ་དང་བཙུན་མས་འདུས་པའི་དགེ་འདུན་གྱི་སྡེར་བེད་སྤྱོད་བྱེད་པའི་སྔ་རབས་ཀྱི་ཐ་སྙད་ཅིག་ཡིན་ཅིང་། ད་དུང་གོ་བ་དེ་ལས་ལྷག་པ་ཡོད། ང་ཚོས་ཀྱང་སངྒྷ་ཞེས་པའི་ཐ་སྙད་ཡིག་སྒྱུར་མ་བྱས་པར་རང་འཇགས་བེད་སྤྱོད་བྱེད་ཀྱི་ཡོད།

ང་ཚོས་བེད་སྤྱོད་བྱེད་པ་དང་རྒྱ་ཡིག་ནང་བེད་སྤྱོད་བྱེད་པ་ནང་བཞིན་བོད་པ་ཚོས་སངྒྷ་ཞེས་པའི་ཐ་སྙད་དེ་ག་རང་བེད་སྤྱོད་མ་བྱས་པར། དེ་ལ་ “དགེ་འདུན་” ཞེས་བསྒྱུར་ཡོད། དེའི་དོན་ནི་དགེ་བ་ལ་འདུན་པའམ་དགེ་བའི་དམིགས་པར་འདུན་པ་ལ་གོ་བ་ཡིན། དགེ་ཞེས་པ་དགེ་བ་དང་འདུན་ཅེས་པ་འདུན་པ་ལ་གོ་ཞིང་། དགེ་བའི་དམིགས་པ་དེ་ནི་ཐར་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་རེད། དེར་བརྟེན་ང་ཚོར་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་པའམ་འདུན་པའི་འདུས་སྡེ་ཞིག་ཡོད་ཆོག་པའམ། ཡང་ན་སེམས་རྒྱུད་ཀྱི་ཉོན་མོངས་སྦྱངས་ནས་རྟོགས་པ་གོང་མཐོར་བཏང་ནས་མཐར་ཐར་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་ཆོག་པ་ཡིན།

དང་པོ་ང་ཚོས་ཐ་སྙད་དེ་དག་གི་དོན་ལ་བསམ་བློ་བཏང་ནས་ཚོར་བ་ཞིག་རྙེད་པ་བྱ་རྒྱུ་དེ་ཕན་ཐོགས་ཆེ་བར་ངས་རྟག་ཏུ་བསམ་གྱི་འདུག །དཔེར་ན། རྒྱུན་དུ་སྐྱབས་འགྲོ་ལ་ (refuge) ཞེས་བསྒྱུར་བར་བལྟས་ན། ལེགས་སྦྱར་གྱི་སྐད་ལ་ཤ་ར་ཎམ་ (sharanam) ཞེས་སྲུང་སྐྱོབ་འཚོལ་བའི་དོན་ཡིན། སྐྱབས་སུ་འགྲོ་ཞེས་པའི་སྲུང་སྐྱོབ་འཚོལ་བར་གོ་དགོས། འདིས་ང་ཚོས་དངོས་སུ་ཧུར་བརྩོན་བྱེད་བཞིན་པའི་བྱ་བའི་བརྒྱུད་རིམ་ཞིག་མཚོན་པ་ལས་མར་བསྡད་དེ་སྲུང་སྐྱོབ་བྱ་རྒྱུ་བསྒུགས་སྡོད་པ་ཞིག་སྟོན་གྱི་མེད། དེ་འདྲ་སོང་ཙང་། ངས་དབྱིན་སྐད་ནང་ going in a safe direction ཞེས་ཉེན་མེད་ཀྱི་ཁ་ཕྱོགས་མ་ནོར་བ་ཞིག་འཚོལ་བ་ཞེས་བརྗོད་ཀྱི་ཡོད། དེ་ནི་ང་ཚོའི་མི་ཚེའི་ནང་གི་ཉེན་མེད་ཀྱི་ཁ་ཕྱོགས་བརྟན་པོ་ཞིག་ཡིན་ཅིང་། སྡུག་བསྔལ་ལས་སྐྱོབ་པའམ་སྲུང་བའི་ཆེད་དུ་དེ་ལྟ་བུའི་ཁ་ཕྱོགས་འཚོལ་གྱི་ཡོད། དེ་བཞིན་ང་ཚོས་རང་ཉིད་སྲུང་སྐྱོབ་བྱེད་ཕྱོགས་ཐད་གཞན་གྱི་མིག་དཔེའི་རྗེས་སུ་འབྲངས་ནས་སྲུང་སྐྱོབ་བམ་སྐྱབས་འགྲོ་བྱེད་ཐུབ། སངས་རྒྱས་ནི་མིག་དཔེ་བཟང་པོ་ཞིག་ཡིན། ང་ཚོ་སངས་རྒྱས་ནང་བཞིན་ཆགས་འདོད་ཡོད། གལ་སྲིད་དམིགས་ཡུལ་དེ་གྲུབ་ན། ད་གཟོད་ང་ཚོས་འཇིགས་པ་དང་སྡུག་བསྔལ་ལས་ཡོངས་སུ་སྲུང་བའམ་སྐྱོབ་པ་ཆགས་ཡོད། ཕྱོགས་གཞན་ཞིག་ནས་གལ་སྲིད་ང་ཚོས་རང་ཉིད་སངས་རྒྱས་ཆགས་རྒྱུའི་ཆེད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཉམས་ལེན་ཡག་པོ་བྱས་ན་། ང་ཚོས་རང་ཉིད་སྡུག་བསྔལ་ལས་སྐྱོབ་ཐུབ།

དམིགས་ཡུལ་དེ་སྒྲུབ་པའི་བརྒྱུད་རིམ་ནང་སངྒྷའམ་དགེ་འདུན་གྱི་ལས་འགན་དེ་གང་ཡིན་ནམ་ཞེ་ན། སྤྱིར་བཤད་སྲོལ་ལ་དགེ་འདུན་གྱིས་ང་ཚོ་དམིགས་ཡུལ་དང་ཁ་ཕྱོགས་དེར་བསྐྱོད་པར་རོགས་རམ་མམ་གྲོགས་བྱེད་ཀྱི་ཡོད། དེའི་དོན་དངོས་གང་ཡིན་ང་ཚོས་བརྟག་དཔྱད་བྱེད་དགོས། དོན་གཞན་མང་པོ་ཡོད་སྲིད།

ང་ཚོས་སྐྱབས་སུ་འགྲོ་བའི་སྐབས་སྤྱིར་དགེ་འདུན་ཙམ་ལ་མིན་པར། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་གི་ཡོད། དགེ་འདུན་དང་དགེ་འདུན་དཀོན་མཆོག་གཉིས་ཐ་དད་རེད། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར། སྔོན་ལ་དགེ་འདུན་དཀོན་མཆོག་ཤེས་དགོས། དེ་ནི་ནང་པའི་ཆོས་ཚོགས་ཁང་ནང་མི་རྣམས་དགེ་འདུན་ཞེས་འབོད་པ་དེ་ཉེན་ཁ་རེད། གང་ཡིན་ཞེ་ན། ང་ཚོས་དགེ་འདུན་དཀོན་མཆོག་གསལ་པོ་ཞིག་ངོ་མ་ཤེས་ན། ནང་པའི་ཆོས་ཚོགས་ཁག་ནང་ཡོད་པའི་མི་རྣམས་དགེ་འདུན་དཀོན་མཆོག་རེད་ཅེས་བསམ་སྲིད། དེ་ནས་མི་སྡེ་དེས་ང་ཚོ་བློ་ཕམ་དུ་བཅུག་པའམ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་ན། དེ་ནས་ང་ཚོས། “དེ་ནི་ཡིད་ཆེས་བློ་གཏད་བཅོལ་ཆོག་པ་ཞིག་གཏན་ནས་མ་རེད།” ཅེས་བསམས་ནས་ང་ཚོའི་རྒྱུད་ཀྱི་སྐྱབས་འགྲོ་སྟོང་སྲིད།

དེ་ག་ནང་བཞིན་གལ་སྲིད་ང་ཚོས་དགེ་འདུན་དཀོན་མཆོག་ཅེས་པ་གྲྭ་བཙུན་ཙམ་ལ་བསམ་བློ་བཏང་ན་གཅིག་པ་ཡོང་རྒྱུ་རེད། གང་ཡིན་ཟེར་ན། སེམས་ཚོར་གྱི་ཆ་ནས་ཞི་འཇམ་མེད་པ་དང་སེམས་ལ་དཀྲོག་རྐྱེན་ཐེབས་པའི་གྲྭ་བཙུན་མང་པོ་ཡོད་སྲིད་པས། ང་ཚོས། “དེ་དག་ལ་སྐྱབས་སུ་ཇི་ལྟར་འགྲོ་ཐུབ་བམ།” ཅེས་བསམ་བློ་འཁོར་ཤས་ཆེ། དེར་བརྟེན་དགེ་འདུན་དཀོན་མཆོག་ངོ་མ་དེ་འདྲ་མ་རེད། རྒྱུ་མཚན་དེའི་ཕྱིར་སྐྱབས་འགྲོ་ཡང་དག་པ་ཞིག་ཡོང་བར། དགེ་འདུན་དཀོན་མཆོག་ཅེས་པའི་དོན་གང་ཡིན་ཚུལ་བཞིན་དུ་ར་འཕྲོད་པ་བྱ་རྒྱུ་དེ་ཤིན་ཏུ་གནད་འགག་ཆེ།

ནུབ་ཕྱོགས་སྤྱི་ཚོགས་ནང་། “གལ་སྲིད་དགེ་འདུན་དཀོན་མཆོག་ཅེས་པ་གྲྭ་བཙུན་ཙམ་ལ་གོ་ཡི་ཡོད་ན། ང་ཚོས་དེ་དག་མེད་པ་བཟོ་ཆོག །ང་ཚོར་གྲྭ་བཙུན་དགོས་པ་མི་འདུག །ང་ཚོས་ཁོང་ཚོ་མེད་པར་དེང་དུས་ཀྱི་ནང་ཆོས་ཤིག་ཐོས་བསམ་སློབ་གཉེར་བྱེད་ཐུབ།” ཅེས་བསམ་བློ་འཁོར་མཁན་དེ་འདྲ་ཡོད། འོན་ཀྱང་གྲྭ་བཙུན་རྣམས་དགེ་འདུན་དཀོན་མཆོག་ངོ་མ་དེ་ཆགས་ཀྱི་མེད། མི་རྣམས་ཀྱིས་དགོན་སྡེའམ་གྲྭ་བཙུན་གྱི་སྲོལ་རྒྱུན་དེ་སྔ་རབས་སམ་དུས་རབས་དཀྱིལ་མའི་སྲོལ་རྒྱུན་ཞིག་ཡིན་ཅིང་། དེང་དུས་ཀྱི་སྤྱི་ཚོགས་ནང་དགོས་མཁོ་དེ་ཙམ་མེད་པ་ཞིག་ཏུ་ཆ་འཇོག་བྱེད་སྲིད། “ང་ཚོས་དགེ་འདུན་ལ་སྐྱབས་སུ་འགྲོ་མི་དགོས།” ཞེས་བསམ་བློ་འཁོར་སྲིད། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། གང་ལགས་ཞེ་ན། གནས་སྟངས་དེ་དག་གི་སྐབས་མི་རྣམས་ཀྱིས་དགེ་འདུན་དཀོན་མཆོག་ཚུལ་བཞིན་དུ་ངོས་འཛིན་ཐུབ་མེད།

དགེ་འདུན་དཀོན་མཆོག་གང་རེད་དམ། ང་ཚོས་དང་པོ་གནས་བརྟན་སྨྲ་བའི་ལུགས་དང་། གཉིས་པ་བོད་པ་ཚོས་རྗེས་སུ་འཇུག་པའི་ཐེག་པ་ཆེན་པོའི་ལུགས། གསུམ་པ་ཛཻན་བསམ་གཏན་པའི་ལུགས་བཅས་ཀྱིས་འདིའི་ཐད་གང་བརྗོད་མིན་བཅས་ལ་བལྟས་ན། ལྟ་ཚུལ་རྒྱ་ཆེ་བ་ཞིག་རྙེད་པར་ཕན་ཐོགས་ཡོང་ཐུབ། ངའི་བསམ་པར། ང་ཚོས་སེམས་གུ་དོག་པོར་བོད་བརྒྱུད་ནང་བསྟན་གཅིག་པུར་བསམ་བློ་བཏང་ནས་མ་བསྡད་པར་ནང་ཆོས་ཀྱི་སྲོལ་རྒྱུན་གཞན་གྱི་ལྟ་ཚུལ་ལ་བལྟས་ནས་བསམ་བློ་གུ་ཡངས་པོ་བྱ་རྒྱུ་ཕན་ཐོགས་ཆེ། དེ་ལྟར་བྱས་ན། ནང་པའི་ཆོས་རྒྱུན་ཚང་མའི་གཅིག་གྱུར་རམ་ཐུན་མོང་གི་ཁྱད་ཆོས་གང་ཞིག་མཉམ་སྤྱོད་བྱེད་པ་རྣམས་མཐོང་ཐུབ།

ནང་པའི་སྲོལ་རྒྱུན་འདྲ་མིན་ནང་གི་དགེ་འདུན།

གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན།

གནས་བརྟན་སྡེ་བའི་ལུགས་ལྟར་ན། དགེ་འདུན་དཀོན་མཆོག་ནི་ཆོས་ཀྱི་ལྟ་ཚུལ་ཐོག་ནས་ངེས་བཤད་མཛད་ཡོད། དེས་ན་དགེ་འདུན་དཀོན་མཆོག་ཅེས་པ་ནི་གང་ཟག་གང་ཡང་རུང་བ་ཞིག་ལ་འཕགས་པའི་ལམ་ནས་བརྩིས་པའི་འབྲས་བུ་རིམ་པ་བཞི་མངོན་དུ་བྱས་པའི་གང་ཟག་ལ་གོ་བ་དང་། འཕགས་པ་ཞེས་པ་ནི་བདེན་པ་བཞི་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་གང་ཟག་ལ་ཟེར། གནས་བརྟན་སྡེ་པའི་ལུགས་སུ་དགེ་སྦྱོང་གི་འབྲས་བུར་ཞུགས་པའི་རིམ་པ་བཞི་ཡོད་པ་ནི། རྒྱུན་ཞུགས་ཞུགས་པ་དང་། ལན་གཅིག་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་བཅས་ཡིན། ལུགས་འདིའི་ནང་གི་ཐ་སྙད་དེ་དག་ང་ཚོས་ཐོས་སྐབས། “ཨོའོ། རྒྱུན་ཞུགས་ཞུགས་པ་ནི་ལས་དང་པོ་བ་ཞིག་རེད། གང་ཟག་སུ་ཡིན་རུང་དེ་མངོན་དུ་བྱ་ཐུབ།” ཅེས་ང་ཚོས་བསམ་བློ་གཏོང་རྒྱུ་མེད། ངོ་ཐོག་ཏུ་དེ་ནི་འཕགས་པའི་ས་རེད། གནས་བརྟན་སྡེ་པའི་ལྟ་ཚུལ་ཐོག་ནས། དགེ་འདུན་དཀོན་མཆོག་ནི་འཕགས་པའི་དགེ་འདུན་ལ་བརྩི་གི་ཡོད། དེ་དག་ལ་འབྲས་བུ་དང་། བདེན་པ་བཞི་དང་ཁྱད་པར་དུ་ཡིན་པ་མི་སྲིད་པའི་ཚུལ་གྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཆ་ནས་དཀོན་མཆོག་ཅེས་བྱ། དེ་ལྟ་བུའི་གང་ཟག་དེ་གྲྭ་བཙུན་ནམ་ཁྱིམ་པ་ཕོ་མོ་གང་རུང་ཡིན་སྲིད།

ད་དུང་འདུལ་བའི་གཞུང་ནང་ངེས་བཤད་མཛད་པའི་དགེ་འདུན་ལའང་ཤོད་ཆོག་པ་ཡིན། ལྟ་ཚུལ་དེའི་ཐོག་ནས་དགེ་འདུན་ཞེས་པ་སྡོམ་པ་ཆ་ཚང་བ་ལྡན་པའི་གྲྭ་བཙུན་གང་རུང་དང་། ཁྱད་པར་དུ་འདུལ་བའི་བསླབ་ཁྲིམས་གཞིར་བཟུང་ཆོ་ག་ཕྱག་ལེན་ཞིག་བྱེད་པར་ཉུང་མཐར་གྲྭ་བཙུན་བཞི་དགོས་པའི་དགེ་འདུན་སྡེ་བཞིའམ་དེ་ལས་མང་བའི་སྡེ་ལ་གོ་དགོས། དཔེར་ན། དགེ་སློང་ཕའི་སྡོམ་པ་འབོག་འཇོག་སྐབས་དགེ་སློང་གྲངས་ངེས་ཅན་ཞིག་དགོས་པ་དང་། དགེ་སློང་མའི་སྡོམ་འབོག་འཇོག་སྐབས་དགེ་སློང་མའམ་དགེ་སློང་ཕ་མ་གཉིས་ཀ་ཚང་བའི་གྲངས་ངེས་ཅན་ཞིག་ཚང་དགོས། དགེ་སློང་ཕ་མ་དེ་དག་དགེ་སློང་གི་སྡོམ་པ་གཞིར་བཞག་སྟེ་དགེ་འདུན་ཅེས་བྱ་བ་ཡིན། འོན་ཀྱང་དགེ་འདུན་དཀོན་མཆོག་ཡིན་མི་དགོས། དེ་དག་ལ་སྤྱིར་བཏང་ཀུན་རྫོབ་ཏུ་དགེ་འདུན་ཅེས་བྱ་བ་ལས་དགེ་འདུན་དཀོན་མཆོག་ཅེས་མི་བྱ། གྲྭ་བཙུན་འགའ་ཞིག་འཕགས་པ་ཆགས་ཐུབ་པ་གསལ་པོ་རེད། དེས་ན་ཁོང་ཚོ་སྤྱིར་བཏང་ཀུན་རྫོབ་ཀྱི་དགེ་འདུན་དང་དགེ་འདུན་དཀོན་མཆོག་གཉིས་ཀ་ཆགས་ངེས།

འདིར་གནས་བརྟན་སྡེ་པའི་ལུགས་ནང་གསལ་བ་ལྟར། དགེ་འདུན་དང་དགེ་འདུན་དཀོན་མཆོག་དབར་ཁྱད་པར་ཡོད་ཚུལ་ནི་ནང་པའི་ཆོས་བརྒྱུད་གཞན་ནང་དུའང་གཅིག་མཚུངས་ཡིན་ནའང་། ཆེད་སྤྱོད་ཐུན་མོང་གི་མིང་ཚིག་ཁག་ཅིག་ལ་ཁྱད་པར་ཡོད་སྲིད། འོན་ཀྱང་སྤྱིར་བཏང་གི་ཁྱད་པར་ཞིག་ནི་རྒྱུན་དུ་ཡོད།

ཐེག་པ་ཆེན་པོའི་ལུགས་ཀྱི་དགེ་འདུན།

བོད་པས་ཉམས་སུ་ལེན་བཞིན་པའི་རྒྱ་གར་གྱི་ཐེག་པ་ཆེན་པོའི་སྲོལ་རྒྱུན་གྱིས་དེའི་ཐད་ག་རེ་གསུང་གི་ཡོད་དམ། བོད་པར་ཐོག་མར་ཕྲད་པའི་རྒྱ་གར་སྲོལ་རྒྱུན་གྱི་ལྟ་ཚུལ་གང་ཡིན་ནམ།

རྒྱ་གར་གྱི་ཐེག་པ་ཆེན་པོའི་ཆོས་སྲོལ་གྱི་སློབ་དཔོན་ཆེན་པོའི་ནང་ནས་གཅིག་གམ་ཡང་ན་ཐེག་པ་ཆེན་པོའི་འབྱུང་ཁུངས་ཤིག་ནི་རྗེ་བཙུན་བྱམས་པ་མགོན་པོ་རེད། རྗེ་བཙུན་བྱམས་མགོན་ནི་སངས་རྒྱས་ཤཀྱཱ་ཐུབ་པའི་རྗེས་སུ་བྱོན་རྒྱུའི་མ་འོངས་པའི་སངས་རྒྱས་རེད། རྒྱ་གར་གྱི་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ལ་རྗེ་བཙུན་བྱམས་མགོན་གྱི་མཇལ་སྣང་མང་པོ་བྱུང་སྟེ། རྗེ་བཙུན་བྱམས་མགོན་ལས་གསན་པའི་ཆོས་མང་པོ་ཞིག་ཡིག་ཐོག་དུ་བཀོད་དེ་ད་ལྟའི་ཆར་བྱམས་ཆོས་སྡེ་ལྔ་ཞེས་སུ་གྲགས་པ་དེ་རེད། བྱམས་ཆོས་སྡེ་ལྔ་ནི་རྒྱ་གར་གྱི་ནང་ཆོས་ཙམ་མ་ཟད་བོད་བརྒྱུད་ནང་བསྟན་ཁྲོད་ཐོས་བསམ་སློབ་གཉེར་བྱེད་སའི་གཞི་ལྟེ་བ་ཞིག་ཆགས་ཡོད། ང་ཚོས་དཀོན་མཆོག་གསུམ་གྱི་མཚན་ཉིད་ལ་བལྟ་སྐབས། རྗེ་བཙུན་བྱམས་མགོན་གྱི་གཞུང་ལ་ཁུངས་གཏུགས་ཀྱི་ཡོད། དེ་དག་ལས་གཞུང་གསུམ་གྱི་ནང་། དཀོན་མཆོག་གསུམ་གྱི་མཚན་ཉིད་ཅུང་ཟད་མི་འདྲ་བའི་ཐོག་ནས་འགྲེལ་བརྗོད་མཛད་ཡོད། འོན་ཏེ་དེ་དག་འགལ་བ་མིན། བོད་ཀྱི་མཁས་པ་ཚོ་ནི་འགྲེལ་ཚུལ་དེ་དག་ཕྱིའི་རྣམ་པའི་ཐོག་ནས་འགལ་འདུ་ཅན་ལྟར་སྣང་ཡང་དོན་ངོ་མར་འགལ་འདུ་མེད་པ་དང་ཚིག་དོན་གྱི་གོ་བ་ཕྱིན་ཅི་མ་ལོག་པར་ལེན་ཤེས་མཁན་ཡིན་ལ་དེ་དག་ཚང་མ་ཉམས་སུ་ལེན་གྱི་ཡོད། གཞུང་དེ་དག་གིས་འདོད་ཚུལ་གཉིས་བཀྲལ་ཡོད་དེ། གཉིས་ཀྱི་འདོད་ཚུལ་གཅིག་པ་དང་གཅིག་གིས་མི་འདྲ་བར་བཀྲལ་ཡོད།

འདོད་ཚུལ་གཅིག་ནི་ལེགས་སྦྱར་སྐད་དུ་ཨབྷི་སམཡཱལངྐཱར་དང་། བོད་སྐད་དུ་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་ནང་མཇལ་རྒྱུ་ཡོད། གཞུང་འདི་ནི་བོད་རིགས་རྣམས་ཀྱིས་མཁན་པོའམ་དགེ་བཤེས་ཀྱི་མཚན་གནས་འཐོབ་པར་ངེས་པར་དུ་སློབ་གཉེར་བྱེད་དགོས་པའི་གཞུང་ཆེ་ཁག་ཅིག་ཡིན། གཞུང་འདི་རྩ་བའི་ཆ་ནས་ཧ་ཅང་གོ་དཀའ་བ་དང་གཏིང་ཟབ་པོ་ཡོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཡོངས་རྫོགས་རྟོགས་པའི་ལྟེ་བ་ཞིག་ཏུ་གྱུར། གང་ཡིན་ཟེར་ན། གཞུང་འདིའི་ནང་ཤེར་ཕྱིན་གྱི་མདོའི་དགོངས་དོན་རྣམས་གོ་བདེ་བའི་རིམ་པ་དང་ས་བཅད་ནང་བསྟན་ཡོད། ཤེར་ཕྱིན་གྱི་མདོ་ནི་ཧ་ཅང་མང་པོ་དང་རྒྱས་པོ་ཡིན་ཅིང་། པར་མ་ཧ་ཅང་མང་པོ་ཡོད་པ་ལས་གཅིག་ནི་ཚིགས་སུ་བཅད་པ་སྟོང་ཕྲག་བརྒྱ་པ་ཡིན། མདོ་དེ་དག་སློབ་སྦྱོང་བྱ་རྒྱུ་དང་དོན་རྟོགས་རྒྱུ་ལས་སླ་པོ་མིན་པས། གཞུང་འདི་ཧ་ཅང་ཕན་ཐོགས་པོ་ཡོད།

མངོན་རྟོགས་རྒྱན་གྱི་ལུགས་ལྟར་བྱས་ན། དཀོན་མཆོག་གསུམ་པོ་རེ་རེར་རིམ་པ་གཉིས་རེ་ཡོད་དེ། གཅིག་ནི་མངོན་གྱུར་རམ་ཀུན་རྫོབ་པའི་རིམ་པ་དང་གཞན་དེ་དོན་དམ་པའི་རིམ་པ་ཡིན། ཀུན་རྫོབ་པའི་རིམ་པ་དེས་དོན་དམ་པའི་རིམ་པ་སྒྲིབ་པར་བྱེད།

གཞན་ཡང་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་གཞུང་རྒྱུད་བླ་མ་ཡོད། གཞུང་འདི་སངས་རྒྱས་ཀྱི་རིགས་ཀྱི་སྐོར་ལ་ཡིན་ཅིང་། བོད་པ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་བྱེད་སའི་གཞུང་ཨ་མ་ཞིག་ཆགས་ཡོད། རྒྱུད་བླ་མའི་ནང་དཀོན་མཆོག་གསུམ་འགྲེལ་བརྗོད་མཐིལ་ཕྱིན་པ་མཛད་ཡོད། མངོན་རྟོགས་རྒྱན་ནང་གསུངས་པ་དང་མི་མཐུན་པ་གཅིག་ཡོད་པ་ནི་ཆོས་དཀོན་མཆོག་གི་མཚན་ཉིད་འཇོག་པའི་སྐབས། རྒྱུད་བླ་མའི་ནང་དོན་དམ་པའི་ཆོས་དཀོན་མཆོག་ཁོ་ནར་བསྟུན་ནས་གསུངས་པ་ལས་ཀུན་རྫོབ་པའི་ཆོས་དཀོན་མཆོག་སྐོར་གསུངས་མེད། ཁྱད་པར་དེ་གཅིག་པུ་མ་གཏོགས་གཞན་གཅིག་པ་གཅིག་རྐྱང་རེད། གཞུང་དང་པོའི་ནང་དཀོན་མཆོག་གསུམ་ལ་རིམ་པ་གཉིས་ཕྱེས་པ་དང་། གཉིས་པའི་ནང་རིམ་པ་གཅིག་སྟེ་དོན་དམ་པ་མ་གཏོགས་གསུངས་མེད། འོན་ཀྱང་འདིར་ང་ཚོའི་བརྗོད་གཞི་ནི་དགེ་འདུན་དཀོན་མཆོག་རེད། རྒྱུད་བླ་མའི་ནང་འདིའི་མཚན་ཉིད་ནི་རིམ་པ་གཉིས་ཀ་དང་སྦྱར་ནས་གསུངས་ཡོད། ད་ང་ཚོས་དཀོན་མཆོག་གསུམ་ཀའི་མཚན་ཉིད་སྐོར་གླེང་རྒྱུ་ཡིན།

ཀུན་རྫོབ་པའི་རིམ་པར་སངས་རྒྱས་དཀོན་མཆོག་ནི་གཟུགས་སྐུའི་རྣམ་པ་དང་། གདུལ་བྱས་དངོས་སུ་མཇལ་ཐུབ་པ་ཞིག་ཡིན། གཟུགས་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་ཡོད་ཅིང་། དེ་གཉིས་ནི་སངས་རྒྱས་ཀྱི་སྐུའི་རྣམ་པ་ཕྲ་རགས་གཉིས་ཡིན། དོན་དམ་པའི་སྐུ་ནི་ཆོས་སྐུ་ཡིན་ཅིང་། སྐུའི་འདིའི་ནང་ཐམས་ཅད་བསྡུས། ཆོས་སྐུ་ལ་གཉིས་ལས་གཅིག་ནི་ཡེ་ཤེས་ཆོས་སྐུ་དང་ངོ་བོ་ཉིད་སྐུ་ཡིན། དང་པོ་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་ནི་བདེན་པ་བཞི་པ་སྟེ། ལམ་བདེན་དངོས་དེ་ཡིན། ངོ་བོ་ཉིད་སྐུ་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་འགོག་པའི་བདེན་པ་མཐར་ཐུག་པ་དེ་ཡིན། དེར་བརྟེན་བདེན་པ་བཞིའི་ནང་གི་གསུམ་པ་དེ་རེད། དེར་བརྟེན་ཆོས་སྐུ་ནི་བདེན་པ་གསུམ་པ་དང་བཞི་པ་ཡིན་ཅིང་། དོན་དམ་པའི་དཀོན་མཆོག་ཡིན།

ཆོས་དཀོན་མཆོག་གང་ལགས་ཤེ་ན། ཀུན་རྫོབ་པའི་དབང་དུ་བྱས་ན་སངས་རྒྱས་ཀྱིས་གསུངས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཡིན་ཅིང་། སངས་རྒྱས་ཀྱི་གསུང་དངོས་དེ་ཆགས་ཡོད་པ་དང་། གདུལ་བྱས་ཐོས་པའམ་མཇལ་རྒྱུ་ཡོད་པ་དེ་རེད། དོན་དམ་པའི་ཆོས་དཀོན་མཆོག་ནི་སངས་རྒྱས་ཀྱི་གསུང་རྣམས་རྟོགས་པའི་རྟོགས་པ་མཐར་མཐུག་པ་དེ་ཡིན། དེ་ཡང་བདེན་པ་གསུམ་པ་དང་བཞི་པ་སྟེ་འགོག་བདེན་དང་ལམ་བདེན་ལ་གོ་བ་ཡིན། འགོག་བདེན་ནི་རང་གི་སེམས་རྒྱུད་ནས་བདེན་པ་དང་པོ་གཉིས་ཏེ་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ཡོངས་སུ་སྤངས་པའམ་མེད་པ་བཟོས་པའི་ཆའམ་བྲལ་བ་དེ་ཡིན། ལམ་བདེན་ཡང་བདེན་པ་དང་པོ་གཉིས་སྤོང་བྱེད་ཀྱི་ཤེས་རབ་ཆགས་ཡོད། ཡང་ན་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སྡུག་བསྔལ་བག་ཆགས་དང་བཅས་པ་བྲལ་བའི་ཡེ་ཤེས་སམ་མཁྱེན་པ་དེ་ཡིན། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེན་པ་བཞི་པ་འགོག་བདེན་མཐར་ཐུག་པ་དེས་བདེན་པ་དང་པོ་གཉིས་ལ་གཉེན་པོ་བྱེད་དགོས་དོན་མེད། གང་ཡིན་ཞེ་ན། དང་པོ་ནས་སྒྲིབ་པ་དང་བྲལ་བ་ཡིན། མདོར་ན། དོན་དམ་པའི་ཆོས་དཀོན་མཆོག་སྐོར་ཤོད་སྐབས། འཕགས་པ་ནས་བཟུང་སངས་རྒྱས་བར་གྱི་གང་ཟག་ཐམས་ཅད་ཀྱི་ཐུགས་རྒྱུད་ཀྱི་བདེན་པ་གསུམ་པ་དང་བཞི་པའི་སྐོར་ཤོད་ཀྱི་ཡོད། ལམ་བདེན་གྱི་སྐོར་ཤོད་སྐབས་འཕགས་པའི་ཐུགས་རྒྱུད་ཀྱི་མཁྱེན་པ་དེ་ཡིན་ཅིང་། དེ་ནི་བདེན་པ་དང་པོ་གཉིས་སྤོང་བྱེད་ཀྱི་ཤེས་རབ་ཡིན། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ལམ་བདེན་སྐོར་བརྗོད་སྐབས་དྲི་མ་དང་བྲལ་བའི་ཡེ་ཤེས་མཐར་ཐུག་པ་དེ་ཡིན།

ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ནི་སྐྱ་སེར་སུ་རུང་གི་འཕགས་པ་རྣམས་ཡིན། དེར་བརྟེན་འཕགས་པ་རྣམས་ཚོགས་པའི་སྡེའམ་ཚོགས་པ་ཞིག་ལ་མི་བརྗོད་པར་འཕགས་པ་རེ་རེ་ནས་དགེ་འདུན་དཀོན་མཆོག་ཆགས་ཀྱི་ཡོད། དེ་ནི་ང་ཚོས་གང་མཐོང་བ་དེ་རེད། དོན་དམ་པའི་དགེ་འདུན་དཀོན་མཆོག་ཀྱང་འཕགས་པའི་ཐུགས་རྒྱུད་ཀྱི་བདེན་པ་གསུམ་པ་དང་བཞི་པ་ཆགས་ཡོད། སངས་རྒྱས་ནི་འཕགས་པའི་ནང་ནས་རིམ་པ་མཐོ་ཤོས་དེ་ཡིན།

རྗེ་བཙུན་བྱམས་མགོན་གྱི་ལུགས་ཀྱི་ལྟ་ཚུལ་ཐོག་ནས་དོན་དམ་པའི་དཀོན་མཆོག་གསུམ་ནི་བདེན་པ་གསུམ་པ་དང་བཞི་པ་སྟེ་རྩ་བའི་ཆ་ནས་གཅིག་པ་རེད།

  • དོན་དམ་པའི་སངས་རྒྱས་དཀོན་མཆོག་ནི་བདེན་པ་གསུམ་པ་དང་བཞི་པ་ཡིན།
  • དོན་དམ་པའི་ཆོས་དཀོན་མཆོག་ནི་འཕགས་པ་ནས་བརྩིས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེན་པ་གསུམ་པ་དང་བཞི་པ་ཡིན།
  • དོན་དམ་པའི་དགེ་འདུན་དཀོན་མཆོག་ནི་འཕགས་པ་ནས་བརྩིས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེན་པ་གསུམ་པ་དང་བཞི་པ་ཡིན།

དེར་བརྟེན་བདེན་པ་གསུམ་པ་དང་བཞི་པའི་རིམ་པ་གང་ཞིག་ང་ཚོས་དཀོན་མཆོག་གསུམ་ལ་བརྩི་ཆོག་གམ་ཞེ་ན། སངས་རྒྱས་ཀྱི་སའི་བདེན་པ་འབའ་ཞིག་ཡིན། སངས་རྒྱས་ཀྱི་སར་གང་ཟག་གཅིག་སྟེ་སངས་རྒྱས་འབའ་ཞིག་གི་རྒྱུད་ལ་དཀོན་མཆོག་གསུམ་མཚན་ཉིད་པ་དེ་ཡོད། བོད་པ་རྣམས་ཀྱིས་དཔེར་ན་སངས་རྒྱས་ལྟ་བུའི་གང་ཟག་གཅིག་གི་རྒྱུད་ལ་དེ་གསུམ་ཡོད་ཅེས་དཀོན་མཆོག་གསུམ་གྱི་རྣམ་གཞག་འཇོག་པའི་སྐབས། བླ་མའམ་དགེ་བའི་བཤེས་གཉེན་དེ་མཆོག་གསུམ་གྱི་ངོ་བོར་བརྩི་བ་ཡིན། དེ་ནི་རྩ་བའི་འདོད་ཚུལ་ཡིན། བོད་པ་རྣམས་ཀྱིས་བཤད་སྟངས་དེ་འདྲ་ཡིན་ཅིང་། དམིགས་བསལ་གསང་སྔགས་ཀྱི་གཞུང་ནང་གསལ་པོ་ཡོད།

གཞན་ཡང་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་གཞུང་ཆེན་ཞིག་ནི་ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་ཅེས་བྱ་བ་དེ་རེད། གཞུང་འདིས་འཕགས་པའི་གང་ཟག་གི་ཐོག་ནས་དགེ་འདུན་དཀོན་མཆོག་གི་སྐོར་ལ་གསུང་པ་ལས་བདེན་པ་གསུམ་པ་དང་བཞི་པའི་སྐོར་གསུང་གི་མེད། བོད་པས་མདོ་ཕྱོགས་ནས་སྐད་ཆ་ཤོད་སྐབས། གཞུང་གཉིས་པ་དེའི་རྗེས་སུ་བྱེད་ཀྱི་ཡོད། དེའི་ནང་སངས་རྒྱས་འཕགས་པ་རྣམས་དགེ་འདུན་དཀོན་མཆོག་ནང་མེད་པར་སངས་རྒྱས་ལས་དམན་པའི་འཕགས་པའི་གང་ཟག་རྣམས་ཡིན། སྔགས་ཀྱི་ལྟ་ཚུལ་ཐོག་ནས་བླ་མ་རྣམས་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་ལྟ་ཞིང་། རྗེ་བཙུན་བྱམས་མགོན་གྱི་གཞུང་དང་པོ་དེའི་རྗེས་སུ་བྱས་ཏེ། སངས་རྒྱས་འཕགས་པ་དགེ་འདུན་དཀོན་མཆོག་ནང་འཇོག་གི་ཡོད།

དཀོན་མཆོན་གསུམ་པོ་རེ་རེར་མཚོན་བྱེད་རེ་ཡོད་ཅིང་། དེ་ལ་ “ཐ་སྙད་པའི་དཀོན་མཆོག་” ཅེས་བྱ། འོན་ཀྱང་དེ་ནི་ཉེན་མེད་ཀྱི་ཁ་ཕྱོགས་ངོ་མའམ་སྐྱབས་འགྲོའི་ཡུལ་མཚན་ཉིད་པ་ཞིག་མིན། ཕྱོགས་གཞན་ཞིག་ནས་ང་ཚོ་མང་ཆེ་བར་སངས་རྒྱས་དང་། ཆོས། དགེ་འདུན་དངོས་རྣམས་ང་ཚོས་དངོས་སུ་མཇལ་ཐུབ་པ་ཞིག་མིན། འོན་ཀྱང་དེ་དག་གི་མཚོན་བྱེད་རྣམས་མཇལ་ཐུབ། ཐ་སྙད་པའི་སངས་རྒྱས་དཀོན་མཆོག་ནི་སངས་རྒྱས་ཀྱི་མཚོན་བྱེད་ཡིན། དཔེར་ན། སྐུ་ཐང་དང་སྐུ་བརྙན་ལྟ་བུ། ང་ཚོས་སྐུ་ཐང་ངམ་སྐུ་བརྙན་ལ་ཕྱག་མཆོད་བྱེད་སྐབས། དེ་ནི་སངས་རྒྱས་དངོས་དེ་མ་རེད། མཚོན་བྱེད་ཙམ་རེད། ང་ཚོས་སྐུ་ཐང་དང་སྐུ་བརྙན་གྱིས་གང་མཚོན་པའི་མཚོན་བྱར་ཕྱག་མཆོད་འབུལ་གྱི་ཡོད། ང་ཚོས་སྐུ་བརྙན་ལ་སྐྱབས་སུ་འགྲོ་བ་མིན། གང་ཡིན་ཟེར་ན། ང་ཚོ་ནང་ཆོས་ནང་འདྲ་སྐུར་ཕྱག་མཆོད་བྱེད་མཁན་དེ་འདྲ་མ་ཡིན།

དེ་ག་ནང་བཞིན་ཐ་སྙད་པའི་ཆོས་དཀོན་མཆོན་ནི་སངས་རྒྱས་ཀྱི་གསུང་དང་དེ་དག་གི་རྟོགས་པ་མཚོན་བྱེད་དུ་པར་དུ་བཏབ་པའི་དཔེ་ཆ་རྣམས་བཞག་ན་འགྲིག །དེ་དང་ཕྱོགས་མཚུངས་ང་ཚོས་དཔེ་ཆ་ལ་སྐྱབས་སུ་འགྲོ་གི་མེད། མ་རེད་དམ། དེ་ག་ནང་བཞིན་དགེ་འདུན་དཀོན་མཆོག་ནི་དགེ་སློང་ཕ་བཞིའམ་དགེ་སློང་མ་བཞི་ལས་གྲུབ་པའི་ཚོགས་པ་ལ་ཟེར། ཐ་སྙད་པའི་དགེ་འདུན་དཀོན་མཆོག་ཙམ་ཏེ་དགེ་འདུན་གྱི་སྡེ་ཙམ་ལ་ང་ཚོས་སྐྱབས་སུ་འཛིན་གྱི་མེད། དེ་ལ་གནས་བརྟན་སྡེ་པའི་ལུགས་ལ་ཀུན་རྫོབ་པའི་དགེ་འདུན་ཅེས་བྱ་བ་ཡིན།

དགེ་འདུན་རྒྱུན་སྲིང་ཡུན་གནས་བཟོ་བར་དགེ་འདུན་གཅིག་བྱུང་ན་འགྲིག་གམ།

འགྲིག་གི་མ་རེད། དགེ་འདུན་གྱི་མཚན་ཉིད་འདི་ལ་གཞིགས་ན་འགྲིག་གི་མེད། དགེ་སློང་གི་སྡོམ་པ་འབོག་འཇོག་བྱེད་པར་དགེ་སློང་གྲངས་ངེས་ཅན་ཞིག་ཚང་དགོས། དེ་ཡང་ལུགས་སོ་སོའི་ནང་ཁྱད་པར་ཡོད། འོན་ཀྱང་དགེ་སློང་ཙམ་གྱིས་འདང་གི་མེད། སྡོམ་པ་འབོག་པར་དགེ་སློང་བྱས་ཏེ་ལོ་བཅུ་འཁོར་བའི་གྲྭ་པ་དགོས། དེའང་བསྐྱར་དུ་ལོ་གྲངས་ཐད་ལུགས་སོ་སོའི་ནང་ཁྱད་པར་ཡོད། དགེ་སློང་མའི་སྡོམ་པ་འབོག་འཇོག་ཐད་དགེ་སློང་ཕའམ་དགེ་སློང་ཕ་མ་གཉིས་ཀའི་གྲངས་ཇི་ཙམ་དགོས་མིན་ཐད་སྲོལ་རྒྱུན་སོ་སོའི་ནང་ཁྱད་པར་སྣ་ཚོགས་ཡོད། དེ་བཞིན་དགེ་སློང་གི་སྡོམ་བླངས་ནས་ལོ་ཇི་ཙམ་ཚང་དགོས་མིན་ཐད་ལའང་ཁྱད་པར་ཡོད།

བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་དགེ་འདུན།

འདི་ནི་རྒྱ་གར་གྱི་ཐེག་པ་ཆེན་པོའི་སྲོལ་རྒྱུན་ནང་གང་བཞུགས་པ་དེ་ཡིན། དེར་བརྟེན་བོད་བརྒྱུད་ནང་བསྟན་ཁྲོད་དུ་གང་བཞུགས་པ་རྣམས་ཀྱང་དོ་སྣང་བྱེད་འོས་པ་ཞིག་ཡིན། དྭགས་པོ་ཐར་རྒྱན་ནང་། རྗེ་སྒམ་པོ་པའི་ཞལ་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ཡུལ་གསུངས་ཡོད། ཐུན་མོང་བ་རྣམས་ཐེག་ཆེན་དང་ཐེག་དམན་ཐུན་མོང་བ་རྣམས་ཡིན། ཐུན་མོང་མིན་པ་རྣམས་ཐེག་པ་ཆེན་པོ་འབའ་ཞིག་གི་ཡིན།

ཐུན་མོང་གི་དགེ་འདུན་དཀོན་མཆོག་ལྟར་བྱས་ན། རྗེ་སྒམ་པོ་པས། སོ་སྐྱེ་དང་འཕགས་པ་ཞེས་གཉིས་གསུངས་ཡོད།

  • སོ་སྐྱེ་ནི་སོ་སོའི་སྐྱེ་བོ་ཚོས་དགེ་སློང་ཕའམ་མའི་ཚོགས་པ་བཞི་དང་བཞི་ལས་མང་བར་བརྩི་ཞིང་། དེ་དག་ནི་འཕགས་པའི་ལམ་མ་ཐོབ་པའི་དགེ་འདུན་རྣམས་ཡིན། རྗེ་སྒམ་པོ་པས་དགེ་སློང་ཕ་གཅིག་པུ་གསུངས་ཡོད། གང་ཡིན་ཟེར་ན། དགེ་སློང་མའི་སྡོམ་རྒྱུན་ཆ་ཚང་བ་ཞིག་བོད་དུ་དར་ཐུབ་མེད། འོན་ཀྱང་དགེ་སློང་ཞེས་པའི་ཐ་སྙད་འདི་སྤྱིར་བཏང་ནས་དགེ་སློང་ཕ་མ་གཉིས་ཀར་ཁྱབ་པའི་བརྡ་ཆད་ཅིག་ཡིན།
  • འཕགས་པའི་དགེ་འདུན་ནི་གང་ཟག་ཟུང་བཞི་ལས་ཡ་བརྒྱད་གང་ཡང་རུང་བ་ཞིག་ཡིན། དེ་ནི་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་དཀོན་མཆོག་གི་དོན་དང་འདྲ། ཟུང་བཞི་ནི་རྒྱུན་ཞུགས་ཞུགས་པ་དང་། ལན་གཅིག་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་བཅས་ཡིན། དེ་དག་རེར་ནང་གསེས་གཉིས་རེ་ཡོད། དང་པོ་ཞུགས་པ་ནི་ས་དེའི་རྟོགས་པ་རང་རྒྱུད་ལ་འཁྲུངས་མ་ཐག་དང་། འབྲས་གནས་ནི་ས་དེའི་རྟོགས་པ་ཐོབ་ཟིན་པ་ལ་ཟེར། རྗེ་སྒམ་པོ་པས་འཕགས་པ་དེ་དག་དགེ་སློང་ཕ་མ་ཡིན་དགོས་མིན་གསལ་ཁ་མཛད་མེད།

ཐུན་མོང་མ་ཡིན་པའི་དགེ་འདུན་དཀོན་མཆོག་ནི། ཐེག་དམན་ལ་མེད་ཅིང་ཐེག་པ་ཆེན་པོ་འབའ་ཞིག་ལ་ཡོད། དེ་ལ་ཞིབ་ཕྲའི་ཐོག་ནས་ཁྱད་པར་ཕྱེས་པའི་རྣམ་པ་གཉིས་ཡོད་དེ།

  • ཡུལ་གྱི་ཆ་ནས་ཐུན་མོང་མ་ཡིན་པའི་དགེ་འདུན་དཀོན་མཆོག་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་གོ་བ་དང་། དེའི་ནང་འཕགས་པ་ཡིན་པ་དང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་དགེ་སློང་ཕ་མ་གཉིས་གཏོགས་ཡོད།
  • རྟོགས་པའི་ཆ་ནས་ཐུན་མོང་མ་ཡིན་པའི་དགེ་འདུན་དཀོན་མཆོག་ནི་ས་བཅུ་པོ་གང་རུང་ལ་གནས་པའི་བྱང་སེམས་འཕགས་པར་གོ་བ་ཡིན།

རྙིང་མའི་ཆོས་ལུགས་ཀྱིས་གང་གསུང་ངམ་ཞེ་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་ངལ་གསོ་སྐོར་གསུམ་གྱི་ནང་། དགེ་འདུན་དཀོན་མཆོག་ནི་ཉན་རང་དགྲ་བཅོམ་པ་དང་། གོང་ལྟར་རྒྱུན་ཞུགས་ཞུགས་པ་དང་། ལན་གཅིག་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ། བྱང་སེམས་འཕགས་པ་བཅས་ཡིན། འོན་ཀྱང་འདིར་རྙིང་མས་སྔགས་འཆང་དང་རིག་པ་འཛིན་པ་ཁ་སྣོན་མཛད་ཡོད། དེ་དག་ནི་རྩ་བའི་ཆ་ནས་རྫོགས་པ་ཆེན་པོའི་ལམ་ཉམས་སུ་ལེན་མཁན་གྱི་འཕགས་པ་ཤ་སྟག་ཡིན། རྙིང་མས་དགེ་འདུན་རྣམ་དབྱེའི་ཆེད་དུ་སྔགས་ཀྱི་ཐོག་ནས་གསུང་གི་ཡོད།

ས་སྐྱས་གང་གསུང་ངམ་ཞེ་ན། ས་སྐྱའི་རྩ་གཞུང་ནི་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྣང་གསུམ་མཛེས་རྒྱན་ཞེས་པ་དེ་ཡིན། དེ་དག་ནི་ཆོས་བརྒྱུད་བཞིའི་རྩ་བའི་ལམ་གྱི་རིམ་པ་རྣམས་ཆགས་ཡོད། དེའི་ནང་རྙིང་མ་དང་བཀའ་རྒྱུད་སོགས་ཀྱི་ཁྱད་པར་མ་ཕྱེས་བར་ཁོང་གིས་དགེ་འདུན་དཀོན་མཆོག་ནི་འཕགས་པའི་སྡེར་གསུངས། ཁོང་གིས་སྤྱིར་སོ་སྐྱེའི་དགེ་འདུན་ནམ་ཐ་སྙད་པའི་དགེ་འདུན་དཀོན་མཆོག་སྐོར་གསུངས་སྐབས། “རང་ལས་སྔོན་དུ་ཆོས་ལ་ཞུགས་པའི་གང་ཟག་རྣམས།” ཞེས་གསུངས། འདི་ནི་སྔོན་ནས་སྡོམ་པ་བླངས་ཟིན་པའི་རབ་བྱུང་བ་རྣམས་ལ་གོ་བ་ཡིན། དེ་ཡང་གྲྭ་གསར་རྣམས་མིན། དགོན་སྡེའི་ནང་སྡོམ་པའི་ཆ་ནས་རྒན་གཞོན་གྱི་གོ་རིམ་བྱས་ཏེ་བཞུགས་དགོས། དེར་བརྟེན་དགེ་འདུན་འདུས་ཚོགས་སྐབས་རང་གི་མདུན་དུ་བཞུགས་མཁན་ཡིན་པ་ལས་རྒྱབ་དུ་བཞུགས་མཁན་རྣམས་མིན། ས་སྐྱའི་ལམ་སྲོལ་ནང་དེ་ལྟར་འགྲེལ་བརྗོད་བྱས་པ་དེར་ང་རང་བློ་ལ་འཐད་པོ་ཞིག་བྱུང་།

དགེ་ལུགས་སྲོལ་རྒྱུན་ནང་། ལམ་རིམ་ཆེན་མོའི་ནང་རྗེ་ཙོང་ཁ་པ་ཆེན་པོས་གང་གསུངས་ཡོད་དམ། རྗེ་རིན་པོ་ཆེས་དཀོན་མཆོག་གསུམ་ངོས་འཛིན་ཞིབ་ཕྲ་མཛད་མེད། ཁོང་གིས་དཀོན་མཆོག་གསུམ་གྱི་བྱེད་ལས་དང་ཡོན་ཏན་སོགས་ཀྱི་ཁྱད་པར་ཐོག་ལ་གོ་སྡུར་གནང་ཡོད། འོན་ཀྱང་རྗེ་སྒམ་པོ་པ་དང་གཅིག་མཚུངས་ཀྱི་རྣམ་གཞག་ཅིག་རྗེ་ཙོང་ཁ་པས་ཁས་ལེན་བྱེད་པ་གསལ་པོ་རེད། ཁོང་གིས་འཕགས་པའི་དགེ་འདུན་ནི་དགེ་འདུན་གཙོ་བོ་སྟེ་དགེ་འདུན་དཀོན་མཆོག་ཡིན་ཅེས་གསུངས་ཡོད། ཕ་བོང་ཁ་རིན་པོ་ཆེས་ལམ་རིམ་རྣམ་གྲོལ་ལག་བཅངས་ནང་གཅིག་པ་གསུངས་ཡོད། འོན་ཏེ་ཁོང་གིས་གྲྭ་བཙུན་གྱི་དགེ་འདུན་ནི་ཐ་སྙད་པའི་དཀོན་མཆོག་ཙམ་ཡིན་པ་ལས་དཀོན་མཆོག་དངོས་དེ་མ་ཡིན་ཅེས་གསུངས་ཡོད།

འདིར་དོ་སྣང་བྱེད་དགོས་པ་ཞིག་ལ་འཕགས་པའི་དགེ་འདུན་ནི་དགེ་འདུན་དཀོན་མཆོག་དངོས་དེ་ཡིན་པར་མང་མོས་ཡིན། གནས་བརྟན་སྡེ་པས་ཀྱང་དེ་ལྟར་ཁས་ལེན་བྱེད། འོན་ཀྱང་གནས་བརྟན་སྡེ་པས་ཐེག་དམན་གྱི་འཕགས་པ་སྟེ། ཉན་རང་འཕགས་པ་གཅིག་པུར་གསུང་གི་ཡོད། བོད་པས་ཉམས་སུ་ལེན་བཞིན་པའི་ཐེག་པ་ཆེན་པོའི་གཞུང་ནང་ང་ཚོས་བྱང་སེམས་འཕགས་པ་ཁ་སྣོན་བྱེད་ཀྱི་ཡོད། རྙིང་མའི་གཞུང་ནང་ཁོང་ཚོས་གསང་སྔགས་ཉམས་ལེན་བྱེད་མཁན་གྱི་འཕགས་པ་དམིགས་བསལ་གསུང་གི་ཡོད། འཕགས་པའི་ནང་སངས་རྒྱས་ཀྱང་ཡོད་པ་ཤེས་དགོས། འཕགས་པ་ཞེས་པ་ནི་སྟོང་པ་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་ལྡན་པ་ཞིག་ཡིན་ཅིང་། སངས་རྒྱས་ལ་མཁྱེན་པ་དེ་ལྡན་པ་བརྗོད་མི་དགོས། དེ་ནས་ཀུན་རྫོབ་པའི་དགེ་འདུན་ནམ་ཐ་སྙད་པའི་དགེ་འདུན་དཀོན་མཆོག་ནི་ང་ཚོའི་སྐྱབས་ཡུལ་དངོས་དེ་མ་ཡིན་པའི་གྲྭ་བཙུན་གྱི་སྡེ་རྣམས་ཡིན། དེ་ཡང་ངེས་བཤད་ཅུང་ཟད་མི་འདྲ་བ་བྱས་ཡོད་ཀྱང་། རྩ་བའི་ཆ་ནས་གཅིག་པ་གཅིག་རྐྱང་རེད།

གསང་སྔགས་ཀྱི་སྲོལ་རྒྱུན་ནང་བླ་མ་ནི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན།

བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་ཚུལ་བོད་བརྒྱུད་གསང་སྔགས་ཀྱི་སྲོལ་རྒྱུན་ཐོས་བསམ་བྱ་བའི་སླད་དུ་ང་ཚོས་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་གཞུང་ཐོག་མ་རྣམས་དང་ཁྱད་པར་དུ་རྒྱུད་བླ་མར་གཟིགས་དགོས། རྗེ་སྒམ་པོ་པས་ཐར་རྒྱན་ནང་དེའི་སྐོར་རྒྱས་པོ་གསུངས་ཤིང་། གནས་སྐབས་དང་མཐར་ཐུག་གི་སྐྱབས་ཀྱི་ཁྱད་པར་གསུངས་ཡོད།

ལམ་བདེན་དང་འགོག་བདེན་གྱི་ཆ་ནས་བལྟས་ན། སངས་མ་རྒྱས་པའི་སྔ་རོལ་ཏུ་ལམ་བདེན་དང་འགོག་བདེན་གནས་སྐབས་གང་ཞིག་ཏུ་རང་རྒྱུད་ལ་མངོན་དུ་བྱེད་དམ་ཞེ་ན། འཕགས་པ་ཆགས་པའི་སྐབས་འབའ་ཞིག་ལ་ཡིན། དཔེར་ན། རང་ལ་ལས་ཀ་ཏག་ཏག་བྱེད་མི་ཐུབ་མཁན་གྱི་དར་སྲོལ་རྙིང་པའི་རླུང་འཕྲིན་ནམ་གཟུགས་མཐོང་བརྙན་འཕྲིན་ཞིག་ཡོད་པ་ཆ་ཞོག །དེ་གློག་ཀླད་ཀྱི་རྒྱུ་ལམ་ (motherboard) གསར་པ་ཞིག་ཏུ་སྒྱུར་འདོད་ཡོད་ན། རང་ལ་བརྙན་འཕྲིན་རྙིང་པ་དེའི་ནང་གི་ཅ་ལག་རྙིང་པ་དེ་ཚོས་རྐྱེན་པས་གོ་བ་ནོར་བ་ཞིག་ཡོད། དེར་བརྟེན་རང་ངོས་ནས་ག་རེ་བྱེད་དགོས་ཤེ་ན། རྙིང་པ་དེ་ཚོ་མར་བཏོན་ནས་ཅ་ལག་གསར་པ་རྣམས་ (chips) བླུག་དགོས། ཅ་ལག་གསར་པ་དེ་ཚོ་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་འདྲ། རྙིང་པ་ཞིག་མར་བཏོན་པའི་སྐབས། དེ་ནི་མེད་པ་བཟོས་པའི་ཆ་དེ་འགོག་པ་སྟེ། ཅ་ལག་རྙིང་པ་དེས་སྟོང་པའི་སྟོང་ཉིད་ལྟ་བུ་རེད། དེ་ནི་བདེན་པ་གསུམ་པ་འགོག་པ་དངོས་དེ་རེད། དེ་རྗེས་ཅ་ལག་གསར་པ་ཞིག་བླུགས་ན་དེ་བདེན་པ་བཞི་པ་འདྲ་པོ་རེད། ཕྱོགས་གཅིག་ནས་གསར་པ་དེས་རྙིང་པ་དེ་མེད་པ་བཟོ་བའམ་བརྗེ་པོ་རྒྱག་གི་ཡོད། དེར་བརྟེན་དེ་ནི་རྙིང་པ་ཞིག་སྤོང་བྱེད་ཀྱི་ལམ་ཞིག་དང་འདྲ། ཕྱོགས་གཞན་ཞིག་ནས་དེ་འབྲས་བུ་ཞིག་སྟེ། འཕགས་པའི་བདེན་པ་བཞི་པ་དེ་ཡིན། དེ་ནི་ལམ་དང་འབྲས་བུ་གཉིས་ཀ་ཡིན།

རང་ཉིད་འཕགས་པ་ཆགས་པའི་སྐབས་དེ་ལྟར་བྱེད་འགོ་འཛུགས་དགོས། རྙིང་པ་ཁ་ཤས་མེད་པ་བཟོས་ཏེ་གསར་པ་ཞིག་བརྗེ་པོ་བསློག་པའི་སྐབས་ཡིན། དེར་བརྟེན་ཅ་ལག་རྙིང་པ་འགའ་ཞིག་དང་བྲལ་ཞིང་གསར་པ་འགའ་ཞིག་དང་ལྡན་པ་ཡོང་ཐུབ། དེ་ནི་འགའ་ཞིག་བདེན་པ་གསུམ་པ་དང་འགའ་ཞིག་ནི་བདེན་པ་བཞི་པ་ཡིན། དེའི་དོན་ག་རེ་རེད་ཅེ་ན། འཕགས་པ་དེ་དག་སངས་རྒྱས་མིན་པས་གནས་སྐབས་ཙམ་གྱི་སྐྱབས་ཡིན་ཅིང་། ཁོང་ཚོར་ལམ་བདེན་དང་འགོག་བདེན་ཚད་མཐོ་ཤོས་དེ་མེད། སངས་རྒྱས་ཤིག་གིས་གོང་ལྟར་ཅ་ལག་རྙིང་པ་ཚང་མ་མེད་པ་བཟོས་ཏེ་གསར་པ་འབའ་ཞིག་བླུགས་ཡོད་སྟབས། སངས་རྒྱས་ཉིད་མཐར་ཐུག་གི་སྐྱབས་གནས་གཅིག་པུ་དེ་ཡིན། གང་ཡིན་ཟེར་ན། སངས་རྒྱས་གཅིག་པུ་ལ་བདེན་པ་གསུམ་པ་དང་བཞི་པ་ཚད་མཐོ་ཤོས་དེ་ལྡན་ཡོད། ང་ཚོས་དགེ་འདུན་དཀོན་མཆོག་གི་སྐོར་ཤོད་སྐབས། དོན་དམ་པའམ་མཐར་ཐུག་གི་དགེ་འདུན་དཀོན་མཆོག་ལ་དོ་སྣང་བྱེད་དགོས། མཐར་ཐུག་གི་དགེ་འདུན་དཀོན་མཆོག་ནི་སངས་རྒྱས་ཉིད་ཡིན། སངས་མ་རྒྱས་པའི་སྔོན་གྱི་འཕགས་པའི་དགེ་འདུན་རྣམས་གནས་སྐབས་ཀྱི་སྐྱབས་ཙམ་ཡིན། ཁོང་ཚོས་ཁོ་རང་ཚོའི་ནུས་པའི་འཇོན་ཚོད་ཙམ་ལས་དེ་ལས་ལྷག་པའི་རོགས་རམ་བྱེད་མི་ཐུབ།

དེས་རྐྱེན་པས་བླ་མ་ནི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་ལྟ་བའི་ཚུལ་དེ་བྱུང་། བོད་བརྒྱུད་ནང་བསྟན་ཁྲོད་ང་ཚོས་རྟག་ཏུ་བླ་མ་ལ་སྐྱབས་སུ་འགྲོ་གི་ཡོད། རྒྱུ་མཚན་ག་རེ་རེད་ཅེ་ན། བླ་མ་ནི་སྐྱབས་གསུམ་འདུས་པའི་བདག་ཉིད་ཆགས་ཡོད། དགེ་འདུན་ཇི་ལྟར་འདུས་ཡོད་དམ་ཞེ་ན། གང་ཡིན་ཞེ་ན། སངས་རྒྱས་ནི་འཕགས་པའི་དགེ་འདུན་ཡིན་པས་དགེ་འདུན་གྱི་ཆ་ཤས་ཆགས་ཡོད། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་བདེན་པ་གསུམ་པ་དང་བཞི་པའི་ཐོག་ནས་བལྟས་ན་སངས་རྒྱས་ནི་སྐྱབས་གསུམ་ཆགས་ཡོད། བྱས་ཙང་། ཚང་མ་གཅིག་གི་ནང་འདུས་ཡོད། དེར་བརྟེན་ང་ཚོས་བླ་མ་བསྟེན་ཞིང་། སྐྱབས་སུ་འཛིན་གྱི་ཡོད།

གནས་བརྟན་སྡེ་པའི་ནང་དཀོན་མཆོག་བཞི་པའམ་བླ་མ་སྐྱབས་སུ་འཛིན་གྱི་མེད། ཁོང་ཚོས་རང་གི་ལས་ལ་སྐྱབས་སུ་འགྲོ་བ་ཞེས་ཤོད་ཀྱི་ཡོད། གང་ཡིན་ཞེ་ན། དགེ་བའི་ལས་བྱས་ན་དེས་རང་ཉིད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྐྱོབ་པར་བརྩི་གི་ཡོད། འདིས་སྐྱབས་འགྲོ་ནི་ཧུར་བརྩོན་རང་བཞིན་གྱི་རྒྱུད་རིམ་གལ་ཆེན་པོ་ཞིག་ཆགས་ཡོད།

རྒྱུ་དང་འབྲས་བུའི་སྐྱབས།

ཁྱད་པར་གཞན་ཞིག་ནི་གནས་བརྟན་སྡེ་པའི་རྒྱུ་དང་འབྲས་བུའི་ལྟ་ཚུལ་ཐོག་ནས་སྐྱབས་འགྲོར་བསམ་ཞིབ་བྱེད་ཀྱི་ཡོད། ང་ཚོས་རྒྱུའི་སྐྱབས་འགྲོ་བྱེད་སྐབས། སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་ཕྱིའི་སྐྱབས་སུ་འགྲོ་གི་ཡོད། རྒྱུ་མཚན་ནི་དེ་དག་གིས་རང་ཉིད་ལ་དཀོན་མཆོག་གསུམ་གྱི་གོ་འཕང་འཐོབ་ཆེད་ལམ་མ་ནོར་བ་སྟོན་གྱི་ཡོད། དེ་ལ་བརྟེན་རང་ཉིད་མ་འོངས་པར་དེ་དག་གི་ངོ་བོར་འགྱུར་རྒྱུ་རེད། སངས་རྒྱས་ཆགས་པའི་ཐོག་ནས་རང་ཉིད་དཀོན་མཆོག་གསུམ་ཇི་ལྟར་ཆགས་སམ་ཞེ་ན། སངས་རྒྱས་ནི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན། དེ་འདྲ་སོང་ཙང་། ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་རྒྱུའི་ཆ་ནས་ཕྱིའི་སྐྱབས་སུ་འཛིན་པ་ཡིན། དེ་ལ་སྐྱབས་འགྲོ་ཙམ་ཞེས་བྱ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ནི་འབྲས་སྐྱབས་ཡིན། དེ་ཡང་སངས་རྒྱས་ཀྱི་རིགས་ལ་གཞིར་བཞག་ཐོག་རང་གི་འཐོབ་བྱར་འགྱུར་བའི་སངས་རྒྱས་དང་། ཆོས། དགེ་འདུན་བཅས་སྐྱབས་སུ་འཛིན་པ་དེ་ཡིན། དེ་དག་ནི་སྐྱབས་ཡུལ་ཡིན། དཔེར་ན། ང་ཚོས་ཕྱག་འཚལ་སྐབས། དེ་དག་ལ་སྐྱབས་སུ་འགྲོ་བའི་སྒོ་ནས་ཕྱག་འཚལ་གྱི་ཡོད། ང་ཚོས་རྒྱུའི་སྐྱབས་སམ་ཕྱིའི་སྐྱབས་ཡུལ་གསུམ་ལ་གུས་ཞབས་བྱེད་པ་ཙམ་མིན་པར། རང་གི་འཐོབ་པར་ངེས་པའི་སྐྱབས་གསུམ་ལའང་གུས་ཞབས་བྱེད་དགོས།

ང་ཚོས་བསམ་བློ་གཏོང་བའི་སྐབས། རང་ལ་འཐོབ་པར་འགྱུར་བ་དེ་གང་ཡིན་ནམ་ཞེས་པར་བསམ་བློ་བཏང་ན། དགེ་འདུན་དཀོན་མཆོག་ཅེས་པའི་དོན་གང་ཡིན་ནམ། རང་ལ་འཐོབ་པར་འགྱུར་བའི་འཕགས་པ་དེ་གནས་སྐབས་ཀྱི་སྐྱབས་དེ་ཡིན་སྲིད་ལ་མཐར་ཐུག་གི་སྐྱབས་ཏེ་སངས་རྒྱས་ཀྱང་ཡིན་སྲིད། ང་ཚོར་བྱང་ཆུབ་སེམས་ཡོད་པའི་སྐབས་དེས་རང་གི་འཐོབ་བྱར་གྱུར་བའི་བྱང་ཆུབ་ལ་དམིགས་ཀྱི་ཡོད་པ་ལས་སྤྱིར་བཏང་གི་བྱང་ཆུབ་མིན་ལ་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་མིན། དེ་ནི་རང་གིས་མ་འོངས་པར་མངོན་དུ་བྱེད་པར་འགྱུར་བའི་སེམས་རྒྱུད་ཀྱི་ཡོན་ཏན་ཞིག་ཡིན། ད་ལྟ་དེ་ཐོབ་མེད། དེ་ནི་ང་ཚོས་དམིགས་པའི་མཐར་ཐུག་གི་སྐྱབས་ཡིན། འདི་དག་ཐམས་ཅད་ཕན་ཚུན་ཧ་ཅང་ཡག་པོ་མཉམ་སྒྲིལ་ཆགས་ཀྱི་ཡོད།

སངས་རྒྱས་ནི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པ་གསལ་པོ་རེད། འོན་ཀྱང་བླ་མ་དེ་ལྟར་ཡིན་པའི་རྒྱུ་མཚན་གང་ཡིན་ནམ།

བླ་མས་སངས་རྒྱས་མཚོན་གྱི་ཡོད། འདི་ནི་བླ་མ་སངས་རྒྱས་ཀྱི་ངོ་བོར་བལྟ་བའི་གནད་དོན་ཞིག་རེད། འདི་ནི་བརྗོད་གཞི་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་ཅིང་དེའི་སྐོར་གླེང་བར་ང་ཚོར་གཟའ་མཇུག་གི་དུས་ཚོད་ཆ་ཚང་དགོས་པ་ཡིན། དེས་ན་ང་ཚོས་སྐད་ཆ་དེ་ཡང་བསྐྱར་མི་གླེང་། བླ་མ་སངས་རྒྱས་སུ་བལྟ་སྐབས། མཁྱེན་པའི་ཡོན་ཏན་གྱི་ཐོག་ནས་བླ་མའི་ཐུགས་རྒྱུད་ཀྱི་སངས་རྒྱས་ཀྱི་རིགས་དེ་མཐོང་ཐུབ། དཔེར་ན། ང་ཚོས་འབྲས་བུར་སྐྱབས་སུ་འགྲོ་བ་ལྟར། རང་གི་འཐོབ་བྱར་གྱུར་བའི་སངས་རྒྱས་ལ་དམིགས་ཀྱི་ཡོད། ང་ཚོའི་རྒྱུད་དེ་མཐོང་བར་བླ་མའི་ཐུགས་རྒྱུད་ཀྱི་དེ་མཐོང་དགོས། བླ་མའི་དེ་མཐོང་བས་ང་ཚོའི་རྒྱུད་ཀྱི་དེ་མཐོང་བར་ཕན་ཐོགས་ཀྱི་ཡོད། ང་ཚོས་སོ་སོའི་རྒྱུད་ཀྱི་སངས་རྒྱས་ཀྱི་རིགས་དེ་མཐོང་ན་རང་ཉིད་སངས་རྒྱས་པའི་དོན་མ་རེད། དེ་ག་ནང་བཞིན་བླ་མ་སངས་རྒྱས་སུ་ལྟ་དགོས། དེ་ཡང་བླ་མ་སངས་རྒྱས་སུ་ལྟ་བའི་སྐབས། བླ་མ་དེ་འཛམ་གླིང་ནང་གི་ཁ་པར་ཨང་གྲངས་ཚང་མ་རྟོགས་པའི་ཐམས་ཅད་མཁྱེན་པ་ཡིན་པའི་དོན་མིན། ཡིན་ནམ། དེའི་དོན་དེ་འདྲ་མ་རེད།

དཀོན་མཆོག་གསུམ་གྱི་ཁྱད་པར་གང་ཡིན་ནམ།

དཀོན་མཆོག་གསུམ་པོ་རེ་རེ་ནས་མཐར་ཐུག་གི་སྐྱབས་ཡིན། དེ་ཡང་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདེན་པ་གསུམ་པ་དང་བཞི་པ་རེད། དེ་གསུམ་ལ་ཁྱད་པར་གང་ཡོད་དམ།

སྔོན་མ་ང་ཚོས་དོན་དམ་པའམ་མཐར་ཐུག་པའི་སྐྱབས་གནས། ཡང་ན་སངས་རྒྱས་དཀོན་མཆོག་སྟེ། གཞན་གྱིས་མངོན་དུ་བྱས་པའི་སངས་རྒྱས་སམ་རང་གི་འཐོབ་བྱར་འགྱུར་པའི་སངས་རྒྱས་ཀྱི་གནས་ལུགས་མཐར་ཐུག་སྐོར་བཤད་ཡོད། དེས་ན་སྐྱབས་དེའི་ཆ་ནས་ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་མཐོང་ཡོད། དེ་དག་ཚང་མ་གང་ཟག་གཅིག་གི་རྒྱུད་ཀྱི་བདེན་པ་གསུམ་པ་དང་བཞི་པ་བརྩི་གི་ཡོད། དེ་གསུམ་གྱི་ཁྱད་པར་གང་རེད་ཅེ་ན། ལྟ་ཚུལ་མི་འདྲ་བ་གསུམ་གྱི་ཐོག་ནས་འགོག་བདེན་དང་ལམ་བདེན་ལ་ལྟ་བ་ཡིན།

སངས་རྒྱས་དཀོན་མཆོག་ལ་གཞིགས་ན། ཁོང་རྣམས་བྱིན་རླབས་སམ་འཕྲིན་ལས་ཀྱི་འབྱུང་ཁུངས་ཡིན། རྒྱུན་དུ་ང་ཚོས་བྱིན་རླབས་ཞེས་སྒྱུར་གྱི་ཡོད། ང་ཚོར་འགོག་བདེན་དང་ལམ་བདེན་དེ་དག་ལས་སེམས་ཤུགས་སམ་བྱིན་རླབས་འཐོབ་ཀྱི་ཡོད། སངས་རྒྱས་དཀོན་མཆོག་གིས་ང་ཚོར་རང་གཞན་གང་གི་འཐོབ་བྱ་གང་ཡིན་རུང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་སེམས་ཤུགས་སྦྱིན་གྱི་ཡོད།

ཆོས་དཀོན་མཆོག་ལ་གཞིགས་ན། ཆོས་དཀོན་མཆོག་ནི་འཐོབ་བྱའི་ངོ་མའམ་བྱང་ཆུབ་ཀྱི་འབྱུང་ཁུངས་ཡིན་ཅིང་། དེ་ལ་ལེགས་སྦྱར་སྐད་དུ་སི་དྡྷི་ (siddhi) ཞེས་བྱ། གལ་སྲིད་ང་ཚོས་འགོག་བདེན་དང་ལམ་བདེན་མངོན་དུ་བྱེད་ཐུབ་ན། དེ་ནི་ང་ཚོའི་དངོས་གྲུབ་བམ་བྱང་ཆུབ་ཀྱི་འབྱུང་རྩ་ཆགས་ཡོད།

དགེ་འདུན་དཀོན་མཆོག་ལ་གཞིགས་ན། དགེ་འདུན་དཀོན་མཆོག་གིས་བྱང་ཆུབ་འཐོབ་པར་གྲོགས་སམ་ཤུགས་རྐྱེན་སྦྱིན་གྱི་ཡོད། མཚམས་རེ་དེ་ལ་སངས་རྒྱས་ཀྱི་འཕྲིན་ལས་བྱ་བ་ཡིན། ཐ་དད་པའི་སངས་རྒྱས་ཤིག་གི་ཐོག་ནས་སངས་རྒྱས་དེའི་ཐུགས་རྒྱུད་ཀྱི་འགོག་ལམ་གྱི་ཡོན་ཏན་གྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་གི་ཡོད། ནམ་ཞིག་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ལ་སླེབས་སྐབས། ང་ཚོའི་རྒྱུད་ཀྱི་འགོག་ལམ་གྱི་ཡོན་ཏན་རྣམས་སེམས་ཅན་གཞན་གྱི་དཔེ་ལྟ་སའམ་འཕྲིན་ལས་འཇུག་ཡུལ་ཞིག་ཆགས་རྒྱུ་རེད།

དགེ་འདུན་ལ་ལྟོས་ནས་ང་ཚོས་དེ་ལ་འབྲེལ་བ་ཇི་ལྟར་བྱེད་དམ་ཞེ་ན། ང་ཚོས་དགེ་འདུན་ལ་དོ་སྣང་བྱེད་སྐབས། གཙོ་བོའི་དེའི་ཤུགས་རྐྱེན་དང་། བྱེད་ལས། དེས་གང་བྱེད་པར་དོ་སྣང་སྤྲོད་ཀྱི་ཡོད། ང་ཚོས་དགོན་སྡེའམ་ཡང་ན་ནང་པའི་ཆོས་ཚོགས་ཁང་གི་སྐོར་སྐད་ཆ་བཤད་པར་བལྟས་ན། གནས་དོན་གཙོ་བོ་འདིའི་ཐོག་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཆེ། དེས་ལས་ཀ་ཇི་ལྟར་བྱེད་དམ། ག་རེ་བྱེད་དམ། དེས་ང་ཚོར་ཤུགས་རྐྱེན་ཇི་ལྟར་སྦྱིན་ནམ། དེས་གཞན་ལ་ཤུགས་རྐྱེན་ཇི་ལྟར་སྦྱིན་ནམ། འདི་ནི་སྐབས་དོན་བཤད་པ་འདི་ལས་སློབ་སྦྱོར་བྱ་རྒྱུའི་གནད་དོན་གཙོ་བོ་དེ་རེད། ད་དུང་སྔགས་ཀྱི་བཤད་པའི་ཐོག་ནས་མང་པོ་ཞིག་ཞུ་རྒྱུ་ཡོད་ཀྱང་། དུས་ཚོད་ཀྱིས་འདང་གི་མ་རེད།

ཛེན་བསམ་གཏན་པའི་ཆོས་ལུགས་ནང་གི་དགེ་འདུན།

ཛེན་བསམ་གཏན་པའི་ལུགས་ཀྱིས་གང་ཤོད་ཀྱི་ཡོད་པའི་ཐད་བལྟ་རྒྱུ་ཡིན། དེ་ཡང་སོ་ཏོ་ (Soto) ཛེན་ཆོས་ལུགས་སྲོལ་གཏོད་པ་པོ་ཉི་ཧོང་བ་ཌོ་གེན་ (Dogen) གྱིས་དཀོན་མཆོག་གསུམ་གྱི་སྐོར་ལ་ཧ་ཅང་གསལ་པོ་བྲིས་ཡོད། ཌོ་གེན་ལྟར་བྱས་ན། དགེ་འདུན་དཀོན་མཆོག་ལ་རིམ་པ་གཉིས་ཡོད་དེ། གཅིག་ནི་འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས། སའི་སྙིང་པོ་ལྟ་བུ་དངོས་སུ་མཇལ་མི་ཐུབ་པའི་ “ལྷ་ཡུལ་གྱི་སངས་རྒྱས་”རྣམས་ཡིན། དེ་ལྟར་ང་ཚོ་བོད་པའི་སྲོལ་རྒྱུན་ནང་དུའང་ཡོད། སྔགས་ལུགས་སུ་ཚོགས་ཞིང་ནང་འཇམ་དཔལ་དབྱངས་དང་དེ་མིན་གྱི་བྱང་ཆུབ་སེམས་དཔའ་མང་པོ་ཞིག་དགེ་འདུན་གྱི་མཚོན་བྱེད་དུ་སངས་རྒྱས་ཀྱི་སྐུ་བརྙན་གྱི་མཐའ་སྐོར་དུ་བཞུགས་ཡོད། དེ་ཛེན་བསམ་གཏན་པའི་ཆོས་ལུགས་ནང་དུའང་ཡོད།

གཉིས་པ་དེ་འཕགས་པ་རིགས་བཞི་ཡིན། འཕགས་པ་རིགས་བཞི་ནི་ཉན་ཐོས་འཕགས་པ་དང་། རང་རྒྱལ་འཕགས་པ། བྱང་སེམས་འཕགས་པ། སངས་རྒྱས་འཕགས་པ་བཅས་ཡིན། དེ་དག་ཀྱང་གོང་དུ་གླེང་སློང་བྱས་པ་དང་སྒོ་ཀུན་ནས་མཐུན་གྱི་ཡོད།

ཌོ་གེན་གྱིས་དཀོན་མཆོག་གསུམ་ལ་རིགས་སམ་རྣམ་པ་གསུམ་གསུང་གི་ཡོད་པ་ནི། སྐུ་རྐྱང་པའི་དཀོན་མཆོག་གསུམ། མངོན་པར་གསལ་བའི་དཀོན་མཆོག་གསུམ། རྒྱུན་གནས་ཀྱི་དཀོན་མཆོག་གསུམ་བཅས་ཡིན། སྐུ་རྐྱང་པའི་དགེ་འདུན་དཀོན་མཆོག་ནི་བྱང་ཆུབ་ཀྱི་རྐྱེན་ཐམས་ཅད་ཀྱི་ཞི་བདེ་དང་མཛའ་མཐུན་ཡིན།  ཞིབ་པར་བརྗོད་ན་དེ་ནི་ཆོས་ཐམས་ཅད་ཞི་བའི་ངང་གཅིག་ལ་གཅིག་བརྟེན་པའི་འབྲེལ་བ་དང་མཛའ་མཐུན་ལ་གོ་བ་ཡིན། ཐམས་ཅད་ཀྱིས་མཛའ་མཐུན་ངང་ལས་དོན་སྒྲུབ་པའི་དགེ་འདུན་གྱི་སྡེའམ་འབྲེལ་ལམ་དེ་ང་ཚོས་རྣམ་གཞག་དེ་ལས་མཐོང་ཐུབ། ངའི་བསམ་པར། དགེ་འདུན་གྱི་སྡེའམ་ནང་པའི་ཆོས་ཚོགས་ཁག་ནང་མི་ཚང་མས་ཉེ་རིང་དང་ཟུར་འདོན་མེད་པར་ཞི་བདེའི་ངང་མཉམ་ལས་སྒྲུབ་ཕྱོགས་ཐད་དེ་ཧ་ཅང་གལ་ཆེ་བར་མཐོང་།

མངོན་པར་གསལ་བའི་དགེ་འདུན་དཀོན་མཆོག་ནི་སློབ་གཉེར་དང་ཉམས་ལེན་གྱི་ཐོག་ནས་འཕགས་པའི་ས་འཐོབ་པར་བྱེད་པར་གོ་བ་ཡིན། འདི་ནི་ང་ཚོས་གོང་དུ་དགེ་འདུན་དཀོན་མཆོག་གི་བྱེད་ལས་དང་། ངོ་བོ། བྱང་ཆུབ་ཀྱི་རྐྱེན་དུ་འགྱུར་ཚུལ་ཐད་གོ་སྡུར་བྱས་པ་དང་འདྲ་པོ་ཡོད། ང་ཚོའི་ནང་པའི་ཆོས་ཚོགས་ནང་དགེ་འདུན་གྱི་བྱེད་སྒོ་གཙོ་བོ་དེ་གང་ཡིན་ནམ་ཞེ་ན། འགོག་བདེན་དང་ལམ་བདེན་འཐོབ་པར་སློབ་གཉེར་དང་། ཉམས་ལེན། སྒོམ་སྒྲུབ་བཅས་བྱེད་ཐུབ་པའི་དོན་དུ་ཡིན།

རྒྱུན་གནས་ཀྱི་དགེ་འདུན་དཀོན་མཆོག་ནི་དགེ་འདུན་རྣམས་རྒྱུན་ཇི་ལྟར་གནས་པ་དང་། རྒྱུན་ཇི་ལྟར་མཐུད་པ། འཁོར་བའི་ཉེས་སྐྱོན་མེད་པར་སྡུག་བསྔལ་ཡོངས་རྫོགས་ཟད་དེ་གནས་པའི་ཚུལ་ལ་གོ་བ་ཡིན། དེའི་དོན་གང་རེད། དགེ་འདུན་གྱི་སྡེས་ག་རེ་བྱེད་ཀྱི་ཡོད་ཅེ་ན། འཕགས་པའི་ས་འཐོབ་པ་དང་བདེན་པ་གསུམ་པ་དང་བཞི་པ་མངོན་དུ་བྱ་ཆེད་སྒོམ་ཉམས་ལེན་བྱེད་ཀྱི་ཡོད་པ་གསལ་པོ་རེད། དགེ་འདུན་གྱི་སྡེ་གཏན་དུ་གནས་ཆེད་ང་ཚོས་རྒྱུན་འཛིན་ཇི་ལྟར་བྱེད་ཀྱི་ཡོད། རང་ཙམ་མིན་པར་གཞན་ལའང་རོགས་རམ་བྱེད་པ་དང་། སྡུག་བསྔལ་འགོག་པ། འཁོར་བ་ལས་འགྲོལ་ཐབས་བྱས་ཏེ་གནས་ཐབས་བྱེད་ཀྱི་ཡོད། དེ་ཡང་འཁོར་བ་ལས་ཟློག་པའི་ལམ་གྱི་ཐོག་ནས་བྱེད་ཀྱི་ཡོད། གཞན་ཡང་ཕྱུག་པོ་ཆགས་རྒྱུ་དང་། སྐད་གྲགས་ཆེན་པོ་ཆགས་རྒྱུ། ཆོས་ཚོགས་གཞན་དང་འགྲན་བསྡུར་བྱ་རྒྱུར་ང་ཚོས་རང་གཞན་གཉིས་ཀར་རོགས་རམ་བྱེད་ཀྱི་མེད། འཁོར་བ་རྒྱུ་མཚན་དུ་བྱས་ཏེ་དེ་དག་ཚང་མ་སྒྲུབ་ཀྱི་མེད་པར། བྱང་ཆུབ་འཐོབ་པའི་ཀུན་སློང་བཟང་པོ་ཞིག་ཡོད་པའི་ཐོག་ནས་བྱེད་ཀྱི་ཡོད། ཀུན་སློང་དེ་འདྲ་ཡོད་ན། ཆོས་ཚོགས་སོགས་བརྟན་པོར་གནས་ཐུབ། གལ་སྲིད་ང་ཚོས་རང་གཞན་གཉིས་ཀར་སྐད་གྲགས་དང་འགྲན་བསྡུར་སོགས་ཚེ་འདི་ཙམ་གྱི་བྱ་བར་འབད་ན། རྒྱུན་རིང་པོ་གནས་མི་ཐུབ། མི་གཞན་གྱིས་ཀྱང་རང་ལ་གནོད་སྐྱོན་གཏོང་སྲིད། འདི་ནི་ཧ་ཅང་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། ཆོས་ཚོགས་མང་ཆེ་བར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་དང་། རྟག་ཏུ་སློབ་ཕྲུག་མང་པོ་ཡོང་ཨེ་ཡོང་སྙམ་པའི་སེམས་འཁྲལ་བྱས་ཏེ། ཚོང་གཉེར་ཁང་ལྟ་བུ་ཆགས་ཀྱི་ཡོད། དེར་བརྟེན་ཚོང་པ་གཞན་དང་འགྲན་བསྡུར་བྱེད་དགོས་ཁེལ་གྱི་ཡོད། དེ་ལ་བརྟེན་ནས་སེམས་འཁྲལ་དང་དཀའ་ངལ་ཇེ་ཆེར་འགྲོ་རྒྱུ་ལས་མེད། ད་དུང་དགེ་འདུན་གྱི་བྱེད་སྒོ་གཙོ་བོ་ནང་ཆོས་ཉམས་ལེན་དང་། སློབ་གཉེར། སྒོམ་སོགས་ལས་སེམས་གཡེང་བར་བྱེད། ཆོས་ཚོགས་ཤིག་བཙུགས་ཡོད་ན་དཔལ་འབྱོར་ཐད་བསམ་བློ་གཏོང་དགོས་པ་དངོས་གནས་རེད། འོན་ཀྱང་ལས་དོན་གཙོ་བོ་དེ་སྒོམ་དང་། སློབ་གཉེར། ཉམས་ལེན་གཅིག་པུ་མིན་པར། མི་གཞན་ལའང་འཁོར་བ་ལས་འགྲོལ་བའི་ཀུན་སློང་སྤེལ་དགོས། གཞན་གྱི་ཡིད་འཕྲོག་པ་དང་དངུལ་བཟོ་རྒྱུ་ཙམ་མིན་པར་གཞན་ལ་རོགས་རམ་ཆེད་སློབ་ཁྲིད་བྱེད་དགོས།

ཆོས་ཚོགས་སོགས་འཛིན་སྐྱོང་བྱེད་ཕྱོགས་ཐད་སོ་ཏོ་ (Soto) ཛེན་ཆོས་ལུགས་ཀྱི་བཤད་པ་འདི་ཧ་ཅང་འཚམ་པོ་འདུག །དེ་ལ་བརྟེན་ནས་མི་ཚང་མས་གཅིག་ལ་གཅིག་བརྟེན་ནས་མཛའ་མཐུན་ངང་ལས་དོན་སྒྲུབ་ཀྱི་ཡོད། དེ་ལྟར་བྱས་ན། ང་ཚོས་དགེ་འདུན་དཀོན་མཆོག་དང་འཕགས་པའི་ས་འཐོབ་རྒྱུར་ཐག་ཉེ་རུ་འགྲོ་ཐུབ། མ་གཞི་ང་ཚོས་དགེ་འདུན་གྱི་སྡེ་མིག་དཔེར་བཟུང་ནའང་། ང་ཚོ་ཚང་མ་གྲྭ་བཙུན་བྱེད་དགོས་པའི་དོན་མ་ཡིན། སངས་རྒྱས་ཀྱི་གསུངས་པ་བཞིན་དགེ་འདུན་གྱི་སྡེའི་ལེགས་ཆ་རྣམས་ལེན་དགོས། ཨ་ཅང་ཅང་དགེ་འདུན་མི་ཉུང་བ་ཞིག་གིས་འཁོར་བ་དང་འབྲེལ་བའི་ལས་དོན་ཤ་སྟག་བྱས་ནས་སྡོད་ཀྱི་ཡོད། དེ་ང་ཚོས་དཔེ་རུ་ལེན་རྒྱུ་མེད། ང་ཚོས་ལེགས་ཆ་རྣམས་བླངས་ནས་མཐའ་མའི་དམིགས་ཡུལ་ཏེ་བྱང་ཆུབ་འཐོབ་རྒྱུར་འབད་བརྩོན་བསྟེན་དགོས། སངས་མ་རྒྱས་པའི་གོང་དུ་འཁོར་བའི་ཉེས་སྐྱོན་དང་བཅས་པའི་དགྲ་བཅོམ་པ་སོགས་མང་པོ་ཡོད། དེ་དག་ནི་གནས་སྐབས་ཀྱི་སྐྱབས་ཙམ་ལས་མཐར་ཐུག་གི་སྐྱབས་སུ་བསྟེན་མི་འོས། མཐར་ཐུག་གི་སྐྱབས་གཅིག་པུ་དེ་ནི་སངས་རྒྱས་ཡིན། དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དགེ་འདུན་ནམ་སྐྱེ་བོ་དམ་པ་འགར་ཉེས་སྐྱོན་འདྲ་མཐོང་ཚེ་ང་ཚོའི་སེམས་ཤུགས་ཆག་ཉེན་ཡོད། སངས་རྒྱས་མ་ཆགས་བར་དུ་མཐར་ཐུག་གི་སྐྱབས་མིན། དེ་དག་ལ་ཚད་མཚམས་ཡོད་པས། ཁྱེད་ཀྱིས་རེ་བ་གང་ཞིག་རྒྱག་གི་ཡོད་དམ།

གོང་དུ་གོ་སྡུར་བྱས་པ་ཐམས་ཅད་གནས་ཚུལ་ཆ་འཕྲིན་གྱི་བདེན་དོན་ཙམ་ལ་འདུ་ཤེས་འཛིན་རྒྱུ་མེད། གནད་དོན་ནི་དེ་དག་ལག་ལེན་བསྟར་དགོས། ནང་ཆོས་དང་མཐུན་པའི་མི་ཚེ་ཞིག་སྐྱེལ་བར་དེས་གང་ཤོད་ཀྱི་ཡོད་མེད་ཤེས་དགོས། དགོས། དེ་དག་ནི་གནད་འགག་ཁག་རེད།

ནང་པའི་ཆོས་ཚོགས་ཁག་གིས་འཁོར་བ་དང་འབྲེལ་བའི་ལས་དོན་བསྒྲུབས་ནས་གཉེར་ན། དེ་ལ་ཁུངས་སྣེའམ་རྟགས་མཚན་ག་རེ་ཡོད་དམ།

ཐབས་ལམ་ནོར་བ་དེ་དག་ལ་འཇུག་པའི་རྟགས་ག་རེ་ཡོད་ཅེ་ན། གལ་སྲིད་ཆོས་ཚོགས་ཀྱི་ལས་དོན་དང་དོ་སྣང་གཙོ་བོ་དེ་དངུལ་གསོག་རྒྱུ་དང་སློབ་གཉེར་བསྡུ་སྐོང་ཆེད་ཁྱབ་བསྒྲགས་སམ་དྲིལ་བསྒྲགས་ཁོ་ན་བྱེད་པ་དང་། ཡང་ན་ས་ཆ་ཆེན་པོ་ཞིག་ཉོས་ནས་དུས་ཚོད་ཚང་མ་དེ་སྲུང་སྐྱོབ་ཆེད་བཏང་ནས་སློབ་སྦྱོང་དང་། སྒོམ་ཉམས་ལེན་ཆེད་དུས་ཚོད་ཉུང་ཉུང་ལས་མེད་ན། འཇིག་རྟེན་ནམ་འཁོར་བ་དང་འབྲེལ་བའི་ཆོས་ཆགས་པ་རེད། དེ་ནས་ཉེན་ཁ་ཡོད་པ་རེད། ངས་འཛམ་གླིང་ནང་གི་ཆོས་ཚོགས་མང་པོ་ཞིག་ནང་འགྲོ་རྒྱུ་བྱུང་། དེ་དག་མང་པོ་ཞིག་ནང་ཚོགས་མི་རྣམས་ཀྱིས་དུས་ཚོད་མང་ཆེ་བ་ཁང་པ་གསར་རྒྱག་དང་། མཛོད་ཁང་དང་ཟ་ཁང་ནང་ལས་ཀ་བྱེད་པ། ཁང་པ་གསར་རྒྱག་གམ་བཟོ་བཅོས་རྒྱག་པ་སོགས་ཀྱི་ཆེད་དུ་གཏོང་གི་འདུག །དེ་འདྲ་བྱས་ན་དམིགས་དོན་གཙོ་བོ་དེ་བརླགས་ཏེ། འདོད་ཚུལ་ལམ་མིང་ཙམ་དུ་ཟད་ཅིང་། ཁ་ནས་ང་ཚོས་དེ་དག་སེམས་ཅན་ཐམས་ཅད་ཆེད་དུ་བྱེད་ཀྱི་ཡོད་ཟེར་གྱི་ཡོད། ངས་གནད་དོན་གཙོ་བོ་དེའི་ཐོག་ལ་བཤད་ཀྱི་ཡོད། ང་ཚོར་དང་བླངས་ཞབས་ཞུ་བ་དགོས་པ་གསལ་པོ་རེད། འོན་ཀྱང་དམིགས་ཡུལ་གཙོ་བོ་དེ་མ་བརླག་པ་བྱེད་དགོས། དམིགས་ཡུལ་གཙོ་བོ་ནི་སློབ་སྦྱོང་བྱ་རྒྱུ་དང་། ཉམས་ལེན་བྱ་རྒྱུ། གཞན་ལ་རོགས་རམ་བྱ་རྒྱུ་སོགས་ཡིན། ཆོས་ཚོགས་གསར་པ་རྒྱག་རྒྱུའམ་སྐུ་འདྲ་བཞེང་རྒྱུ་དེ་སློབ་སྦྱོང་དང་ཉམས་ལེན་ལས་གལ་ཆེ་བ་བརྩིས་ན། དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད། གལ་སྲིད་རང་ལ་ས་ཆ་རྒྱ་ཆེ་དགོས་ན། དེའི་ཆེད་དུ་དངུལ་མང་བ་དང་བདག་གཅེས་ཀྱི་ལས་དོན་མང་བ་བྱེད་དགོས། འོན་ཀྱང་དམིགས་ཡུལ་གཙོ་བོ་དེ་མ་བརླག་པ་བྱེད་དགོས། དམིགས་ཡུལ་གཙོ་བོ་དེ་བརླགས་ནས་མི་ཚང་མས་འཆམ་མཐུན་མེད་པར་ཕན་ཚུན་འབྲེལ་བ་བྱེད་མཁན་གྱི་ཆོས་ཚོགས་དེ་འདྲའི་དཔེ་མཚོན་འགའ་ཡོད། བདེ་བ་དང་སྐྱིད་པོ་བྱུང་རྒྱུའི་ཚབ་ཏུ་ཆོས་ཚོགས་དེ་སེམས་འཚབ་དང་། དངངས་སྐྲག །ཟིང་འཁྲུག་སོགས་འབྱུང་ས་ཞིག་ཏུ་འགྱུར་གྱི་ཡོད། དེ་ནས་རང་གི་ལམ་བརླགས་པ་རེད།

ཆོས་ཚོགས་ཤིག་ཞི་བདེའི་འབྱུང་ཁུངས་མ་ཆགས་པར་མཛའ་མཐུན་མེད་པའི་རྐྱེན་རྩ་ཞིག་ཆགས་པ་དང་། མི་རྣམས་ནང་ཆོས་ཀྱི་དོན་དུ་མ་འཛོམས་པར་སྤྱིར་བཏང་འབྲེལ་ལམ་བྱེད་པར་ཡོང་བ། འགོ་ཁྲིད་ཀྱིས་དེ་ལ་རྒྱབ་སྐྱོར་བྱས་ན། དེ་ནོར་བ་རེད་དམ། ཡང་ན་གནས་སྟངས་དང་བསྟུན་ནས་དེ་ལ་རྒྱུ་མཚན་ཤོད་རྒྱུ་ཡོད་དམ།

ངའི་བསམ་པར། དམིགས་བསལ་དུས་ཚོད་སྟོང་པ་དང་ལྷོད་ལྷོད་ཡོད་པའི་སྐབས་མི་རྣམས་འཛོམས་ཏེ་ཕན་ཚུལ་བསམ་ཚུལ་སྤེལ་རེས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོར་མཐོང་། དཔེར་ན། སྤྲོ་སྐྱིད་གཏོང་བར་འགྲོ་བ་དང་ཁ་ལག་མཉམ་དུ་ཟ་བ་སོགས་ནི་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འབྲེལ་ལམ་གཏོད་པར་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་ང་ཚོའི་དམིགས་དོན་གཙོ་བོ་དེ་གང་རེད་དམ། སོ་སོའི་དམིགས་དོན་གཙོ་བོ་དེ་སྤྲོ་སྐྱིད་སོགས་གཏོང་རྒྱུ་རེད། ཡང་ན་སློབ་སྦྱོང་དང་། ཉམས་ལེན། སྒོམ་རྒྱག་རྒྱུ། གཞན་ལ་རོགས་རམ་བྱ་རྒྱུ་སོགས་གང་རེད་དམ། སྤྱི་ཚོགས་དང་འདྲིས་ཐབས་བྱེད་པ་དེ་ངའི་བསམ་པར་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་དེ་དམིགས་དོན་གཙོ་བོ་མ་རེད། ཆོས་ཚོགས་དེ་སྤྱི་ཚོགས་ཀྱི་འདུ་འཛོམས་བྱེད་ས་ཞིག་རེད་ཡང་ན་སློབ་གཉེར་ཁང་ཞིག་རེད། ངའི་བསམ་པར། ཆོས་ཚོགས་གང་ཞིག་ནང་མི་རྣམས་འཆམ་མཐུན་མེད་པ་དང་གཅིག་གིས་གཅིག་ལ་སྐད་ཆ་མི་ཤོད་པ། ཆོས་ཚོགས་ནང་ཡར་འཛུལ་བ་དང་རྩིག་ངོས་སུ་བལྟས་ནས་སྒོམ་བརྒྱབ་སྟེ་འགྲོགས་འདྲིས་དང་གླེང་མོལ་རྩ་བ་ནས་མེད་པར་སོ་སོར་ཕྱིན་ན་ཡག་པོ་མ་རེད་ལ་ཏག་ཏག་ཅིག་བསྡད་ཀྱི་མེད།

རང་གིས་རྒྱུས་མངའ་ཡོད་པའི་ཆོས་ཚོགས་དེ་གཅིག་པུ་ཡིན་ན་ག་རེ་བྱེད་དགོས་སམ། ཆོས་ཚོགས་དེའི་ནང་རྒྱུན་རིང་པོ་བསྡད་དེ་ཆོས་ཚོགས་གཞན་ཡོད་མེད་མི་ཤེས་པའམ་མི་གཞན་གྱིས་ས་ཆ་གཞན་ཡོད་ཅེས་ངོ་སྤྲོད་མ་བྱས་ན་ག་རེ་བྱེད་དགོས་སམ།

དྲྭ་རྒྱའི་ཐོག་ནས་འཚོལ་དགོས། ཧུར་བརྩོན་དང་ལྡན་པའི་རྒྱུད་རིམ་ཞིག་ཡིན་དུས་རེ་བའི་ངང་བསྒུགས་ནས་སྡོད་རྒྱུ་མེད།

སྐབས་རེ་ཆོས་ཚོགས་དེ་དག་བཀག་སྡོམ་དམ་པོ་ཡོད་པ་དང་ཐ་ན་ཁོང་ཚོའི་དྲྭ་ལྗོངས་ཀྱང་ལྟ་ཀློག་ཐུབ་ཀྱི་མེད།

དེ་འདྲ་ཡིན་ན། དྲྭ་ལྗོངས་གཞན་པ་ཞིག་ལ་བལྟས་ན་འགྲིག །རང་ཉིད་གང་དུ་ཡོད་པ་དེར་ལྟ་ཀློག་མི་ཐུབ་པ་དང་། རང་ལ་གལ་ཆེན་པོ་ཡིན་ན། གཞན་ཞིག་ལ་ཕྱིན་ནས་ཐབས་ཤེས་བྱེད་དགོས། རྙོག་ཁྲ་བཤད་ནས་བསྡད་ན་ཕན་ཐོགས་མེད། གལ་སྲིད་རང་གི་ཉེ་འགྲམ་དུ་གང་ཡོད་པ་དེས་འདོད་པ་མ་ཁེངས་ན། འདོད་པ་ཁེངས་པ་ཞིག་བཟོ་ཐབས་བྱེད་དགོས། ཡང་ན་གང་དུ་ཡག་པོ་ཡོད་པ་དེར་འགྲོ་དགོས། གལ་སྲིད་དེ་ནི་རང་ཉིད་ཀྱི་དབྱིངས་ལས་ཙམ་ཡིན་ན། གནས་ཚུལ་ཐ་དད་རེད།

དགོན་སྡེའི་དགེ་འདུན།

སངས་རྒྱས་ཀྱི་ཆོས་འཁོར་དང་པོ་བསྐོར་བའི་རྗེས། རབ་ཏུ་བྱུང་བའི་གྲྭ་པ་ཁག་ཅིག་སངས་རྒྱས་ཀྱི་ཆོས་གང་དུ་གསུངས་པ་དེའི་རྗེས་འབྲངས། འགོ་སྟོད་དུ་གནས་སྟངས་དང་ཁོར་ཡུག་དམིགས་བསལ་དེའི་འོག་ཁོང་ཚོ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་སློབ་མར་གྱུར། སངས་རྒྱས་ནས་ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་ཁོང་གིས་དབྱར་གནས་དང་པོ་དེ་བཙུགས། དེ་ནི་དགོན་སྡེ་བཙུགས་པ་ཐོག་མ་ཡིན། དེའི་སྔོན་དུ་གནས་ངེས་མེད་དུ་གང་སར་ཕེབས་ཀྱི་ཡོད། སངས་རྒྱས་མྱ་ངན་ལས་འདས་ཁ་མར། རབ་བྱུང་མའི་སྡེ་སྲོལ་མཛད། སྐབས་དེར་རིམ་པས་རབ་བྱུང་གི་སྡོམ་པ་སྣ་ཚོགས་པ་དར། དེ་ཡང་སངས་རྒྱས་ཀྱིས། “འདི་དག་ནི་ཁྲིམས་རྣམས་ཡིན།” ཞེས་མར་བཞུགས་ནས་གསུངས་པ་ཞིག་མིན། མི་རྣམས་ལ་ཉམས་མྱོང་མང་དུ་མང་དུ་ཕྱིན་པ་དང་། དཀའ་རྙོག་བྱུང་འགོ་ཚུགས། དཔེར་ན། བསོད་སྙོམས་སློང་སྐབས་ཀྱི་དཀའ་ངལ་ལྟ་བུ། དེ་ནས་སངས་རྒྱས་ཀྱིས། དགོས་པའི་དབང་གིས་ཚུལ་ཁྲིམས་སམ་སྡོམ་པ་དགོས་རྒྱུ་གལ་ཆེ་བར་གཟིགས་ནས་བསླབ་ཁྲིམས་མང་པོ་ཞིག་བཀའ་གནང་བ་ལ་བརྟེན་ནས་དགོན་སྡེ་སོགས་ཀྱི་ནང་ལས་དོན་གྲ་འགྲིག་པོ་བྱུང་། དེ་ནི་སྡོམ་པའམ་བསླབ་ཁྲིམས་དར་ཚུལ་རེད། སངས་རྒྱས་ཀྱིས་གང་གི་ཆོས་གནས་པའི་ཆེད་དགོན་སྡེའི་དགེ་འདུན་ནི་གལ་འགངས་ཆེན་པོ་རེད་ཅེས་གསུངས། དེ་ནི་གལ་ཆེན་པོ་རེད། སངས་རྒྱས་ཉིད་ཀྱིས་དགོན་སྡེའི་སྲོལ་རྒྱུན་དགོས་རྒྱུ་གལ་ཆེ་བར་གཟིགས། གྲྭ་བཙུན་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་མཐའ་གཅིག་ཏུ་ཉམས་སུ་ལེན་རྒྱུ་དང་འཛིན་སྐྱོང་བྱ་རྒྱུར་ཁ་ཞེ་གཉིས་མེད་ཡིན།

སངས་རྒྱས་ཀྱི་ཆོས་དེ་ཡང་སྡེ་སྣོད་གསུམ་ནང་འདུས་ཡོད། སྡེ་སྣོད་དང་པོ་ནི་མདོ་སྡེའི་སྡེ་སྣོད་ཡིན། དེའི་ནང་ལྷག་པའི་ཏིང་ངེ་འཛིན་ཐེ་བའི་ཏིང་ངེ་འཛིན་སྣ་ཚོགས་སྐོར་གསུང་གི་ཡོད། དེ་དག་ལ་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པའང་ཟེར། གཉིས་པ་ནི་མངོན་པའི་སྡེ་སྣོད་ཡིན། དེའི་ནང་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་སྐོར་གསུང་གི་ཡོད། ཁྱིམ་པ་རྣམས་ཀྱིས་ཉམས་སུ་ལེན་ཐུབ་པ་འདི་གཉིས་རེད། སྡེ་སྣོད་གསུམ་པ་འདུལ་བའི་སྡེ་སྣོད་ནི་རབ་བྱུང་གི་བསླབ་ཁྲིམས་སྐོར་ཡིན། སྡེ་སྣོད་དང་པོ་གཉིས་ཀྱི་སྟེང་རབ་བྱུང་གིས་འདུལ་བའི་སྡེ་སྣོད་བཅས་སྡེ་སྣོད་གསུམ་ལ་བསླབ་པ་སློབ་གཉེར་གནང་གི་ཡོད། མ་གཞི་ང་ཚོ་མི་སྐྱ་ཚོས་འདུལ་བའི་ཉམས་ལེན་བྱེད་མི་ཐུབ་ཀྱང་། དེ་དག་ཉམས་སུ་ལེན་མཁན་གྱི་གྲྭ་བཙུན་ལ་ང་ཚོས་རྒྱབ་སྐྱོར་བྱེད་ཐུབ།

གྲྭ་པའམ་བཙུན་མ་བྱེད་དགོས་དོན་གང་ཡིན་ནམ། དེ་ནི་སངས་རྒྱས་ཀྱི་ཆོས་འཛིན་འདོད་པ་ཙམ་མིན་པར། འཛིན་འདོད་པ་ཙམ་ཡག་པོ་རེད། རབ་ཏུ་བྱུང་བའམ་གྲྭ་བཙུན་བྱེད་པའི་དགོས་པ་རྒྱུ་མཚན་གཙོ་བོ་ནི་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་སྐྱོང་རྒྱུ་དེ་ཡིན། ཁྲིམས་ཡག་པོ་སྲུང་ཐུབ་པའི་ཆེད་སྡོམ་པ་ལེན་དགོས་པ་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དགོས། གལ་སྲིད་ང་ཚོར་ནང་མི་དང་། ལས་ཀ་སོགས་ཡོད་ན། དེ་ལྟའི་སྒྲིག་ཁྲིམས་དེ་རང་ངོས་ནས་བསྲུང་རྒྱུ་དང་ཡར་རྒྱས་གཏོང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེ་ལྟ་བས་ན་རབ་ཏུ་བྱུང་གི་ཡོད། མི་སྐྱ་དང་སྡོམ་པའི་རྒྱབ་སྐྱོར་གྱི་ཐོག་ནས་ཚུལ་ཁྲིམས་དང་ལྡན་པའི་སྒྲིག་ལམ་ཡར་རྒྱས་གཏོང་ཆེད་ཡིན། ཏིང་ངེ་འཛིན་དང་ཤེས་རབ་ཡར་རྒྱས་གཏོང་བར་ཚུལ་ཁྲིམས་ནི་གཞི་རྩ་ལྟ་བུ་ཆགས་ཀྱི་ཡོད།  དེར་མ་ཟད། ཁྱིམ་པའི་མི་ཚེ་བློས་གཏོང་བ་དང་རབ་ཏུ་བྱུང་ན་ང་ཚོར་ངེས་འབྱུང་རྣལ་མ་ཞིག་སྐྱེད་པར་ཕན་ཐོགས་ཡོད།

ཁྱིམ་པའི་མི་ཚེ་བློས་གཏོང་སྐབས་ནང་མི་དང་དེ་མིན་གྱི་འཇིག་རྟེན་པའི་བྱ་བ་མཐའ་དག་བློས་གཏོང་གི་ཡོད། དེ་ནི་ཐར་པ་འཐོབ་པའི་ཆེད་དུ་འཁོར་བ་ལས་ངེས་པར་འབྱུང་བའི་ངེས་འབྱུང་ཆ་ཚང་བ་ཞིག་རྒྱུད་ལ་སྐྱེ་བའི་གོམ་པ་དང་པོ་དེ་ཡིན། དཔེར་ན། རང་གི་སྐྲ་གང་འདྲ་དགོས་པ་དང་། གྱོན་ཆས་གྱོན་སྟངས། རྟག་ཏུ་གྱོན་གོས་གཅིག་པ་གྱོན་པ། རྟག་ཏུ་སྐྲ་བཞར་ནས་རང་གི་བྱད་བཞིན་ནམ་རྣམ་པ་བློས་གཏོང་བྱེད་ཀྱི་ཡོད། དེ་ཡང་གཞན་ཡིད་མི་འཕྲོག་པའི་དོན་དུ་རེད། དེ་ནི་ཐར་པ་འཐོབ་བྱེད་དུ་ངེས་འབྱུང་སྐྱེ་བའི་གཞི་རྟེན་ཡག་པོ་ཞིག་རེད།

ནང་མི་དང་ལས་དོན་སྒྲུབ་པ་རྣམས་སྡུག་ཅག་རེད་ཅེས་བརྗོད་ཀྱི་མེད། ཡག་སྡུག་གཉིས་ཀ་མིན་པའི་བར་མ་རེད། གནད་དོན་ནི་དེ་དག་ལ་བརྟེན་ནས་སེམས་འཁྲལ་དང་། འདོད་པ། ཁོང་ཁྲོ་སོགས་མང་བ་ཡོང་གི་ཡོད། དེ་ང་ཚོས་བློས་གཏོང་དགོས་པ་ཡིན། རབ་ཏུ་བྱུང་བ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་ཆེད་དུ་སློབ་གཉེར་དང་ཉམས་ལེན་ཐོག་རིག་པ་སྒྲིམ་པའི་ལམ་ཞིག་ཆགས་ཡོད། མ་གཞི་དེ་ང་ཚོས་ནང་མི་མེད་པའི་ཐོག་ནས་ཁྱིམ་པས་སྒྲུབ་ཐུབ་ཀྱང་། དེ་ལ་རྒྱབ་སྐྱོར་བྱ་རྒྱུ་ཁག་པོ་ཆགས་ཡོད། ནང་མི་མེད་ཀྱང་ལས་ཀ་བྱེད་དགོས་ཀྱི་ཡོད། དེས་རང་གི་དུས་ཚོད་ཚང་མ་འཕྲོག་གི་ཡོད། དགོན་སྡེར་ཞུགས་ན་ཁྱིམ་པ་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཁྱིམ་པའི་ལས་འགན་གཙོ་བོ་གཅིག་ནི་རབ་བྱུང་གི་སྡེ་ལ་རྒྱབ་སྐྱོར་དང་བསོད་སྙོམས་འབུལ་རྒྱུ་དེ་ཡིན། རབ་བྱུང་གི་སྡེ་ནི་གུས་བརྩི་དང་རྒྱབ་སྐྱོར་འོས་པ་ཞིག་ཡིན། རབ་བྱུང་བ་རྣམས་ནི་ཟས་རིན་མེད་དུ་སྤྱོད་མཁན་དང་ལས་ཀ་མི་སྒྱིད་མཁན་གྱི་ལེ་ལོ་ཅན་དེ་འདྲ་མ་རེད། དྲི་མེད་གྲགས་པས་བསྟན་པའམ་ལེགས་སྦྱར་སྐད་དུ་ཝི་མ་ལཱ་ཀཱིརྟི་ནིརྡེཤ་ (Vimalakirti Nirdesa) ཞེས་པའི་སྔ་མོའི་ཐེག་པ་ཆེན་པོའི་མདོ་ཞིག་གི་ནང་། ཁྱིམ་པའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་དང་དེས་ཁྱིམ་པའི་རྟེན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་མིན་ཐད་གོ་སྡུར་མཛད་ཡོད། ཝིམལཱ་ཀཱིརྟི་ནི་ཁྱིམ་པའི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་ཞིག་གི་མིང་རེད། མདོ་དེས་རབ་བྱུང་གི་རྟེན་ཅན་གྱི་དགྲ་བཅོམ་པ་རྣམས་ལ་བསྟན་བཤིག་སློང་གི་ཡོད། ངའི་བསམ་པར། མདོ་དེའི་ནང་གལ་སྲིད་རབ་བྱུང་ཚོས་ང་རྒྱལ་ཆེན་པོ་བྱས་ན་དེ་ལས་དཀའ་ངལ་བྱུང་བའི་ཚུལ་གསལ་ཁ་བསྟན་འདུག

དགོན་སྡེའི་མི་ཚེ་ནི་རྟག་ཏུ་ཡག་པོ་ཞིག་མཐོང་གི་ཡོད། དུས་རབས་བཅུ་བཞི་པའི་དུས་འགོར། ལུ་ཐེའེ་ (Luthai) ཞེས་པའི་ཐེའེ་ (Thai) རྒྱལ་པོ་ཞིག་ཟླ་བ་གསུམ་རིང་ཆོས་སྒོར་ཞུགས་ཏེ་དེ་ནས་ཕྱིར་ཐོན་པ་རེད། སྐྱེས་པ་ཚོས་མི་ཚེ་ཧྲིལ་པོ་སྡོམ་པ་ལེན་མི་དགོས་པར་དུས་ཡུན་ཐུང་ཐུང་ཞིག་གི་རིང་ཆོས་སྒོར་ཞུགས་ཆོག་པའི་ཐེའེ་ཡི་ལམ་སྲོལ་དེ་ཁོང་གིས་ཐོག་མར་བཟོས་པ་རེད། དུས་རབས་བཅུ་དགུ་པའི་ནང་འབར་མས་ཀྱང་ལམ་སྲོལ་དེ་རང་ལུགས་སུ་བསྟེན་པ་རེད། དེའི་འབྲས་བུར་ལུང་པ་དེ་དག་ནང་སྐྱེས་པ་ཚང་མས་གཞོན་དུས་སུ་དུས་ཚོད་ངེས་ཅན་ཞིག་གི་རིང་རབ་ཏུ་བྱུང་གི་ཡོད། སྤྱིར་བཏང་ནས་ཟླ་བ་གསུམ་ཙམ་ཡིན། གང་ཡིན་ཟེར་ན། ལུང་པ་དེ་དག་ནང་བོད་ལྟར་བཙུན་མའི་སྡོམ་རྒྱུན་ཆད་ཟིན། དེ་ལ་བསམ་བློ་བཏང་ན། དམག་མིའི་ནང་དུས་ཚོད་ངེས་ཅན་ཞིག་གི་རིང་ཞུགས་དགོས་པ་ལས་ཅུང་ལེགས་པ་ཡོད། དེས་གྲོང་གསེབ་པ་ཚོ་དང་སྤྱི་ཚོགས་ཁྱོན་ཡོངས་འགྲོག་འདྲིས་བྱེད་པར་ཕན་ཐོགས་བྱུང་ཡོད། རྒྱུ་མཚན་ནི་ཨ་མ་ཚང་མས་སོ་སོའི་བུ་ཕྲུག་རབ་དུ་བྱུང་ནས་ཡོད་སྟབས་གཡས་གཡོན་དུ་བསྐྱོད་པའི་ཚེ་ཁོང་ཚོར་ཟས་སྟེར་གྱི་ཡོད། དེར་བརྟེན་རབ་བྱུང་གི་སྡེ་ལ་ཁྱིམ་པའི་སྡེ་གྲོང་ཁྱོན་ཡོངས་ནས་བསོད་སྙོམས་འབུལ་བ་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་ཆེ་རུ་བཏང་། སྐྱེས་པ་ཚང་མར་དགོན་སྡེའི་འཚོ་བའི་ཉམས་མྱོང་ཐོབ་པར་བརྟེན་ཁོང་ཚོ་རང་འགུལ་གྱིས་སྙིང་རྗེ་ཆེ་བར་གྱུར་བ་དང་། དེ་ལྟར་བྱ་རྒྱུ་ཧ་ཅང་ཁག་པོ་ཞིག་མིན་པར་མཐོང་ཐུབ། ཨ་ཅང་ཅང་མང་པོ་ཞིག་གིས་ཟླ་བ་གསུམ་ཙམ་མིན་པར་མི་ཚེ་གང་པོ་རབ་ཏུ་བྱུང་ནས་སྡོད་ཀྱི་ཡོད།

ཐེའེ་དང་འབར་མའི་གྲོང་གསེབ་ཁུལ་དུ་ས་གནས་བུ་ཕྲུག་ཚོའི་ཆེད་དུ་གྲྭ་པ་ཚོས་སློབ་གྲྭ་འཛིན་སྐྱོང་བྱེད་སྲོལ་ཡོད། དེ་ནི་གནའ་སྔ་མོའི་དུས་སུ་རེད། ད་ལྟ་གཞུང་གི་སློབ་གྲྭ་ཡོད་སྟབས་གང་འདྲ་ཡིན་ང་ལ་རྒྱུས་མངའ་མེད། འོན་ཀྱང་སྲོལ་རྒྱུན་ཁྲོད་དེ་ལྟར་བྱུང་ཡོད། གྲྭ་པ་ཚོས་སྒོམ་དང་སློབ་སྦྱོང་གཅིག་པུ་མིན་པར་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ནང་མཉམ་ཞུགས་བྱེད་ཀྱི་ཡོད། དེ་ཡང་ཚང་མ་མ་རེད། སོ་སོའི་འདོད་པ་གཞིར་བཟུང་རེད། རྒྱ་ནག་གི་རབ་བྱུང་གི་སྡེའི་ནང་དུའང་གྲྭ་བཙུན་ཚོས་སྤྱི་ཚོགས་བདེ་དོན་ལས་རིགས་ནང་ཁུར་ལེན་གྱི་ཡོད། དཔེར་ན། ད་ལྟ་ཐེའེ་ལན་ཌའི་ནང་མི་མང་ལ་གཉན་ནད་རེག་དུག་གི་ནད་ཡམས་ཕོག་ནས་རྐྱེན་ལམ་དུ་འགྲོ་ཉེན་ཡོད་སྐབས་རབ་བྱུང་བ་རྣམས་ཀྱིས་ཁོང་ཚོར་ལྟ་སྐྱོང་རྐང་ལེན་པ་ལས་གཞན་གྱིས་དོ་ཁུར་བྱེད་མཁན་དཀོན། ཐེའི་ལན་ཌའི་ནང་གཉན་ནད་རེག་དུག་གི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། བོད་པ་རྣམས་སྤྱི་ཚོགས་ཞབས་ཞུའི་ཐད་དོ་སྣང་དེ་ཙམ་མེད། འདི་ནི་༸གོང་ས་མཆོག་གིས་ཀྱང་དགོངས་བཞེས་གནང་བ་དང་ཡོ་བསྲང་བྱེད་དགོས་པ་ཞིག་རེད་ཅེས་གསུང་གི་ཡོད། ངའི་བསམ་པར། བོད་ནང་མང་པོ་ཞིག་ས་ཆའི་གནས་བབས་ཀྱི་ཐོག་ནས་འགྲེལ་བརྗོད་བྱེད་དགོས། དགོན་པ་རྣམས་ལོགས་སུ་དབེན་སར་ཆགས་པ་དང་། གྲྭ་པ་ཚོས་དགོན་པ་བཞག་སྟེ་གྲོང་གསེབ་བམ་གྲོང་རྡལ་ནང་བསོད་སྙོམས་སློང་བར་འགྲོ་ཆོག་གི་མེད། དེར་བརྟེན་ཁྱིམ་པ་རྣམས་དགོན་པའི་ནང་ཡར་ཡོང་ནས་བསོད་སྙོམས་སམ་འབུལ་བ་འབུལ་གྱི་ཡོད། དེར་བརྟེན་འབྲེལ་ཐག་རིང་པོ་ཆགས་པ་རེད་བསམ་གྱི་འདུག

ངའི་བསམ་པར། དམག་མིའམ་རྒྱུན་ལྡན་གྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྱི་ཚབ་ཏུ་ཆོས་ཞུགས་ལ་འདམ་ཀ་བྱ་རྒྱུའི་གོ་སྐབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་། གལ་སྲིད་མི་རྣམས་ལ་སོ་སོའི་འདོད་པ་ལྟར་གཞན་ལ་རོགས་རམ་བྱས་ཏེ་གྲྭ་བཙུན་བྱ་རྒྱུ་དང་རང་གི་མི་ཚེ་གང་པོ་ནང་ཆོས་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཡོད་ན། སྤྱིར་ནང་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་ངེས་པ་དང་། དེ་ལྟར་བྱུང་ན་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་ཐུབ། དེ་ནི་སངས་རྒྱས་ཀྱིས་གང་གསུངས་པ་དེ་ཡིན། དེ་ཡང་སྤྱི་ཚོགས་ཞབས་ཞུ་བསྒྲུབས་ནས་དེ་རྗེས་སྤྲོ་སྐྱིད་ལ་ཞུགས་པ་དང་དེའི་ཆེད་གཞུང་ནས་དངུལ་གྱི་རོགས་རམ་འཐོབ་པ་ཙམ་མིན་པར། བཟང་སྤྱོད་ཀྱི་སྒྲིག་ཁྲིམས་དང་། མཉམ་ཚོགས་ཀྱི་ཉམས་ལེན་དང་སྒོམ་བཅས་ལ་རག་ལས་ཡོད། དེར་བརྟེན་ནུབ་ཕྱོགས་སུ་གྲྭ་བཙུན་རྣམས་ལ་རྒྱབ་སྐྱོར་གྱི་འབད་བརྩོན་བྱ་གལ་དུ་མཐོང་། དོན་དངོས་སུ་གྲྭ་པའམ་བཙུན་མ་ཡིན་ན་དགོན་པ་དགོས་ཀྱི་ཡོད། དེ་ནི་རྟག་ཏུ་སྤྱི་ཚོགས་ཀྱི་གནད་དོན་ཞིག་རེད། མི་རྣམས་རབ་ཏུ་བྱུང་ནས་རང་ཁ་རང་གསོ་བྱ་རྒྱུ་དང་། སྐྱ་ཆས་སྤྲས་ཏེ་ཉིན་མོ་གྲོང་དུ་སོང་ནས་ལས་ཀ་བྱ་རྒྱུ་ནི་གྲྭ་བཙུན་རྣམས་ལ་འཚམ་པོ་ཞིག་མེད། སྟབས་མི་ལེགས་པ་ཞིག་ལ་ནུབ་ཕྱོགས་སུ་མི་མང་པོ་ཞིག་གིས་དེ་ལྟར་བྱ་དགོས་བྱུང་ཡོད། འོན་ཀྱང་དེ་ཁག་པོ་ཡིན་པ་ང་ཚོས་ངེས་པར་དུ་ཤེས་པར་བྱེད་དགོས། ཁོང་ཚོར་སྐྱོན་བརྗོད་བྱ་མི་རུང་། གང་ཡིན་ཟེར་ན། གནས་སྟངས་ཀྱི་ཆ་ནས་ཧ་ཅང་ཁག་པོ་ཡོད། གྲྭ་བཙུན་རྣམས་ལ་མཐོང་ཆུང་བྱས་ཏེ་གཡོག་པོ་ལྟ་བུར་འདུ་ཤེས་བཟུང་ནས་ཆོས་ཚོགས་ནང་ཇ་བཟོ་རྒྱུ་དང་ལས་རིགས་སྣ་ཚོགས་བྱེད་དུ་འཇུག་མཁན་གྱི་མི་དང་ཆོས་ཚོགས་མང་པོ་ཡོད། དེ་ནི་རྗེས་ལུས་ཐེབས་པ་ཞིག་རེད། ལས་རིགས་དེ་དག་ཁྱིམ་པ་ཚོས་བྱེད་དགོས་པ་ལས་གྲྭ་བཙུན་གྱིས་བྱེད་དགོས་པ་ཞིག་མིན།

གྲྭ་བཙུན་ཚོ་ཁྱིམ་པ་རྣམས་ཀྱིས་ཕྱག་བྱ་འོས་སུ་འགྱུར་བར། སྡོམ་པ་ཚུལ་བཞིན་དུ་སྲུང་ནས་གྲྭ་བཙུན་རྣམ་དག་ཅིག་བྱེད་དགོས། གཞུང་ནང་ཐ་ན་གྲྭ་བཙུན་གྱི་གོས་ཀྱི་དུམ་བུ་ཆུང་ཆུང་ཞིག་ཀྱང་གུས་བརྩིའི་འོས་སུ་གྱུར་ཞེས་གསུངས་ཡོད། གྲྭ་བཙུན་ཚོས་སྡོམ་པ་ཚུལ་བཞིན་དུ་མ་སྲུང་ནའང་ཁྱིམ་པས་ད་དུང་ཆོས་གོས་ལ་གུས་ཞབས་ཞུ་གི་ཡོད། དེ་ལྟར་བྱེད་པ་ནི་དོན་དངོས་སུ་རང་ཉིད་དེ་ལྟའི་ལམ་དུ་ཞུགས་ཐབས་ཀྱི་གོམ་པ་ཞིག་ཆགས་ཡོད། རང་ཉིད་ཡར་རྒྱས་གཏོང་ཐབས་མི་བྱེད་མཁན་གྱི་གྲྭ་བཙུན་མི་ཉུང་བ་ཞིག་རང་ལ་ཐུག་གི་ཡོད། དཔེར་ན། ཁ་ཤས་ཆུང་ཆུང་སྐབས་ནས་དགོན་པའི་ནང་གཡུགས་ནས་འཇོག་གི་ཡོད། གང་ཡིན་ཟེར་ན། ཕ་མ་ཚོས་ཕྲུ་གུ་དེ་དག་གསོ་སྐྱོང་ཐུབ་ཀྱི་མེད། དེས་ན་ང་ཚོས་དགོན་སྡེ་ཁག་དང་ཆོས་གོས་གྱོན་པའི་གང་ཟག་དབར་ཁྱད་པར་འབྱེད་དགོས། ངའི་བསམ་པར། ནང་པ་ཚོས་གྲྭ་བཙུན་རྣམས་ཀྱི་སྤྱོད་ཚུལ་དང་དགོན་སྡེ་སྤྱི་ཡོངས་ཀྱི་ཐད་བསམ་ཞིབ་ངེས་པར་དུ་བྱེད་དགོས། དེ་རིན་ཐང་མེད་པ་དང་གལ་ཆེན་པོར་མ་བརྩིས་པར་སྣང་མེད་དུ་བཞག་པ་ཞིག་རེད་དམ། ཡང་ན་དངོས་གནས་གུས་བརྩི་འོས་པའི་ཡུལ་ཞིག་རེད། མདོར་ན་ཁོང་ཚོ་དགེ་འདུན་དཀོན་མཆོག་དངོས་དེ་མ་ཡིན་ཀྱང་། དགེ་འདུན་དཀོན་མཆོག་མཚོན་གྱི་ཡོད། ཁོང་ཚོས་དགེ་འདུན་དཀོན་མཆོག་དངོས་ཀྱི་ཕྱོགས་སམ་འཕགས་པའི་སར་འགྲོ་བ་དང་། འགོག་བདེན་དང་ལམ་བདེན་འཐོབ་རྒྱུར་འབད་པ་མཚོན་གྱི་ཡོད།

འཛམ་གླིང་ནང་གྲྭ་པ་ཚོས་ལས་དོན་གཞན་ཞིག་བྱེད་པར་རོགས་རམ་བྱེད་མཁན་ཚོགས་སྡེ་འགའ་ཤས་ཡོད།

རྒྱ་གར་ནང་བལ་ཡུལ་ནང་གི་བོད་པ་ཚོའི་དགོན་སྡེ་ཁག་ལ་རོགས་རམ་ཆེད་ལས་གཞི་མང་པོ་ཞིག་ཡོད་ཀྱང་ནུབ་ཕྱོགས་པ་རྣམས་ལ་དེ་ལྟར་མེད། འདི་དཀའ་ངལ་ཞིག་རེད། མི་རིགས་བྱེ་བྲག་པ་དེའི་གྲྭ་བཙུན་ཚོར་སེམས་ཁུར་བྱེད་འདོད་པ་ལས་ནུབ་ཕྱོགས་པ་རྣམས་ལ་དེ་ཙམ་བྱེད་ཀྱི་མེད། ནུབ་ཕྱོགས་ཀྱི་གྲྭ་བཙུན་རྣམས་ངོ་མ་བྱས་ན་རོགས་རམ་དགོས་པ་ཆགས་ཡོད། འོན་ཀྱང་ནུབ་ཕྱོགས་ཀྱི་དགོན་སྡེ་ཁག་འཛིན་སྐྱོང་བྱེད་སྟངས་དེ་གོ་སྡུར་བྱེད་དགོས་པའི་གནད་དོན་རྒྱ་ཆེན་པོ་ཞིག་ཆགས་ཀྱི་ཡོད།

ད་ལྟའི་སྐབས་ང་ཚོ་འཇིག་རྟེན་པའི་མི་ཚེ་སྐྱེལ་མཁན་ཚོའི་ལས་དོན་གཙོ་བོ་ཞིག་ནི་ནང་པའི་ཆོས་ཚོགས་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། གྲྭ་བཙུན་ཚོར་རོགས་རམ་ཐད་ང་ཚོས་ག་རེ་བྱེད་ཐུབ་བམ།

སྲོལ་རྒྱུན་གྱི་རོགས་རམ་བྱེད་ལུགས་གང་ཡིན་ནམ་ཞེ་ན། སྲོལ་རྒྱུན་དུ་ཁྱིམ་པས་རབ་བྱུང་བ་རྣམས་ལ་བསོད་སྙོམས་དང་སྡོད་ས་འབུལ་གྱི་ཡོད། དེར་བརྟེན་གྲྭ་བཙུན་ཚོས་ཁང་གླ་དང་ཟས་རིགས་ཉོ་ཆེད་དངུལ་གསོག་དགོས་ཀྱི་མེད། ཁོང་ཚོར་འཕྲོད་བསྟེན་ཉེན་སྲུང་ཐད་རོགས་རམ་བྱོས། དཔེར་ན། ཆོས་ཚོགས་ཤིག་གིས་གྲྭ་བཙུན་ཚོའི་ཆེད་དུ་འཕྲོད་བསྟེན་ཉེན་སྲུང་ཆེད་རུ་ཁག་ངེས་ཅན་ཞིག་གོ་སྒྲིག་བྱེད་ཐུབ། ཧ་ཅང་ཕན་ཐོགས་པོ་འབྱུང་ངེས།།

Top