བོད་མི་རིགས་རྩ་གཏོར་གྱི་དྲན་གསོའི་ཆེད་གྲོས་འཆར།

སྐད་ཡིག་གཞན།

ཨི་སི་རེལ་ (Israel) དུ་ཡོད་པའི་ཇེ་རུ་ས་ལེམ་ (Jerusalem) ནང་ཡད་ཝེ་ཤེམ་རྩ་གཏོར་དྲན་རྟེན་འགྲེམས་སྟོན་ཁང་ (Yad Veshem Holocaust Museum) གིས་འཇེའུ་ (Jewish) མི་རིགས་ས་ཡ་དྲུག་ལ་འཇར་མན་ནཱ་ཛི་ (Germany Nazi) ཚོགས་པའི་ལག་འོག་ཏུ་སྡུག་སྦྱོང་དང་སྲོག་ཤོར་བའི་རྗེས་དྲན་བྱེད་ཀྱི་ཡོད། འགྲེམས་སྟོན་ཁང་དུ་འཇིའུ་གནས་ས་དབུལ་གྲོང་ཁག་དང། ཉེན་རྟོག་པས་འཇེའུ་མི་རིགས་འདུ་འཛོམས་བྱེད་དུ་བཅུག་པ། ཁོང་ཚོ་བཙོན་ཁང་དུ་འོར་འདྲེན་བྱེད་སའི་མེ་འཁོར། བཙོན་པའི་གསོག་སྒར། འཇེའུ་མི་རིགས་གསོད་སའི་དུག་རླངས་ལྕགས་མཁར་དང་མི་རོ་བསྲེག་ཁང་སོགས་པའི་འདྲ་པར་གྲངས་ཧ་ཅང་མང་པོ་ཞིག་ཡོད་པ་རེད། འགྲེམས་སྟོན་ཁང་དེས་དེའི་དུས་ཀྱི་འཇེའུ་མི་རིགས་ལ་ངོ་ལོག་ཀྱི་དྲིལ་བསྒྲགས་གསལ་བརྡ་དང། བཙོན་པའི་སྒྲིག་ཆས། བཙོན་པ་གསོག་སྒར་གྱི་ཉིན་རེར་སྤྱོད་པའི་ཅ་དངོས། སྲོག་ཐོག་བཏང་བའི་འཇེའུ་མི་རིགས་ཀྱི་ལྷམ་དང། མིག་ཤེལ། སྐྲ་ལ་སོགས་པ་མང་པོ་ཞིག་འགྲེམས་སྟོན་བྱེད་ཀྱི་ཡོད། འགྲེམས་སྟོན་ཁང་དེར་ད་དུང་ཚེ་སྲོག་ཤོར་བ་རྣམས་ལ་ཆེ་བསྟོད་བྱེད་རྒྱུར་རྗེས་དྲན་གྱི་ཚུལ་དུ་དེང་དུས་ཀྱི་ཁང་པའི་ཕྱི་རོལ་ཏུ་གང་ཞིག་མཚོན་པའི་འདྲ་གཟུགས་ཆེན་པོ་དེ་འདྲ་ཡོད་པ་རེད། འགྲེམས་སྟོན་ཁང་གི་དམིགས་ཡུལ་གཙོ་བ་གཅིག་ནི་ལོ་གཞོན་ཨི་ཛི་རལ་མི་རིགས་ཚོར་རྟག་ཏུ་དམག་གི་ཐོག་ནས་གྲ་སྒྲིག་གིས་ཁོང་རང་ཚོ་སྲུང་སྐྱོབ་བྱས་ཏེ་དེ་འདྲ་བའི་རྩ་གཏོར་ནམ་ཡང་མི་ཡོང་བའི་དྲན་སྐུལ་བྱེད་རྒྱུ་དེ་ཡིན། ཁོང་ཚོར་སོ་སོའི་མི་རིགས་ལ་བཟོས་པའི་འཇིགས་སྐྲག་དེར་དགོངས་ཡངས་མེད་ལ་དྲན་པའང་མི་བརྗེད་པ་བྱེད་རྒྱུའི་ཡང་སྐུལ་མ་གཏོང་གི་ཡོད།

བོད་མི་རིགས་རྩ་གཏོར་ལ་དྲན་གསོའི་འགྲེམས་སྟོན་ཁང་གཅིག་མཚུངས་ཞིག་སྐྲུན་ཆེད་འདྲ་པར་དང་ཅ་དངོས་འདང་ངེས་བཞིན་པ་དཀོན་པོ་ཡོད། དེར་མ་ཟད། གང་ཞིག་མཚོན་པའི་འདྲ་གཟུགས་རྣམས་ནི་བོད་པ་ཚོར་དོན་སྙིང་གང་ཡང་མེད་པ་དང། དམག་དོན་ཐད་ནས་གྲ་སྒྲིག་བྱེད་རྒྱུའི་དྲན་སྐུལ་དང་སོ་སོའི་དགྲ་བོར་དགོངས་ཡངས་ནམ་ཡང་མི་གཏོང་བ་ནི་ནང་པ་སངས་རྒྱས་པའི་ཆོས་དང་ལྷན་དུ་སེམས་ལ་འཇོག་གི་མེད། དེར་བརྟེན། ཡད་ཝེ་ཤེམ་གྱི་རིག་པས་སེམས་སྐུལ་བཏང་ཡོད། འོན་ཀྱང་དེའི་གྲུབ་ལུགས་འདྲ་བཤུས་མ་བྱས་པར་རྒྱ་མིས་གཏོར་བཤིག་བཏང་བའི་བར་བསྐོར་མཆོད་རྟེན་གྱི་ངོ་འདྲ་ཞིག་གངས་ཅན་སྐྱིད་གཤོངས་ཀྱི་རྒྱལ་སྒོའི་ནང་དུ་གསར་སྐྲུན་བྱེད་པའི་བསམ་ཚུལ་བྱུང་བ་རེད། སྲོལ་རྒྱུན་གྱི་བོད་དང་དེའི་མི་འབོར་བརྒྱ་ཆ་ལྔ་ཆ་གཅིག་རྩ་གཏོར་བཏང་བའི་མཚོན་རྟགས་ཤིག་ནི་བོད་མི་མང་ལ་དོན་སྙིང་དེ་བས་ཆེ་བ་དང་བྱིས་པ་རྣམས་ལ་སློབ་སྟོན་དུ་འགྱུར་ངེས། བོད་བརྒྱུད་ནང་བསྟན་གྱི་ལུགས་དང་མཐུན་པར་འདས་པོར་དྲན་གསོའི་དམིགས་པའི་ཆེད་ནང་དུ་མཆོད་མེ་སྒྲོན་རྒྱུའི་མཐུན་རྐྱེན་ཆུང་ངུ་ཞིག་ཡོད་པའི་མཆོད་རྟེན་དང་གནས་ཆུང་དང་དགའ་གདོང་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་མཆོད་མེ་རྒྱུན་ཆད་མེད་པར་འབུལ་རྒྱུའི་བསམ་ཚུལ་བྱུང་བ་རེད། མཆོད་རྟེན་གྱི་སྒོའི་ཟུར་ཞིག་ཏུ་བྱང་བུའི་ཐོག་བོད་ཡིག་དང། ཧིནྡི། དབྱིན་ཇི་བཅས་སྐད་ཡིག་གསུམ་གྱི་ནང་བྲིས་ནས་རྩ་གཏོར་གྱི་དྲན་གསོ་ཞིག་ཡིན་པའི་དོན་གནད་འགྲེལ་བཤད་བྱེད་ཐུབ། དེར་མ་ཟད། དེ་འདྲ་བའི་དྲན་གསོའི་ཆེད་ས་ཆ་ཉོ་བའམ་བཟོ་སྐྲུན་དང་ཐོག་བརྩེགས་ཁང་ཆེན་ཞིག་གི་སྟངས་འཛིན་རྒྱུན་སྐྱོང་དགོས་ཀྱི་མེད་པས། དེ་ནི་རྡ་རམ་ས་ལར་ཡད་ཝེ་ཤེམ་གྱི་འདྲ་བཤུས་བྱེད་རྒྱུའི་འབད་རྩོལ་བྱས་པ་ལས་ལྷག་པའི་དཔལ་འབྱོར་གྱི་ཐོག་ནས་སྒྲུབ་ཐུབ་སྲིད་པ་ཞིག་ཡིན། ཆབ་སྲིད་ཀྱི་ཐོག་ནས་ཀྱང་རྒྱ་གར་གཞུང་ལ་ཕོག་ཐུག་དེ་ཙམ་མི་འགྲོ་བ་འོང་གི་རེད།།

Top