མུ་ར་ཇམ་བྷི། ཨིནྜོ་ནེཤ་ཡར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སློབ་གཉེར་བྱེད་ས།

01:48
སྐད་ཡིག་གཞན།

ཕྱི་ལོ་ ༦༧༡ ལོར་རྒྱ་མི་གནས་སྐོར་བ་ཡི་ཇིང་ (I-Tsing) ར་སིག་གི་གྲུ་གཟིངས་བརྒྱུད་དེ་ཀན་ཊོན་གྱི་གྲུ་གཟིངས་འབབ་ཚུགས་ནས་ཐོན་ཏེ་ནང་ཆོས་སྦྱོང་ཕྱིར་རྒྱ་གར་ལ་ཕྱིན། རྒྱའི་བཙུན་པ་ལོ་ཙཱ་བ་སྐད་གྲགས་ཅན་ལོ་ཤས་གོང་ལ་འདས་གྲོངས་སུ་གྱུར་བ་ཤུའན་ཙང་ (Xuanzang) སེམས་ནང་དྲན་པ་ལ་བརྟེན་ནས་ཁོང་ལ་དཀའ་ཉེན་ཅན་གྱི་འགྲུལ་བཞུད་འདི་ལྷུར་ལེན་པའི་སེམས་ཤུགས་བྱིན་ཡོད། ཡིན་ནའང་། ཁོང་གི་བློ་མཐུན་ཤུའན་ཙང་དང་མི་འདྲ་བར། ཡི་ཇིང་སྐད་གྲགས་ཅན་ཕྱི་གླིང་གི་དར་སྐུད་ཚོང་ལམ་བརྒྱུད་ནས་འགྲུལ་བཞུད་བྱས་མེད། ཤར་རོ་མན་གྱི་རྒྱལ་ཁམས་བྷ་ཡེ་ཛེན་ཊིཡམ་ (Byzantium) ལ་བརྟེན་ནས་ལོ་ ༥༥༡ ནས་བཟུང་དར་སྲིན་ནམ་དར་འབུ་གསོ་སྐྱོང་ལེགས་པར་རྩ་འཛུགས་བྱས་པས་རྒྱ་ནག་གི་གོས་ཆེན་གྱི་རིན་ཐང་ལ་དགོས་འདུན་དེ་ཉུང་དུ་འགྲོ་བཞིན་ཡོད། དེར་མ་ཟད། ཕྱི་གླིང་གི་དར་སྐུད་ཚོང་ལམ་དེ་ཉིན་རེ་བཞིན་དུ་ཉེན་ཚབས་ཆེ་རུ་ཕྱིན་ཏེ། དུས་རབས་ ༧ པའི་འགོ་སྟོད་ནས་བཟུང་སྟེ། ཨེ་རབ་དམག་གི་ལས་འགུལ་ལ་བརྟེན་ནས་པར་སིག་བརྒྱུད་ནས་ས་ཐོག་གི་ལམ་ཁ་བཀག་འགོག་བྱས། དབུས་ཨེ་ཤི་ཡའི་ནང་ཨེ་རབ་ཨུ་མེ་ཡ་དའི་རྒྱལ་རྒྱུད་དང་། རྒྱ་ནག་ཐང་གི་རྒྱལ་རྒྱུད། བོད་དང་ཤར་ཏུར་ཀི་བཅས་ཀྱི་དབར་ལ་དམག་འཁྲུག་བར་མཚམས་མེད་པ་བྱུང་བའི་རྐྱེན་གྱིས་རྒྱ་ནག་དང་སིདྷ་ (Sidh) (ད་ལྟ་པ་ཀིསྟཱན་གྱི་ཞིང་ཆེན་ཞིག་ཡིན་)བར་གྱི་ཚོང་ལ་བར་ཆད་བྱས་ཡོད། དེར་བརྟེན་དངོས་ཟོག་དང་རྒྱའི་གནས་སྐོར་བ་རྣམས་ད་གཟོད་མ་ལ་ཁའི་མཚོ་ཁ་ཕན་ཚུན་མཐུད་ཡུར་ (Strait of Malacca) བརྒྱུད་དེ་རྒྱ་མཚོ་ནས་འགྲུལ་བཞུད་བྱེད་དགོས་ཤིང་། དེ་ནི་རྒྱལ་སྤྱིའི་ཚོང་ལས་ཀྱི་ས་ཐིག་གཙོ་བོ་ཞིག་ཏུ་གྱུར་ཟིན་པ་རེད། 

ཡི་ཇིང་ནི་མཚོ་ལམ་གྱི་འགྲུལ་བཞུད་གསར་པ་འདིའི་བྱུང་རིམ་ལོ་རྒྱུས་ལ་མཁས་པ་དང་པོ་ལྟ་བུར་འབྱུང་རྒྱུ་ཡིན་པ་དང་དེ་ནི་ནང་ཆོས་ཀྱང་ཆགས་ཀྱི་རེད། ཕྱི་ལོ་ ༡༨༩༦ ལོར་ཇུན་ཇི་རོ་ ཏ་ཀ་ཀུ་སུས་ (Junjiro Takakusu) ཨིན་སྐད་དུ་བསྒྱུར་བའི་ཁོང་གི་ལམ་ཡིག་ “ཡེ་ལོ་ ༦༧༡ ནས་ ༦༩༥ བར་རྒྱ་གར་དང་མ་ལེའི་གླིང་ཕྲན་ཚོམ་བུའི་ནང་ཉམས་ལེན་བྱས་པའི་ནང་པའི་ཆོས་ལུགས་ཀྱི་ཟིན་ཐོ་” ཞེས་པའི་མཚན་བྱང་ཅན་གྱི་དེབ་ནང་། རྒྱ་མཚོ་བརྒྱུད་དེ་ཉིན་ཉི་ཤུ་འགྲུལ་བཞུད་བྱས་རྗེས་ཡི་ཇིང་མཚོ་གླིང་ཞིག་ལ་ཆགས་པའི་ཉེན་སྲུང་ཡོད་པའི་གྲོང་ཁྱེར་ཆ་རྒྱུས་མེད་པ་ཞིག་ལ་བཀག་པ་རེད། དེ་ལ་ཁོང་གིས་ཧྥོ་ཆེ་ (Fo-Che) ཞེས་བརྗོད་པ་རེད། དེ་ཡང་།

ཉེན་སྲུང་ལྡན་པའི་གྲོང་ཁྱེར་ཧྥོ་ཆེའི་ནང་། ནང་པའི་གྲྭ་པ་སྟོང་ལས་ལྷག་པ་བཞུགས་ཡོད་པ་དང་དེ་དག་གི་སེམས་ནི་བསླབ་པ་སློབ་གཉེར་དང་ཉམས་ལེན་བཟང་པོ་དོན་དུ་གཉེར་བར་གཏད་ཡོད། ཅེས་གསུངས།

ནཱ་ལཎ་དཱ་ཞེས་བྱ་དེའི་ཚེ་དེའི་དུས་ན་ཐེག་པ་ཆེན་པོ་ནང་པའི་དགེ་འདུན་གྱི་སྡེའམ་གཙུག་ལག་ཁང་ཆེ་ཤོས་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་ད་ལྟའི་ཆར་དེ་ནི་རྒྱ་གར་བི་ཧཱར་མངའ་སྡེར་ཆགས་ཡོད། དེའི་ནང་ལོ་དགུ་བཞུགས་པའི་རྗེས་སུ་ཡི་ཇིང་ཁོང་གི་ཡ་མཚན་ཅན་གྱི་མཚོ་གླིང་རྒྱལ་གཞིས་ཧྥོ་ཆེ་ལ་ཐེངས་གཉིས་ལོག་ཕེབས། དེ་ལ་ཁོང་གིས་ད་དུང་སན་ཧྥོ་ཙིའམ་ (San-fo-ts’i) ཡང་ན་མོ་ལོ་ཡེའུ་ (Mo-lo-yeu) ཞེས་བརྗོད་ཀྱི་ཡོད། དེ་ཡང་ཁོང་གིས། 

ཁོང་ཚོས་ (ཧྥོ་ཆེ་ལ་ཡོད་པའི་གྲྭ་པ་ཚོ་) ཇི་ལྟར་རྒྱལ་གཞིས་ཡུལ་དབུས་ (རྒྱ་གར་) སུ་ཡོད་པ་ནང་བཞིན་བརྗོད་གཞིའི་རིགས་ཡོད་ཚད་ཐམས་ཅད་ལ་བརྟག་ཞིབ་དང་སློབ་གཉེར་བྱེད་ཀྱི་ཡོད། ཅེས་གསུངས། 

འདིས་གཏན་ཚིགས་རིགས་པ་དང་། སྒྲ་རིག་པ། བརྡ་སྤྲོད་རིག་པ། གསོ་བ་རིག་པ། བཟོ་རིག་སྒྱུ་རྩལ། དེ་བཞིན་མངོན་པ་དང་ལྟ་གྲུབ་དང་བཅས་པའི་བརྗོད་གཞི་དེ་དག་ཧྥོ་ཆེ་ལ་བསླབས་ཡོད་པ་སྟོན་གྱི་ཡོད། ཁོང་གི་ཟིན་ཐོ་ལྟར་ན། ཕྱི་ལོ་ ༦༩༤ ལོར་རྒྱ་ནག་ཏུ་མ་ལོག་གོང་ལ་ཁོང་གིས་དེར་ལེགས་སྦྱར་གྱི་དཔེ་ཆ་བརྒྱ་ཕྲག་མང་པོ་པར་བཤུས་གནང་ཡོད། 

ཡ་མཚན་ཅན་གྱི་གསང་བའི་རྒྱལ་གཞིས་ཧྥོ་ཆེ་ཟེར་བ་འདི་གང་དུ་ཡོད་དམ་ཞེས་པའི་མགོ་རྙོག་ཅན་གྱི་དྲི་བ་འདི་ལ་ལན་མེད་པར་དུས་རབས་བཅུ་གཉིས་ལྷག་གི་རིང་གནས་པ་རེད། དེ་ནས་ཕྱི་ལོ་ ༡༩༡༨ ལོར་ཧྥ་རན་སིའི་མི་རིགས་ཡིན་པ་བརྐོས་ཡིག་བརྟག་མཁན་ཇཽརྗ་ ཁོ་ཌེ་སིས་ (George Coedès) མཐར་ཧྥོ་ཆེའམ་སན་ཧྥོ་ཙི་ (Fo-Che or San-fo-ts’i) དེ་སུ་མ་ཏྲའི་ (Sumatra) པ་ལེམ་བྷང་ (Palembang) ལ་ཆགས་པའི་དཔལ་གྱི་རྣམ་རྒྱལ་ལམ་ཤྲཱི་བི་ཇ་ཡའི་རྒྱལ་གཞིས་ཡིན་པར་ངོས་འཛིན་བྱས། ཕྱི་ལོ་ ༡༩༨༠ ཡས་མས་སུ་གནའ་རྫས་དཔྱད་རིག་གི་ས་འོག་སྔོག་འདོན་ལ་བརྟེན་ནས་པ་ལེམ་བྷང་གི་མཚོ་གླིང་གྲུ་གཟིངས་འབབ་ཚུགས་དེ་ནི་དོན་ངོ་མར་མ་ལ་ཁའི་མཚོ་ཁ་ཕན་ཚུན་སྦྲེལ་བའི་མཐུད་ཡུར་ (Malacca strait) ལ་ཁ་ཕྱོགས་པའི་རྒྱལ་གཞིས་སྟོབས་ཤུགས་ཅན་འདིའི་ཆབ་སྲིད་དང་དམག་དོན་གྱི་རྒྱལ་ས་ཡིན་པར་ངེས་བརྟན་བཟོས་ཡོད། དེ་ཡང་རྒྱ་གར་དང་། རྒྱ་ནག དབུས་ཤར་བཅས་དབར་གྱི་མཚོ་ཐོག་ཚོང་ལས་ཀྱི་འདུས་མདོ་ཡིན་པ་རེད། པ་ལེམ་བྷང་གི་རི་བོ་གཅིག་གི་སྟེང་དུ་སངས་རྒྱས་ཀྱི་སྐུ་འདྲ་ཧ་ཅང་ཆེན་པོ་ཞིག་གསར་དུ་རྙེད་པ་ལས། གཞན་ཡི་ཇིང་གིས་དཔལ་ནཱ་ལཎ་དཱ་དང་མཚུངས་བསྡུར་བྱས་པའི་ནང་པའི་བསླབ་པ་སློབ་གཉེར་གྱི་བསྟི་གནས་ཁང་ཆེན་པོ་ཞིག་ཡོད་པའི་ཚོད་ལྟའི་བདེན་དཔང་མི་འདུག 

དུས་རབས་ ༡༨ པའི་ནང་རྒྱ་གར་ཤར་གྱི་ཀམ་པ་ཎིའི་ཌ་ཆིའི་ (Dutch) གཞུང་འབྲེལ་མི་སྣ་ (VOC) ཚོས་པ་ལེམ་བྷང་གི་བྱང་ཕྱོགས་དེ་ཁོང་ཚོའི་ལོ་རྒྱུས་ནང་ཐོ་འགོད་བྱས་ཤིང་། དེ་ནི་ཤིང་ནགས་འབེལ་པོའི་དཀྱིལ་དང་སའི་གོ་ལའི་རྐེད་ཐིག་གི་འུར་མ་ཚ་དྲོད་ཆེ་བའི་ནང་ཡིན་པ་དང་། དེ་ནི་སུ་མ་ཏྲའི་ནང་གི་རྒྱུག་ཆུ་རིང་ཤོས་ཡིན་པ་བྷ་ཏང་ཧ་རིའི་ (Batanghari) སྒོ་ཁ་ནས་སྤྱི་ལེ་ ༣༠ ཙམ་ལ་ཡོད། དེར་གནའ་རྫས་དཔྱད་རིག་གི་ས་ཆ་མཚོ་ངོགས་གཉིས་ཀ་སྟེ། མུ་ར་ ཇམ་བྷི་ (འདི་ནི་ནམ་རྒྱུན་དེང་སང་དེ་ཆགས་སའི་སྲིད་སྐྱོང་གི་སྲིད་དབང་དུས་ཡུན་གྱི་མིང་ལ་མུ་རོ་ཇམ་བྷི་ཞེས་པ་དེ་ལ་གོ་) ཨིནྜོ་ནེཤ་ཡའི་གཞུང་གིས་ས་དམིགས་ཁྱད་པར་ཅན་འདི་རྩ་འཛུགས་བྱས་པ་ལ་བརྟེན་ནས་ས་འོག་སྔོག་འདོན་དེ་ཕྱི་ལོ་ ༡༩༧༠ ལོ་ནས་འགོ་འཛུགས་བྱས་ཤིང་། ས་ཆ་འདི་ནི་ཧེཀ་ཊར་ཉིས་སྟོང་ལྷག་ཏུ་ཁྱབ་པ་དང་སོ་ཕག་དམར་པོ་གྱ་བཞིས་གྲུབ་པའི་ལྷ་ཁང་གིས་རྭ་བས་སྐོར་ཡོད། ཡུལ་མི་ཚོས་དེ་ལ་མེ་ན་པོ་ (Menapo) ཞེས་བརྗོད་ཀྱི་ཡོད། དེ་ནི་ཐབས་རྩལ་ལྡན་པའི་ཡུར་བའི་མ་ལག་གིས་མཐུད་ནས་ཡོད། ལྷ་ཁང་དེ་དག་ལས་བརྒྱད་སྔོག་འདོན་བྱས་ཡོད་པ་དང་སྐུ་འདྲའི་རིགས་འགའ་ཞིག་དང་རྒྱ་ནག་གི་རྫ་ཆས་ཐོར་བུ་མང་པོ་དང་། དེ་བཞིན་དུས་རབས་ ༩ ནས་ ༡༢ བར་གྱི་རྫ་བཟོའི་ལག་རྩལ་རྙེད་སོན་བྱུང་ཡོད། འོན་ཀྱང་། བརྐོས་ཡིག་གི་རིགས་ཡིག་ཐོག་ཏུ་བཀོད་པའི་བརྒྱུད་པ་ཧ་ཅང་ཉུང་ཤས་ཙམ་ཞིག་ལས་ད་བར་རྙེད་སོན་བྱུང་མེད་པར་ར་སྤྲོད་བྱེད་པ་སོང་ཙང་། གནའ་རྫས་རྟོག་ཞིབ་པ་ཚོས་ད་དུང་ཡང་ “གཙུག་ལག་སློབ་ཁང་ཆེན་མོ་” ཞིག་ཡོད་པའི་སྐོར་ལ་གདེང་སྤོབས་དང་བཅས་ཁག་ཐེག་ཆེན་པོས་བརྗོད་ཐུབ་ཀྱི་མེད། ཡིན་ནའང་། ཁོང་ཚོས་ཁང་པ་དེ་དག་ནི་ལྷ་ཁང་མིན་པར། དེ་དག་རེ་རེ་ལ་གསུང་སྟེགས་གཉིས་ནས་དྲུག་བར་དུ་ཡོད་པའི་སློབ་གཉེར་བྱེད་སའི་བསྟི་གནས་ཁང་ཡིན་པ་དང་། ཤིང་གི་ཀ་བས་རྒྱབ་རྟེན་བྱས་ཤོང་ཐོག་བཀབ་ཡོད་པ་སོང་ཙང་། ཉི་མ་དང་ཆར་པ་ལས་སྐྱོབ་ཀྱི་ཡོད། གྲྭ་པ་སློབ་ཕྲུག་ཚོས་སྐྱིལ་ཀྲུང་བཅས་ནས་གསུང་སྟེགས་ཉེ་འཁོར་གྱི་སོ་ཕག་རྡོ་གཅལ་སྟེང་དུ་སྡོད་སྲོལ་ཡོད།

དོན་ངོ་མར་མུ་ར་ཇམ་བྷིའི་ཁང་པ་དེའི་བཟོ་དབྱིབས་དང་བཀོད་པ་ཡོངས་སུ་རྫོགས་པ་ནི་ནཱ་ལཎ་དཱ་དང་ཧ་ཅང་འདྲ་པོ་ཡོད་དེ། གྲྭ་པ་རྣམས་འདུལ་ཁྲིམས་དང་མཐུན་པར་ཉེན་སྲུང་ཡོད་པ་དང་ལྕགས་རིས་བསྐོར་བའི་ཁང་པའི་དཀྱིལ་དུ་གནས་ཀྱི་ཡོད། དེར་བརྟེན་ཡི་ཇིང་གིས་བཤད་པའི་ཉེན་སྲུང་ལྡན་པའི་གྲོང་ཁྱེར་ནི་ཕལ་ཆེར་མུ་ར་ཇམ་བྷིར་ཡོད་པའི་ཁང་པ་ལ་གོ་ཡི་ཡོད། 

ཏིན་གྷིའི་ལྷ་ཁང་། (Tinggi Temple)
ཏིན་གྷིའི་ལྷ་ཁང་། (Tinggi Temple)

དུས་རབས་གསུམ་དང་ཕྱེད་ཙམ་གྱི་རྗེས་སུ་ལམ་ཡིག་གཞན་ཞིག་གིས་ཡི་ཇིང་གི་ལམ་ཡིག་ལ་རྒྱབ་གཉེར་བྱས་ཡོད་པ་ནི། བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་མཇལ་བའི་ཟིན་ཐོ་ཞེས་བྱ་བ་དེ་རེད། དེ་ནི་རྒྱ་གར་གྱི་ནང་པའི་བླ་མ་གྲགས་ཅན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་ཀྱིས་བོད་ཡིག་ནང་བྲིས་མཛད་པ་ཞིག་རེད། ཨ་ཏི་ཤ་ནི་ཕྱི་ལོ་༩༨༠ ལོར་ཟ་ཧོར་ (དེང་སང་བྷངླ་དེ་ཤའི་ཌཱ་ཀའི་ཉེ་འཁྲིས་སུ་ཡོད་) གྱི་ཡུལ་དུ་རྒྱལ་པོ་ཀལ་ཡཱ་ནའི་སྲས་སུ་སྐུ་འཁྲུངས་ཤིང་། མཚན་ལ་རྒྱལ་སྲས་ཟླ་བའི་སྙིང་པོའམ་ཙནྡྲ་གརྦྷ་ཞེས་གསོལ། ཁོང་དགུང་ལོ་གཞོན་ནུ་བཅུ་ཐོག་ན་གཞོན་སྐབས། རྒྱལ་གཞིས་བཞག་གནང་ནས་ཤིང་ནགས་དང་རི་བོ་བརྒྱུད་དེ་འཁྱམ་མྱུལ་མཛད་ནས་ས་ཐག་རིང་པོ་མི་མེད་ལུང་སྟོང་དང་ནཱ་ལཎ་དཱ་དང་ཨོ་ཏནྟ་པུ་རི་ལྟ་བུ་ནང་པའི་སློབ་ཆེན་ཁག་གི་ནང་བཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ནས་ཤེས་བྱ་རིག་པའི་གནས་རྣམས་འཚོལ་དུ་ཕེབས་བཞིན་ཡོད། ཁོང་དགུང་ལོ་ ༢༩ སོན་པ་དང་ནང་པའི་རབ་བྱུང་གི་སྡོམ་པ་ཐོབ་ནས་མཚན་ལ་མར་མེ་མཛད་ཡེ་ཤེས་སམ་དཱི་པཾ་ཀ་ར་ཉྫཱན་ཞེས་གསོལ་བ་རེད། དེའི་དོན་ནི་གང་གི་ཡེ་ཤེས་ཀྱི་སྒྲོན་མེ་ལྟ་བུའི་མཛད་པ་བསྐྱང་བའི་དོན་ཡིན། 

ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཕྱི་ལོ་ ༡༣༥༥ ཡས་མས་སུ་བྲིས་པ་དེའི་མགུར་ ༡༣༢ ལས།

ཨ་ཏི་ཤའི་དགེ་བའི་བཤེས་གཉེན་གལ་ཆེ་ཤོས་དེ་ནི་བླ་མ་གསེར་གླིང་པ་ཡིན་པ་དང་ཁོང་གི་མཚན་ལ་ཆོས་ཀྱི་གྲགས་པའམ་དྷརྨ་ཀཱིརྟི་ཞེས་ཀྱང་གྲགས། ཁོང་གི་སྙན་གྲགས་ནི་ཕྱོགས་ཀུན་ཏུ་ཁྱབ་ཡོད། ཨ་ཏི་ཤས་བླ་མ་གསེར་གླིང་པའི་སྙིང་རྗེ་དང་བྱང་ཆུབ་སེམས་བཅས་ཀྱི་ཆོས་རྣམས་ཀྱི་སྐོར་ལ་སྔོན་ཚུད་ནས་ཐོས་མྱོང་ཡོད་པ་དང་གསེར་གླིང་པ་ནི་ཚེ་རབས་དཔག་ཏུ་མེད་པའི་ནང་ཁོང་གི་རྩ་ཆེ་ཤོས་ཀྱི་དགེ་བའི་བཤེས་གཉེན་ཡིན་པ་ངེས་ཤེས་རྙེད་པ་བྱུང་ཡོད། ཅེས་གསུངས།

གསེར་འཚོལ་མཁན་གྱི་ཚོང་པ་སྡེ་ཁག་ཅིག་དང་སློབ་མ་ ༡༢༥ དང་བཅས་ཨ་ཏི་ཤ་གསེར་འཚོལ་དུ་མཚོ་འགྲུལ་ཕེབས། དེར་བརྟེན་ཨ་ཏི་ཤའི་རྣམ་ཐར་ལས།

རྗེ་བཙུན་བྱམས་པ་དང་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་དགེ་སློང་མར་མེ་མཛད་ཡེ་ཤེས་ཟླ་བ་དྲུག་གི་རིང་གྲུའི་ནང་འགྲུལ་བཞུད་བྱས་ཏེ། བླ་མ་གསེར་གླིང་པ་གང་ན་ཡོད་པ་དེར་ཕྱིན་པ་ཡིན། ཟླ་བ་ལྔ་ཕྱིན་པའི་རྗེས་སུ་ལྷའི་དབང་པོའི་སྲས་ཀྱིས་ངོས་རང་མུ་མཐུད་དེ་བྱང་ཆུབ་སེམས་ཀྱི་དམིགས་དོན་དུ་སྐྱོད་བཞིན་པ་དེ་ལ་འགོག་ཐབས་སུ་དྲག་དམར་ཆར་རླུང་ཕབ་པ་མ་ཟད། ཁོང་ཆུ་སྲིན་ཆེན་པོ་ཞིག་གི་གཟུགས་སུ་སྤྲུལ་ནས་ང་འགོག་ཆེད་བསླེབས་པ་དང་གློག་དམར་འཁྱུག་པ་སོགས་བྱས་སོང་། དེའི་ཚེ་ན་ངས་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གཟབ་ནན་བྱས་ཡིན། དེའི་འབྲས་བུར། དྲག་དམར་རླུང་འཚུབ་ཞི་བ་དང་གློག་དམར་ཆེན་པོ་དྲུག་པོ་གནམ་དུ་འཁར་ནས་སར་ལྷུང་མི་ཐུབ་པར་གྱུར་སོང་། འོན་ཀྱང་། ཆུ་སྲིན་དེས་ངའི་འགྲོ་ལམ་འགོག་ཐུབ་པར་བྱས་སོང་། དེ་དང་དུས་མཉམ་དུ་རླུང་འཚུབ་དྲག་པོ་ཞིག་གིས་ང་ཚོའི་གྲུ་གཟིངས་དེ་ཧ་ཅང་མི་བརྟན་པ་བཟོས་ཏེ། ཇི་ལྟར་རླུང་འཚུབ་དྲག་པོའི་ནང་གི་དར་ལྕོག་དང་འདྲ་བ་འགུལ་ཞིང་ཡོམ་ཡོམ་བྱེད་པ་དང་། བར་སྣང་དུ་ཡར་འདེགས་པ་དང་རྒྱ་མཚོའི་ནང་མར་བརྡིབ་པ་བཅས་བྱས་ཤིང་། ཟུར་བཞིའི་ནང་གི་དར་ཤིང་བཞི་པོ་བཞག་པ་དང་གཏིང་རྡོ་ཆེན་པོ་བཞི་ནི་གྲུ་གཟིངས་འདོགས་པའི་ཆེད་མར་བཙུགས་པ་རེད། ཡིན་ནའང་། དེའི་སྐབས་ཀྱི་ཁོར་ཡུག་ནི་རྦད་དེ་འཇིགས་སྣང་ཆེ་བ་ཆགས་སོང་། གྲུའི་ཟུར་བཞི་ཀ་ནས་འཇིགས་སུ་རུང་བའི་སྐད་སྒྲ་སྒྲོག་པ་དང་དེའི་རྗེས་སུ་གློག་དམར་འཁྱུག་པ་སོགས་བྱུང་། ཞེས་གསལ།

མཚོ་འགྲུལ་བརྒྱུད་ཟླ་བ་བཅུ་བཞི་ཕྱིན་པའི་རྗེས་སུ་ཨ་ཏི་ཤས་མ་ལ་ཁའི་ (Malacca) མཚོ་ཕན་ཚུན་སྦྲེལ་བའི་མཐུད་ཡུར་དེ་བརྒལ། དེ་ལྟར་ཁོང་གསེར་གླིང་ཞེས་ལེགས་སྦྱར་སྐད་དུ་སུ་ཝརྞ་དཱི་པ་ཟེར་བའི་ས་ཆ་སྐད་གྲགས་ཅན་དེར་འབྱོར། ཇཽརྗ་ཁོར་ཌི་སིས་ (George Coedès) གླིང་ཕྲན་འདི་ནི་སུ་མ་ཏྲ་ཞེས་པར་ངོས་འཛིན་བྱས་ཡོད། ལོ་རྒྱུས་སྨྲ་བ་དང་གནའ་རྫས་དཔྱད་རིག་པ་མང་པོས་རྗེས་སུ་ཧྥ་རན་སིའི་མི་རིགས་ཀྱི་བརྐོས་ཡིག་དཔྱད་རིག་པའི་ཉམས་ཞིབ་ཆེད་རྩོམ་ལ་ངེས་བརྟན་བྱེད་ཀྱི་ཡོད། དོན་ངོ་མར་སུ་མ་ཏྲའི་ནུབ་ཀྱི་ས་ཁུལ་རྣམས་ལ་དེའི་སྐབས་སུ་གསེར་ཧ་ཅང་ཕྱུག་པོ་ཡོད་པར་གྲགས། 

དེང་སང་བྷནྟ་གྷ་རི་ཆུ་བོའི་ཁར་མུའ་ར་ ས་བཀ་ (Muara Sabak) ནི་དོན་ངོ་མར་རླབས་རགས་ཙམ་ཞིག་རེད། རྒྱ་མཚོ་དེ་ཡང་ད་དུང་ཉུང་མཐའ་ཡང་ཆུ་ཚོད་གཉིས་ཀྱི་རིང་གྲུ་བཏང་ནས་འགྲོ་དགོས་པའི་རྒྱང་ཐག་རིང་པོར་ཡོད། ཡིན་ནའང་། ས་ཆ་ནི་ཆུ་བོ་ཡན་ལག་གཉིས་སུ་གྱེས་པ་འདིར་མཚམས་ཆད་ཀྱི་ཡོད། ཡན་ལག་གཉིས་ཀྱིས་མ་ལ་ཁའི་མཐུད་ཡུར་ལ་བལྟ་བའི་མཚོ་གླིང་ཞིག་ལ་བསྐོར་ནས་ཡོད་པ་དང་དེས་ཆུ་བོའི་འཛུལ་སར་སྲུང་བཞིན་ཡོད། ཆུ་ཀླུང་གི་མཚོ་གླིང་དེར་རྒྱལ་ནང་གི་སྐྱེད་མོས་ཚལ་ཞིག་ཡོད་པ་དང་དེའི་ནང་ཆུ་སྲིན་དང་མཚོ་ཁའི་ཆུ་ཤིང་ཧ་ཅང་མང་པོ་ཡོད་པ་རེད། དེ་ཡང་ཨ་ཏི་ཤའི་རྣམ་ཐར་དུ་གསལ་བ་ལྟར།

རྒྱ་མཚོ་དེ་བརྒལ་མ་ཐག་ཏུ་བདག་ (ཨ་ཏི་ཤ་) སྔོན་བོད་ཀྱི་བཙན་པོས་བཞེངས་པའི་གསེར་གྱི་མཆོད་རྟེན་ཡོད་ས་དེར་ཐད་ཀར་ཕྱིན་པ་ཡིན། དེ་ནི་བླ་མ་གསེར་གླིང་པའི་སློབ་མ་དྲུག་དེར་ཏིང་ངེ་འཛིན་བསྒོམས་པའི་གནས་ཡིན་པ་རེད། མཆོད་རྟེན་འདི་ནི་གསེར་གླིང་ཡུལ་གྱི་ནགས་ཚལ་གྱི་ནུབ་ཕྱོགས་དང་། པདྨ་དགའ་བའི་ལྷོ་ཕྱོགས། ཉེན་ཚབས་ཅན་གྱི་འདམ་རྫབ་ཀྱི་བྱང་ཕྱོགས། ཆུ་སྲིན་ཀེ་ཀེ་རུའི་ཤར་ཕྱོགས་སུ་ཆགས་ཡོད་པ་རེད། ངོས་རང་དེར་ཉིན་བཅུ་བཞི་བསྡད་ནས་བླ་མ་གསེར་གླིང་པའི་སྐུ་ཚེའི་ལོ་རྒྱུས་སྐོར་དྲི་རྩད་བྱས་ཡིན། ཞེས་གསལ།

ཁོང་གི་འགྲུལ་བཞུད་ཟིན་ཐོའི་ནང་གསལ་བའི་འགྲེལ་བརྗོད་མང་པོ་ཞིག་གིས་མུ་ར་ཇམ་བྷིའི་ནང་ཨ་ཏི་ཤ་བླ་མ་གསེར་གླིང་པ་དང་མཇལ་བ་དང་ཁོང་དང་མཉམ་དུ་སློབ་གཉེར་མཛད་པ་སྟོན་གྱི་ཡོད། དཔེར་ན། གྲྭ་པ་ཧ་ཅང་མང་པོ་དེར་གནས་སྡོད་བྱས་ཤིང་། ནང་པའི་གཞུང་ལུགས་ཕུལ་དུ་བྱུང་བ་རྣམས་དེར་གསུངས་ཡོད་པ་སྟེ།

དེ་ལྟར་བདག་ (ཨ་ཏི་ཤ་) གིས་ཐག་རིང་ནས་སེར་སྦྲེངས་བསྒྲིགས་ཏེ་དགེ་སློང་རྣམས་རང་གི་བླ་མའི་རྗེས་སུ་ཕེབས་བཞིན་ཡོད་པ་མཐོང་བ་དང་། དེ་དག་ཐམས་ཅད་ནི་ཆོས་གོས་རྣམ་གསུམ་གྱིས་ལེགས་པར་སྤུད་ཅིང་། དེ་དག་རེ་རེས་ཆུ་སྣོད་རེ་དང་འཁར་རྒྱུག་རེ་འཛིན་པ། དགེ་སློང་གི་གྲངས་ལ་ལྔ་བརྒྱ་ང་ལྔ་ཡོད་པ་དང་དེ་དག་དགྲ་བཅོམ་པ་དང་འདྲ་བ་སྙིང་རྗེའི་རང་བཞིན་དང་ལྡན་འདུག བླ་མའི་སྐུ་འཁོར་དུ་དགེ་ཚུལ་དྲུག་ཅུ་རེ་དྲུག་ཡོད་པས། ཁྱོན་བསྡོམས་ནས་རབ་ཏུ་བྱུང་བ་ལྔ་བརྒྱ་བདུན་ཅུ་རྩ་གཉིས་འདུག ངས་དེ་མཐོང་མ་ཐག་ཏུ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་བ་ལྟ་བུའི་ཚོར་སྣང་བྱུང་། དེ་ནི་ཅི་འདྲའི་ཡིད་དུ་འོང་བའི་ལྗོངས་བཀོད་ཅིག་རེད་འདུག །ཅེས་དང་།

དེ་ནས་ཁོང་བླ་མ་བཞུགས་གནས་དངུལ་གདུགས་ཀྱི་ཕོ་བྲང་དུ་ཕྱིན་ཏེ་དེར་བསྡད། དེར་བསྡད་ཟིན་པའི་རྗེས་སུ་བླ་མས་བདག་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་ཆོས་རྣམས་ངོ་སྤྲོད་བྱ་ཕྱིར། ཁོང་གི་ཆོས་དེ་ཆོས་ཚན་ལྔའི་ནང་མངོན་རྟོགས་རྒྱན་ནས་འགོ་འཛུགས་གནང་སོང་། དངུལ་གདུགས་ཀྱི་ཕོ་བྲང་དུ་བསྡད་ནས་ངས་མུ་མཐུད་དེ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་བྱས་ཡིན། བླ་མ་གསེར་གླིང་པས་ཉམས་ལེན་གྱི་རྒྱུད་རིམ་སྔ་ཕྱི་བར་གསུམ་དུ་བདག་ལ་ལམ་སྟོན་མཛད་གནང་སོང་། ཞེས་གསལ།

ཕྱི་ལོ་ ༡༠༢༥ ལོར་བླ་མ་གསེར་གླིང་པའི་རྩ་ཆེན་གྱི་ཆོས་གཉེར་དུ་གཏད་པ་ལ་བརྟེན་ནས་ཨ་ཏི་ཤས་གྲུ་ལམ་བརྒྱུད་རྒྱ་གར་དུ་ལོག་ཕེབས་ཤིང་། དེ་ནི་རྒྱ་གར་ལྷོ་ཕྱོགས་ནས་ཆཽ་ལ་རྒྱལ་གཞིས་ཀྱིས་ཤྲཱི་བི་ཇ་ཡ་ལ་འཐབ་རྒོལ་བ་བྱས་ཙམ་གྱི་གོང་ལ་རེད། ཁོང་རྒྱ་གར་དུ་ཕེབས་རྗེས་སུ་བི་ཀྲ་མ་ཤཱི་ལའི་དགོན་པར་བཞུགས། ཕྱི་ལོ་ ༡༠༤༡ ལོར་བོད་ནུབ་ཕྱོགས་མངའ་རིས་རྒྱལ་པོ་ཡེ་ཤེས་འོད་ཀྱིས་བོད་ནང་གི་ནང་པ་སངས་རྒྱས་པའི་ཆོས་དཔེར་ན། གནས་བརྟན་སྡེ་པ་དང་། ཐེག་པ་ཆེན་པོ། རྡོ་རྗེ་ཐེག་པ་དང་བཅས་པ་ཚང་མ་ཁ་སྐོང་གི་ཚུལ་དུ་བསྐྱར་གསོའི་ཆེད་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུས་པ་རེད། ཨ་ཏི་ཤ་ལོ་བཅུ་གསུམ་རིང་བོད་དུ་བཞུགས་པ་དང་མཐར་བོད་དུ་ཕྱི་ལོ་ ༡༠༥༤ ལོར་སྐུ་གཤེགས། ཁོང་གིས་གཞུང་བརྩམས་པ་སྐད་གྲགས་ཆེ་ཤོས་ནི་བྱང་ཆུབ་ལམ་གྱི་སྒྲོན་མེ་ཡིན་པ་རེད། དེ་ནི་དུས་ཕྱིས་སུ་བོད་ནང་ལམ་རིམ་གྱི་ཆོས་སྲོལ་གྱི་གཞི་རྩ་ལྟ་བུར་གྱུར་ཡོད་པ་དང་དེ་ནི་མུན་ནག་གི་མི་ཚེའི་ནང་སྒྲོན་མེ་སྤར་བ་ལྟ་བུ་རེད། གཞུང་དེའི་ནང་མདོ་ཕྱོགས་ཀྱི་ཆོས་ཚུལ་ཡོངས་སུ་རྫོགས་པའི་གནད་འགག་གཙོ་བོ་རྣམས་གོང་ནས་གོང་དུ་འཕེལ་བའི་གོ་རིམ་དང་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་རྒྱག་ཡོད། ཨ་ཏི་ཤ་ལ་དགེ་བའི་བཤེས་གཉེན་མང་པོ་ཡོད་ཀྱང་། ཁོང་གི་རྣམ་ཐར་ཡོངས་སུ་རྫོགས་པའི་ནང་། བླ་མ་གསེར་གླིང་པའི་མཚན་སྨྲོས་པ་ཙམ་གྱིས་སྤྱན་ཆབ་བསིལ་གྱི་ཡོད་ཅེས་གསལ་ཡོད། ཁོང་ལ་བཟང་པོའི་ཡོན་ཏན་གང་ཡོད་པ་ཐམས་ཅད་ནི་ཁོང་གི་བླ་མ་གསེར་གླིང་པའི་བཀའ་དྲིན་ཉག་གཅིག་ཡིན་ཞེས་གསུངས་ཡོད།

གུམ་པུང་ལྷ་ཁང་། (Gumpung Temple)
གུམ་པུང་ལྷ་ཁང་། (Gumpung Temple)

ང་ཚོས་ད་དུང་ཡང་དུས་རབས་ ༡༣ པའི་རྗེས་སུ་མུ་ར་ཇམ་བྷི་གཏིང་བརྗེད་ཕྱིན་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་བསམ་གྱི་ཡོད། མཁས་པ་འགའ་ཞིག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ཆཽ་ལའི་ཧིནྡུའི་རྒྱལ་གཞིས་ལ་འཐབ་རྒོལ་བྱེད་པ་དེས་ཁེ་བཟང་ཅན་དང་མ་ལ་ཁའི་འཐབ་ཇུས་ཀྱི་མཚོ་ཁའི་མཐུད་ཡུར་ལ་དབང་སྒྱུར་བྱེད་འདོད་ཡོད་པ་རེད་ཅེས་བཤད་ཡོད། འོན་ཀྱང་། འཐབ་རྒོལ་འདིས་ཕྱི་ལོ་ ༡༠༢༥ ལོར་བྱུང་བའི་ཤྲཱི་བི་ཇ་ཡའི་དབང་ཤུགས་མཇུག་རྫོགས་པར་བྱེད་ངེས་རེད། དེ་ལྟ་ནའང་། མུ་ར་ཇམ་བྷི་ལ་གསར་རྙེད་བྱུང་བའི་སྐུ་འདྲ་ཡིད་དབང་འཕྲོག་ཤོས་ནང་གི་གཅིག་ནི་དུས་རབས་ ༡༣ དང་ ༡༤ ནང་བྱུང་བའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡིན་པ་རེད། མཁས་པ་གཞན་དག་གིས། ཡི་ཇིང་གིས་ཟོན་ཐོ་བཀོད་པའི་མོ་ལོ་ཡེའུ་ (Mo-lo-yeu) རྒྱལ་གཞིས་ཏེ། མུ་ར་ཇམ་བྷི་ཆགས་ས་དེ་ནི་ཆཽ་ལའི་འགྲན་སྡུར་བྱེད་མཁན་ནམ་ཡར་རྒྱས་འགྲོ་སའི་མངའ་ཞབས་ཤིག་ཡིན་པ་དང་། ཆཽ་ལའི་འཐབ་རྒོལ་ལས་སྲུང་སྐྱོབ་བྱས་པ་དང་ཤྲཱི་བི་ཇ་ཡའི་ཉམས་དམས་ཀྱི་རྗེས་སུ་ཡར་རྒྱས་ཕྱིན་པ་རེད་ཅེས་བརྗོད་ཀྱི་ཡོད། ཏུར་ཀི་དང་ཨཧྥ་གྷན་གྱི་དཔུང་རྒོལ་གྱིས་རྨེག་མེད་དུ་བཅོམ་པའི་བི་ཧཱར་ནང་གི་རྒྱ་གར་གྱི་དགོན་པ་ཆེན་པོ་དེ་དག་དང་མི་འདྲ་བར། སུ་མ་ཏྲ་དང་ཨིནྜོ་ནེ་ཤ་ཡའི་གླིང་ཕྲན་ཚོམ་བུ་ཡོངས་སུ་རྫོགས་པས་ཁ་ཆེའི་བཙན་འཛུལ་འོག་སྡུག་སྦྱོང་མྱོང་དགོས་བྱུང་མེད། མུ་ར་ཇམ་བྷིའི་འཕྲོག་བཅོམ་དེ་གལ་སྲིད་བྱུང་ཡོད་པའི་དབང་དུ་བཏང་ན། དེ་ནི་ཁ་ཆེ་ལ་བརྟེན་ནས་བྱུང་བར་བརྗོད་མི་ཐུབ། ཁ་ཆེ་ནི་དེང་སང་ས་ཁུལ་དེའི་དབང་ཤུགས་ཆེ་བའི་ཆོས་ལུགས་ཡིན་པ་རེད། 

མུ་ར་ཇམ་བྷི་ཡོད་པའི་ས་ཆ་དེ་གའི་ནང་གྲོང་གསེབ་གཅིག་ཡོད་པ་དང་དེའི་ནང་བཅའ་སྡོད་བྱེད་མཁན་ཚང་མ་ཁ་ཆེ་ཡིན་པ་རེད། ཁོང་ཚོའི་ཁྱིམ་གྱི་ཁང་པ་རྣམས་ཤིང་ལས་བཟོས་པ་དང་དེ་དག་བྷ་ཏང་ཧ་རིའི་ཆུ་བོའི་འགྲམ་གྱི་དབྱུག་པའི་བརྟེན་ཐོག་ཏུ་བཞེངས་ཡོད། ཁོང་ཚོའི་ཤིང་འབྲས་ལྡུམ་རའི་ནང་ཀ་ཀའོ་ཤིང་འབྲས་ (cacao) དང་དུར་རའི་ཤིང་སྡོང་ (durian trees) བཏབ་ནས་ལྷ་ཁང་གི་ཤུལ་རྗེས་བར་དུ་ཐུག་ཡོད། གྲོང་གསེབ་པ་གཞོན་སྐྱེས་འགའ་ཞིག་གིས་སྐབས་སྐབས་སུ་གནའ་རྫས་དཔྱད་རིག་པ་ཚོའི་ལམ་སྟོན་འོག་སྔོག་འདོན་གྱི་ལས་ཀ་བྱེད་ཀྱི་ཡོད། ཁོང་ཚོས་རྡོ་རེ་རེ་དང་། ས་དམར་པོའི་ཕུང་པོ་རེ་རེ། ཁོང་ཚོའི་ཕ་མ་ཚོས་མཚན་མོ་དུར་རའི་འབྲས་བུ་ལྷུང་བར་ལྟ་ཞིབ་བྱེད་ཆེད་ཁང་ཆུང་ཡོད་སའི་ཤིང་ནགས་ཀྱི་ཤིང་སྡོང་ཡོད་ཚད་ངོ་རྟགས་ཆོད་ཐུབ་ཀྱི་ཡོད། ཁོང་ཚོས་མུ་ར་ཇམ་བྷིའི་ཤིང་ནགས་མ་གཏོགས་གཞན་སུ་མ་ཏྲའི་ས་ཆ་གང་དུའང་མི་སྐྱེ་བའི་རྒྱ་གར་གྱི་ཉེ་བའི་གླིང་ཆེན་ནང་སྐྱེ་བའི་ཡུལ་ལུང་བྱེ་བྲག་གི་ཤིང་སྡོང་འགའ་ཞིག་ཀྱང་སྟོན་ཐུབ་ཀྱི་ཡོད། དཔེར་ན། པ་པུང་ (kapung) ཡང་ན་ཀེམ་བྷང་པ་རང་ (kembang parang) བོད་སྐད་དུ་མེ་ཏོག་ཙམ་པ་ཀ་སྟེ། དེའི་ཤུན་ལྤགས་ཀྱི་ནང་སྤྱིན་ཤོག་དཀར་པོ་ལྟ་བུའི་འདབ་མ་ནི་རྒྱ་གར་དང་བོད་དུ་གསང་སྔགས་དབང་བསྐུར་བའི་སྐབས་སུ་མེ་ཏོག་གི་མཆོད་པ་འབུལ་བར་བཀོལ་སྤྱོད་བྱེད་ཀྱི་ཡོད། 

གནའ་རྫས་དཔྱད་རིག་པ་ཚོས་ལྕགས་རི་དང་ཡུར་བས་བསྐོར་བའི་ཡ་མཚན་ཅན་གྱི་ལྷ་ཁང་ ༨༤ དེ་དག་གི་གསང་བའི་གནད་དོན་ད་དུང་ཡང་གསལ་སྟོན་བྱེད་ཐུབ་མེད། དེ་དག་མང་པོ་ཞིག་ནི་ད་དུང་ཡང་ཤུལ་དུ་ལུས་པའི་ཕུང་པོར་གནས་ཡོད་པ་དང་ཤིང་འབྲས་ལྡུམ་ར་དང་གྲོང་གསེབ་པ་ཚོའི་ཀ་ཀའོ་ཤིང་འབྲས་འདེབས་ལས་ཀྱི་དཀྱིལ་དུ་ས་ཕུང་ཆགས་ཡོད་པ་རེད། བྱས་ཙང་། ཁོང་ཚོས་དེ་དག་ལ་ཡུལ་དེ་གའི་ཐ་སྙད་མེ་ན་པོ་ (menapo) ཟེར་བ་དེ་བེད་སྤྱོད་བྱེད་ཀྱི་ཡོད། མུ་ར་ཇམ་བྷིའི་སྐད་དུ་ “ན་པོ་” ཟེར་བའི་དོན་ནི་རི་དྭགས་ཤ་བ་དང་ “མེ་” ཟེར་བའི་དོན་ནི་ཆགས་ཡུལ་རེད། བྷ་ཏང་ཧ་རིའི་ཆུ་བོའི་ལོ་རེའི་ཆུ་ལོག་སྐབས། ཆུ་ལོག་དེས་རྐྱེན་པས་གྲོང་གསེབ་དེ་མི་ཊར་གཅིག་ལས་མང་བ་ཆུ་འོག་ཏུ་ཤོར་གྱི་ཡོད། མེ་ན་པོ་ནི་ས་མཐོ་སར་ཆགས་ཡོད་པས། ཤིང་ནགས་ཀྱི་རི་སྐྱེས་དུད་འགྲོ་སྲོག་ཆགས་རྣམས་ཀྱིས་ཡེ་ཤུ་གསུང་རབ་ནང་གསལ་བའི་ནོརྫའི་ཨརྐ་ (Noah’s ark) ནང་བཞིན་སྐྱབས་བཅོལ་གྱི་ཡོད། ལྷ་ཁང་ ༨༤ དེ་དག་དོན་ངོ་མར་སྔོན་གཙུག་ལག་སྡེ་ཚན་ཡིན་པ་དང་མུ་ར་ཇམ་བྷི་ནི་ཨིནྜོ་ནེ་ཤ་ཡའི་ནང་ཐེག་པ་ཆེན་པོའི་རང་འབྱུང་ཁམས་ལ་མི་གནོད་པའི་སློབ་ཆེན་ཐོག་མ་དེ་ཡིན་པར་གྲོང་གསེབ་པ་གཞོན་སྐྱེས་དེ་དག་ཡིད་ཆེས་རྙེད་པ་བྱུང་ཡོད། རྒྱ་གར་དང་རྒྱ་ནག་གི་བཞི་མདོར་འདུས་པའི་ལམ་ལ་དེའི་ས་ཁོངས་སུ་ཤིང་འབྲས་ལྡུམ་ར་དང་། དཔེ་མཛོད། སྨན་གྱི་ཚོང་ཁང་། དེ་བཞིན་སྒོམ་རྒྱག་ས་ལྟ་བུར་བེད་སྤྱོད་བྱས་པའི་ཆར་ཡུལ་ནགས་ཚལ་གྱིས་བསྐོར་ནས་ཡོད། 

“ནང་ཆོས་ཀྱི་སྙིང་པོ་ནི་རང་ལས་གཞན་གཅེས་པར་འཛིན་རྒྱུ་དེ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་” ཅེས་གྲོང་གསེབ་པ་གཞོན་སྐྱེས་ཚོས་དེ་ལྟར་བརྗོད་ཀྱི་འདུག 

དྭ་ར་པཱ་ལ། Dvarapala (པར་པ་གྷི་ལི་སི་ མེ་སོཊ། Gilles Massot)
དྭ་ར་པཱ་ལ། Dvarapala (པར་པ་གྷི་ལི་སི་ མེ་སོཊ། Gilles Massot)

ཁོང་ཚོས་སྤྱི་ཚོགས་མི་སྡེའི་བསྟི་གནས་ཁང་ཞིག་དང་ས་ར་མུ་ཇ་ (Saramuja) ཟེར་བའི་རང་འབྱུང་ཁམས་ལ་མི་གནོད་པའི་སློབ་གྲྭ་ཞིག་རྩ་འཛུགས་བྱས་ཡོད། དེ་ནི་བརྗེད་ཟིན་པའི་ས་ཆ་འདིའི་གནའ་བོའི་ལོ་རྒྱུས་ཁོ་རང་ཚོའི་ལུགས་ལྟར་སྔོག་འདོན་ཆེད་དུ་ཡིན་པ་རེད། དེ་ཡང་ཡུལ་དེའི་རིག་གཞུང་གྲོང་གསེབ་ཀྱི་ཕྲུ་གུ་ཚོར་ཁྱབ་སྤེལ་གཏོང་བ་དང་ཁོར་ཡུག་ལ་གུས་ཞབས་ཀྱི་འདུ་ཤེས་ཆེད་དུ་ཡིན་པ་རེད། ཉེ་བའི་ཆར་ཁོང་ཚོས་རང་ངོས་ནས་ཤུགས་བརྒྱབས་ཏེ་སྤྱི་ཚོགས་མི་སྡེ་ཆེ་བ་ཞིག་གོ་སྒྲིག་ཞུས་ཡོད་པ་དེ་ལ་པདྨཱསན་ཐེབས་རྩ་ཞེས་ཟེར། དེ་ལས་ཁོང་ཚོའི་ཉམས་ཞིབ་ཁག་ཆེད་ལས་ཀྱི་ངོ་བོར་སྒྱུར་རྒྱུ་དང་སྔར་ལས་རྒྱ་ཆེ་བ་མཉམ་སྤྱོད་ཁྱབ་སྤེལ་ཆེད་དུ་ཡིན་པ་རེད། ཁོང་ཚོའི་རྟགས་མཚན་དྭ་ར་པཱ་ལ་ (Dvarapala) ཞེས་བྱ་བ་ཧིནྡུ་དང་ནང་པའི་ལྷ་ཁང་གི་སྒོ་སྲུང་བ་ཡིན་པ་དང་དེ་ནི་སྲོལ་རྒྱུན་ལྟར་དྲག་པོའི་འཇིགས་སུ་རུང་བའི་རྣམ་པར་བཀོད་ཡོད། འོན་ཀྱང་། མུ་ར་ཇམ་བྷིའི་ལྷ་ཁང་ཞིག་གི་ནང་དྭ་ར་པཱ་ལའི་སྐུ་འདྲ་དེ་གསར་རྙེད་བྱུང་ཞིང་། དེ་ནི་ཕུབ་ཆུང་ངུ་དང་ལྕགས་ཀྱི་བེ་ཅོན་ཆག་གྲུམ་གྱིས་ཡང་དག་པར་སྤྲས་ཡོད་པ་དང་། འཛུམ་བག་ལྡན་པ། རྣ་བར་མེ་ཏོག་གྱོན་པ་ཞིག་ཡོད།།

Top