སུ་ཧྥི་ཆོས་ལུགས་གང་རེད་དམ།

སུ་ཧྥི་ཆོས་ལུགས་སྐོར་ལ་མང་པོ་ཞིག་བྲིས་ཡོད། སྟབས་མི་ལེགས་པ་ཞིག་ལ་མགོ་རྙོག་དང་ཐེ་ཚོམ་གྱིས་ཁེངས་ཏེ། དེ་སྔ་སུ་ཧྥཱི་ཆོས་ལུགས་ཀྱི་ཆོས་དང་ཉམས་ལེན་ངོ་མར་རྒྱུས་མངའ་ཡོད་མཁན་ཚོར་འགྲེལ་བརྗོད་བྱ་རྒྱུ་ཁག་པོ་ཆགས་འདུག །གཏམ་བཤད་ཐུང་ངུ་འདི་ཡང་གོ་ནོར་ཐེབས་པ་འགའ་བསལ་ནས་དེ་དག་ལ་གསལ་བཤད་ཆེད་དུ་དམིགས་ཡོད་པ་མ་ཟད་ཡོངས་གྲགས་སུ་བེད་སྤྱོད་བྱེད་པའི་ཐ་སྙད་འགར་གསལ་བཤད་བྱ་རྒྱུའི་ཆེད་དུ་ཡིན། གོ་བདེར་བཟོས་པའི་ངོ་སྤྲོད་ཚང་མའི་ནང་ལྟར། གཏམ་བཤད་འདིའི་བརྗོད་བྱའང་སུ་ཧྥཱི་ཆོས་ལུགས་ཀྱི་འགྲེལ་བ་ཆ་ཚང་བ་ཞིག་མིན། འདིར་ངོ་སྤྲོད་ཞུས་པའི་ཐ་སྙད་ཁག་པར་ཤི་ཡའི་ (Persian) ཁ་སྐད་དང་ཡིག་སྐད་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་ནའང་སུ་ཧྥཱི་ཆོས་ལུགས་གཅིག་པུར་ཁྱབ་པ་ཞིག་མ་ཡིན།

སུ་ཧྥཱི་ཆོས་ལུགས་ཀྱི་ལྟ་ཚུལ།

སུ་ཧྥཱི་ཆོས་ལུགས་ཞེས་པའི་ཐ་སྙད་འདི་ཨེར་ཧྥ་འན་ (erfan) ཞེས་ཤེས་པ་ལ་ (cognition) གོ་བ་དང་བསྟུན་ནས་ནུབ་ཕྱོགས་པའི་སྐད་ཡིག་ནང་བེད་སྤྱོད་བྱས་ཡོད། ཨིར་ཧྥ་འན་ (irfan) ཞེས་སྒྲ་འདོན་པའང་ཡོད། པར་ཤི་ཡའི་ཐ་སྙད་དེ་ཨ་རབ་ (Arabic) ཀྱི་བྱིངས་ཨེ་ཨཱར་ཨེཧྥ་ (ARF) ཞེས་པ་ལས་བྱུང་ཞིང་། པར་ཤི་ཡའི་སྐད་ཡིག་ནང་རང་ལུགས་སུ་བསྟེན་པ་དང་། ད་དུང་དེའི་རྩ་བའི་བྱིངས་མའ་རེ་ཧྥཏ་ (ma’refat) ཞེས་སྤྱིའི་ཆ་ནས་རིག་པ་སྟེ། གོ་རྟོགས་དཔྱིས་ཕྱིན་པའི་ཤེས་རྒྱ་དང་ཤེས་པ་དང་བྱང་ཆུབ་བཅས་ལ་གོ་བ་ཡིན། བརྗོད་པ་ཕྱི་མ་འདི་མཐར་ཐུག་གི་འབྲས་བུ་ལ་གོ་ཞིང་ཆོས་ལུགས་དེ་ལས་བསྟན་པའི་ལམ་ཏ་རིཀ་ (tariq) ཉམས་སུ་བླངས་ནས་བྱང་ཆུབ་དོན་གཉེར་ཅན་སཱ་ལེཀ་ (sâlek) ཚོའི་བསྒྲུབ་བྱ་ཞིག་ཡིན། དེ་ལྟའི་ཆོས་ཕྱོགས་ཀྱི་ལམ་ནི་བསྒྲུབ་བྱ་དེ་སྒྲུབ་པའི་ཆེད་དུ་དབང་དང་ཉམས་ལེན་བརྒྱུད་ནས་སྒེར་སོ་སོའི་ཚུལ་ཁྲིམས་སྦྱོང་བའི་ཐབས་ཤིག་ཏུ་བཀྲལ་ན་ཆོག

དབང་ (initiation) ཞེས་པའི་ཐ་སྙད་ཀྱིས་དངོས་སུ་ཉམས་ལེན་དང་ལམ་ལ་འཇུག་པའི་དོན་བསྟན་པ་ལྟར། སུ་ཧྥི་ཆོས་ལུགས་ནང་གཞུང་དང་བློ་འཛིན་བྱས་པའི་ཤེས་བྱ་བེད་སྤྱོད་བྱེད་སྲོལ་མེད་པར། སེམས་དོན་གྱི་ལམ་དང་མཉམ་དུ་སྒེར་གྱི་ཉམས་མྱོང་ཐོག་ནས་འབྲས་བུ་མངོན་དུ་བྱེད་དགོས། དེ་ཡང་སྐྱོར་འདོན་ (zekr) དང་རྩེ་གཅིག་པའི་སྒོམ་དང་ཏིང་ངེ་འཛིན་ (tamarkoz) ལ་བརྟེན་ནས་དོན་གཉེར་གྱི་འདུན་པ་ཤུགས་དྲག་ (talab) དང་ཞེ་འདོད་ཡོད་པའི་ཐོག་ནས་སྒྲུབ་དགོས། སཱ་ལེཀ་ (salek) ཞེས་པ་སིརཨོ་སོ་ལུཀ་ (seyr-o soluk) ནང་ཞུགས་པ་དང་སྦྲགས། ཨེར་ཧྥ་འན་ (erfan) ཞེས་པའི་དབང་ནི་གཙོ་བོ་སྒེར་ཆོས་ཡིན། (སིར་ཨོ་སོ་ལུཀ་ཞེས་པའི་ཚིག་དོན་ལྟར་ན། བསམ་སྒོམ་དང་འགྱུར་ལྡོག་གི་རིམ་པ་དང་བསྟུན་ནས་སྐོར་བ་དང་འཚོལ་བའི་དོན་ལ་འཇུག) འོན་ཀྱང་དོན་གཉེར་ཅན་རྣམས་སྐབས་དེའི་སློབ་དཔོན་ (Pir) ཞེས་ (ཚིག་དོན་དུ། རྙིང་པ་ཞེས་ཤེས་རབ་ཀྱི་མཚོན་དོན་ཡིན། ཐ་སྙད་དེ་ཆོས་ཕྱོགས་ཀྱི་སློབ་དཔོན་དང་། སློབ་སྟོན་པའམ་དགེ་རྒན་བཅས་ཀྱི་མིང་གི་རྣམ་གྲངས་སུ་བེད་སྤྱོད་བྱས།) ཞིག་གིས་སེམས་དོན་གྱི་ལམ་དུ་སློབ་སྟོན་གནང་གི་ཡོད། སློབ་དཔོན་དེ་དག་གིས་སློབ་དཔོན་གཞན་ཞིག་བསྟེན་ནས་སོ་སོའི་ཉམས་མྱོང་གི་ཐོག་ནས་བརྒྱུད་པ་ཟམ་མ་ཆད་པར་དོན་གཉེར་ཅན་ཚོར་མི་རབས་ནས་མི་རབས་སུ་ལོ་རྒྱུས་ཁྲོད་རྒྱུན་འཛིན་བྱས་ཏེ། ཤེས་བྱའམ་བདེན་དོན་བརྒྱུད་སྤྲོད་གནང་སྲོལ་ཡོད།

སུ་ཧྥིའི་དབང་དང་སེམས་དོན་གྱི་ལམ།

ཆོས་བཤད་ཀྱི་ཐབས་ལམ་ནི་དབང་ (amali) དང་། སྒྲ་བཤད་དུ་ལས་ཀྱི་ཐོག་ནས་ཞེས་པ་ཡིན། དེ་ཡང་དངོས་སུ་ཉམས་ལེན་དང་ལམ་ལ་འཇུག་པའི་ཐོག་ནས་དོན་གཉེར་ཅན་ཚོར་ཐད་ཀར་ཉམས་ལེན་ཐོག་ནས་ནུས་སྟོབས་སྤེལ་གྱི་ཡོད། ཆོས་བཤད་ཀྱི་མཐུན་རྐྱེན་ནི་སུ་ཧྥི་ཆོས་ལུགས་ཀྱི་རྩ་བའི་རྩ་འཛིན་ནམ་རྣམ་གཞག་ཐོག་ལ་གཞི་རྩ་བཟུང་ཡོད་ཅིང་། རྩ་འཛིན་དེ་འདས་པའི་དུས་རབས་མང་པོའི་རིང་མིའི་ཉམས་མྱོང་གི་ཐོག་ནས་ཐར་པའམ་མཐར་ཐུག་གི་གོ་འཕང་མ་རེ་ཧྥཏ་ ma’refat ཐོབ་པའི་ཆེད་དུ་གཏན་ལ་ཕབ་པ་ཞིག་ཡིན། དེ་ནི་ཡང་དག་པའི་ཤེས་བྱའི་རིག་པ་ཡིན། བསམ་སྒོམ་དང་འགྱུར་ལྡོག་ནི་བདག་ངོ་མ་དེ་ཤེས་པའི་ཐོག་ནས་མཐར་ཐམས་ཅད་ཚུད་པ་དང་། ཐམས་ཅད་མཁྱེན་པ། དོན་དམ་པའི་ཤེས་བྱ་དང་ཡང་དག་པའི་ཁྱད་ཆོས་སམ་དཀོན་མཆོག་དང་གཉིས་སུ་མེད་པར་གྱུར་ནས་མཇུག་བསྡུ་གི་ཡོད། དོན་དམ་པའི་ཤེས་བྱ་ཟེར་བ་ནི་འཇིག་རྟེན་གྱི་ཆོས་རྟོགས་པ་ལ་ཟེར། དེའི་ནང་མཐར་ཐུག་པའི་གནས་ཀྱི་སྙིང་པོ་དང་འབྲེལ་བའི་ཐུན་མོང་གི་སྐད་ཡིག་དང་བདེན་དོན་གཏོགས་ཡོད། མཐར་ཐུག་པའི་གནས་དཔེར་ན། སྲིད་པ། (hasti) དང་། རྟག་ཏུ་ཡང་དག་པར་གནས་པ། (the pure ever-living existence) སྲིད་པའི་བདེན་པའམ་དངོས་ཡོད་གནས་ཚུལ། (al haq) ཨལ་ལཱ་ (God) རྩ་ཆེན་ཁ་ཆེའི་གསུང་རབ་ཁུ་རཱན་གྱི་ལེའུ་ ༢ ཤོག་གྲངས་ ༢༥༥ ནང་ཨལ་ལཱ་ནི་གཞན་གང་ཡང་མིན་པར་གཏན་དུ་གནས་པའི་སྟོབས་ཐམས་ཅད་དང་ལྡན་པ་ཁོང་ཡིན་ཞེས་གསུངས། དེ་ཡང་། ཨལ་ལཱ་-ཨོ་ལཱ་-ཨེ་ལ་ཧཱ་-ཨེལ་ལཱ་-ཧུ་-ཨལ་-ཧེ་-ཨོལ་-ཁ་ཡུམ། (allâh-o la elâha ellâ hu al hay ol qayum)

སུ་ཧྥི་ཆོས་ནི་འགྲོ་བ་མིའི་ལོ་རྒྱུས་ཁྲོད་ཀྱི་ཆོས་ལུགས་དང་སེམས་དོན་གྱི་ལམ་ཡོངས་སུ་རྫོགས་པའི་གདམས་པ་དང་འདྲ་ཆོས་བཅས་ཀྱི་རྨང་གཞི་བྱས་ཡོད། དེའི་གཞུང་འབྲེལ་གྱི་ཆོས་ལུགས་ནི་ཁ་ཆེའི་ཆོས་ལུགས་འོག་དུས་རབས་བདུན་པ་དང་མི་ལོ་ ༡༤༠༠ སྔོན་དུ་འགོ་ཚུགས། འོན་ཀྱང་དེའི་གཞི་རྩའི་རྣམ་གཞག་རྣམས་ལོ་ངོ་དེ་དག་དང་ཁ་ཆེའི་ཆོས་ལུགས་ཀྱི་སྔོན་ནས་འཛམ་གླིང་ནང་གི་ཆོས་ལུགས་དབར་མཉམ་སྤྱོད་བྱས་ཡོད། རྣམ་གཞག་གམ་རྩ་འཛིན་དེ་དག་མཉམ་སྤྱོད་དང་། བླ་ན་མེད་པའི་འགྲོ་བ་མིའི་རིན་ཐང་། ཡང་དག་པར་ནང་སེམས་སུ་གནས་པའི་དོན། སུ་ཧྥི་ཆོས་ལུགས་ཀྱི་ཁྱད་དུ་འཕགས་པའི་ཡོན་ཏན་བཅས་གཏོགས་པའི་ཆ་ནས་ཆོས་ལུགས་དེའི་རྗེས་འབྲང་པ་རྣམས་ཀྱིས་དེ་ལ་ “དངོས་ཡོད་དང་མཐུན་པའི་ཆོས་ལུགས་” ཞེས་འབོད་ཀྱི་ཡོད། དེས་བས་ན། སུ་ཧྥི་ཆོས་ལུགས་ཀྱི་རྩ་བའི་རྣམ་གཞག་གི་ནང་མོའོ་སེ་སི་ (Moses) དང་། སངས་རྒྱས། མོ་ཧམྨདྷ་ (Mohammad) ཐེ་བའི་སྟོན་པ་ཚང་མའི་ཆོས་རྣམས་ངོས་ལེན་བྱེད་པ་དང་། གུས་བཀུར་ཞུ་བ། དེ་བཞིན་རྗེས་སུ་འབྲངས་ཡོད།

བྱང་ཆུབ་བམ་ཐར་པའི་ཕྱོགས་སུ་བསྐྱོད་པའི་ལམ་གྱི་གོམ་པ་དང་པོ་དེ་ནི་བདག་ངོ་ཤེས་པ་བྱ་རྒྱུ་དེ་ཡིན། ཁ་ཆེའི་སྟོན་པས། “སུས་དོན་དམ་པའི་བདག་མཐོང་བ་དེས་དཀོན་མཆོག་མཐོང་།” (man arafa nafsohu faqad arafa rabbohu) ཞེས་གསུངས་ཡོད། དོན་དམ་པའི་བདག་ཅེས་པ་ནི་རང་གཅེས་འཛིན་གྱིས་རྐྱེན་པས་སྡུག་བསྔལ་གྱི་ན་ཟུག་མེད་པའི་ཡང་དག་པའི་གནས་རྟོགས་པའི་རྟོགས་པ་དོན་དུ་གཉེར་མཁན་དང་མི་ལས་འདས་པ་ཞིག་ཡིན། དེ་ཡང་རྩེ་གཅིག་པའི་སེམས་དང་ནང་གི་རྟོགས་པ་ངོ་མ་ལ་བརྟེན་ནས་མཐའ་གཅིག་ཏུ་བཀའ་རྩི་དང་ལེན་ཐོག་བློ་གཏད་བཅོལ་ནས་འཐོབ་ཐུབ། ཁ་ཆེའི་སྟོན་པས། “ཁྱོད་ནི་ཁྱོད་ཀྱི་སེམས་གང་ཡིན་པ་དེའོ། །” (aleyka be qalbeka) ཞེས་གསུངས། སེམས་རྩེ་གཅིག་ཏུ་ཡོད་པ་ཞེས་པ་ནི་རིག་པའི་གནས་ཁྱད་པར་བ་ཞིག་ཏུ་བསླེབ་པར་ནང་སེམས་ཀྱི་རྟོགས་པ་དེར་རྩེ་གཅིག་ཏུ་སྒྲིམ་པ་དང་དོ་ནན་བྱེད་པར་ཟེར། གཞན་ཡང་དཀོན་མཆོག་མ་གཏོགས་གཞན་སུ་ཡང་མེད་ (la elaha ellallah) ཅེས་པའི་བརྗོད་པ་འདི་འགྲེལ་བཤད་བྱས་པ་བཞིན་དཀོན་མཆོག་དང་གཅིག་ཏུ་འགྱུར་བ་དང་། མི་དང་ལྷ་གཉིས་ཐ་དད་མེད་པའི་གནས་ཤིག་ཏུ་སྐྱེ་བའི་སླད་དུ་རིག་པ་སྒྲིམ་དགོས། མིའི་ཁྱད་ཆོས་སུ་ཡོད་པའི་གེགས་བར་རྩ་མེད་བཟོ་བའི་རིམ་པ་དང་ལྷའི་ཡོན་ཏན་གྱི་བསིལ་ཟེར་ལ་བཀའ་བརྩི་དང་དུ་ལེན་པའི་རིམ་པ་འདིས་དཀོན་མཆོག་དང་ཐ་དད་དུ་མེད་པའི་གནས་སུ་འཁྲིད་པར་བྱེད། དཔེར་ན། ཆུའི་ཐིགས་པ་མཐར་རྒྱ་མཚོའི་ཆ་ཤས་སུ་འགྱུར་བ་བཞིན་ནོ།།

བྱང་ཆུབ་བམ་ཐར་པ་འཐོབ་པའི་ཆེད་དུ་སུ་ཧྥིའི་ལམ་ནི་རིང་པོ་དང་སྒྲུབ་དཀའ་བ་ཞིག་ཡིན། ལམ་ལ་འགྲིམ་མཁན་དང་ཆོས་ལ་དོན་གཉེར་ཅན་ཚོས་འཇིག་རྟེན་གྱི་རིན་ཐང་ལས་ངེས་པར་འབྱུང་རྒྱུར་བློ་རྩེ་གཅིག་ལྟོས་ཀྱི་འཇུག་དགོས་པ་དང་། ལྷའི་ཡོན་ཏན་རྟོགས་པའི་ནང་ཞི་བདེ་དང་འཆམ་མཐུན་ངང་གནས་རྒྱུར་རང་གཅེས་འཛིན་དང་ང་རྒྱལ་གྱི་བློ་མེད་པ་བཟོ་དགོས། དོན་གཉེར་ཅན་ཚོས་ཁ་གཏད་གཅོག་དགོས་པ་ཞིག་ནི་རང་ཤེད་དང་མི་བདེ་བའི་ངན་ཕྱོགས་ཤུགས་ཆེན་འོག་ཡོད་པའི་ཁོར་ཡུག་ཅིག་གི་ནང་རང་གི་ཉམས་ལེན་མུ་མཐུད་བྱ་རྒྱུ་དེ་རེད། དོན་གཉེར་ཅན་ཚོའི་ལས་ཀ་ནི་འཇུག་མི་ཉན་པའི་བྱ་བའམ་བྱ་བ་དེའི་ཡ་ལན་དང་མགོ་སྐོར་བསླུ་བྲིད་ཀྱི་རིགས་ཤེས་དགོས་པ་དང་། རང་གཞན་གཉིས་ཀྱི་བཅད་མཚམས་ངོས་འཛིན། རང་གཅེས་འཛིན་གྱི་བློ་ལ་ལེགས་བཅོས་བྱེད་པ་དང་ཆབས་ཅིག་གཞན་ལ་སེམས་པ་བཟང་པོས་ཞབས་འདེགས་སྒྲུབ་རྒྱུ། རང་གཅེས་འཛིན་ནི་དཔེར་ན། ཕྲག་དོག་དང་། འདོད་རྔམ། ཁོང་ཁྲོ། ང་རྒྱལ། རང་མཐོང་གི་མངོན་པའི་ང་རྒྱལ་སོགས་མི་དགེ་བ་དེ་དག་གི་རྩ་བ་ཡིན། གཞན་ཡང་དོན་གཉེར་ཅན་ཚོས་རང་གིས་རང་ཤེས་རྟོགས་དང་། རང་གིས་རང་ལ་ལེགས་བཅོས་དང་ཡར་རྒྱས། དེ་བཞིན་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུ་དང་མཐར་འགྲོ་བ་མི་ཡོངས་ལ་ཞབས་འདེགས་སྒྲུབ་རྒྱུའི་རང་གི་འཇོན་ཐང་ངམ་རང་རྒྱུད་ལ་ཡོད་པའི་ནུས་པ་དེ་གསར་དུ་རྙེད་དགོས། དེས་ན་སུ་ཧྥི་རྣམས་དག་པ་ལྷའི་ཡོན་ཏན་རྣམས་རང་རྒྱུད་ལ་ཞི་མཐུན་ངང་སྐྱེ་བའི་ལམ་དུ་ཞུགས་པ་ཡིན། ཡོན་ཏན་གཞན་ཡང་རང་ཤེད་མེད་པའི་བརྩེ་བ། དད་སེམས། སྦྱིན་པ། སྙིང་རྗེ། བཟོད་པ་དང་གུ་ཡངས་དེ་བཞིན་གཞན་ལ་ཕན་འདོགས་པའང་ཡོད།

སེམས་དོན་ལམ་གྱི་རིམ་པ།

གོང་དུ་བཤད་པ་ལྟར། སུ་ཧྥིའི་ལམ་ནི་རིང་བ་དང་ཁག་པོ་ཞིག་ཡིན། དམིགས་ཡུལ་དང་དགོས་པའམ་ཧ་དཧྥ་ (hadaf) ནི་བྱང་ཆུབ་འཐོབ་རྒྱུ་ཙམ་མིན་པར། དཀོན་མཆོག་གིས་གང་གསུངས་པ་རྣམས་ཉམས་ལེན་བྱ་རྒྱུ་དེ་ཡིན། ཉམས་ལེན་ནི་འཇིག་རྟེན་དང་འབྲེལ་བའི་དངོས་པོར་ཞེན་ཆགས་མེད་པར་བྱ་རྒྱུ་དང་། རང་གཅེས་འཛིན་དང་ང་རྒྱལ་སྤོང་རྒྱུ། ལྷའི་ཡོན་ཏན་ཞེས་བྱ་བ་དཀོན་མཆོག་གི་གནས་སུ་ཞི་བདེའི་ནང་གནས་ཐབས་བྱ་རྒྱུ་སོགས་ཡིན། དོན་གཉེར་ཅན་ཚོས་ཝཱ་དི་ (vadi) ཞེས་པའི་ཕན་ཚུན་འབྲེལ་བའི་ལམ་དེ་བརྒྱུད་དགོས། སྐབས་འདིར་དེ་དག་གི་མིང་སྨྲོས་ཙམ་བྱས་ཡོད། དེ་དག་རེ་རེར་འགྲེལ་བཤད་མི་འདྲ་བ་ཡོང་ཆོག་པ་ཡིན།

  • ཝཱ་དི་-ཡེ་-ཏ་ལབ་ (vâdi-ye talab) ཞེས་པ་ནི་དོན་གཉེར་དང་འདུན་སེམས་ཀྱི་རིམ་པ་སྟེ། ནང་གི་ཞི་བདེ་འཐོབ་རྒྱུའི་འདུན་པ་ཤུགས་དྲག་ཡོད་པ། ཏ་ལབ་ཅེས་པ་འདུན་པའི་བརྩོན་འགྲུས་ཏེ། སྒོམ་དང་ཏིང་ངེ་འཛིན། ཉམས་ལེན་བཅས་ལ་དགོས་གལ་ཆེ་བའི་ཚུལ་ཁྲིམས་གནས་པའི་རྨང་གཞི་དེ་ཡིན།
  • ཝ་དི་-ཡེ་-ཨེ་ཤཀ་་ (vâdi-ye eshq) ཞེས་པ་ནི་བརྩེ་བའི་རིམ་པ་སྟེ། དད་སེམས་དང་འདུན་སེམས་ནི་བླ་ན་མེད་པའི་མཁྱེན་པ་དང་དཀོན་མཆོག་དང་གཅིག་ཏུ་འགྱུར་ཐབས་ཡིན།
  • ཝཱ་དི་-ཡེ་-ཨི་སེ་ཏེ་ནཱ་ (vâdi-ye esteqnâ) ཞེས་པ་ནི་ཚུལ་ལྡན་ནང་གི་ཚིམས་པའི་རིམ་པ་སྟེ། ཕྱི་དངོས་པོར་མི་ཆགས་དང་རང་དབང་ཐོབ་ཅིང་། ལྷའི་ཡོན་ཏན་རྣམས་ལ་ཡིད་ཆེས་དང་ཡིད་རྟོན་གྱི་གནས་བབས་ཤིག་ཡིན།
  • ཝཱ་དི་-ཡེ་-ཏཇ་རིད་ (vâdi-ye tajrid) ཞེས་པ་ནི་འཇིག་རྟེན་དངོས་པོར་ཆགས་ཞེན་ཡོངས་སུ་བྲལ་བར་ཟེར། དེ་ཡང་འཁོར་བའི་ཆོས་ལ་མི་ཆགས་ཤིང་གུན་གསབ་གྱི་རེ་བ། སེམས་དོན་གྱི་ཆེས་མཐོ་བའི་གནས་ལ་དད་སེམས་ཡོད་པའི་ནང་ཡོངས་སུ་བརྩོན་པ་ཡིན།
  • ཝཱ་དི་-ཡེ་-ཧྥ་ཁར་ (vadi-ye faqr) ཞེས་པ་ནི་རྒྱུ་ནོར་གྱིས་སྟོང་པ་སྟེ། ཚུལ་ལྡན་བག་ཡོད་དང་། ཆོག་ཤེས། ངོས་ལེན་བཅས་ཀྱི་གནས་བབས་དེ་ཡིན།
  • ཝཱ་དི་-ཡེ་-ཧྥ་ནཱ་ (vâdi-ye fanâ) ཞེས་པ་ནི་རྩད་ནས་སྤོང་བ་སྟེ། དཀོན་མཆོག་དང་གཅིག་ཏུ་འགྱུར་སླད་རང་གཅེས་འཛིན་གྱི་ང་རྒྱལ་རྩད་ནས་སྤོང་བ་དེ་ཡིན།
  • ཝཱ་དི་-ཡེ་-ཏཽ་ཧིད་ (vâdi-ye towhid) ཞེས་པ་ནི་གཅིག་པའམ་མཉམ་པ་སྟེ། དཀོན་མཆོག་གི་ཡོན་ཏན་དང་ཟུང་དུ་འཇུག་པའི་གཉིས་མེད་གཅིག་ཏུ་འགྱུར་བ་དེ་ཡིན།

སུ་ཧྥི་ཆོས་ལུགས་ནང་གི་གསང་བའི་སྒྲུབ་ཆོས།

སུ་ཧྥི་ཆོས་ལུགས་ནང་། དཀོན་མཆོག་གམ་བདེན་པ་ཡང་ན་ཧཀ་ (haq) ལ་གོང་འབུལ་ཞུ་བའི་སྐབས། སུ་ཧྥི་ཆོས་པ་ཚོས་ལྷའི་ཡོན་ཏན་ནམ་ཁྱད་ཆོས་ལ་བརྩི་གི་ཡོད། བདེན་དོན་ཅེས་པའི་ཁ་ཆེའི་ཆོས་ལུགས་ནང་དཀོན་མཆོག་གི་མིང་གཞན་ཞིག་ཡིན། སུ་ཧྥིའི་ལྟ་ཚུལ་འདི་དག་དང་འགྲེལ་བ་གཞན་རྣམས་ཧཽ་ཧིད་ (towhid) སྟེ། ཐ་དད་མེད་པའི་འདོད་ཚུལ་དང་། ཧསྟི་ (hasti) སྟེ་ཡང་དག་པའི་གནས་སུ་དང་། སྒོམ། དེ་མིན་ཉམས་ལེན་དང་ལྟ་ཚུལ་དང་འབྲེལ་ཡོད། དེ་དག་ནི་གསལ་ཁ་མེད་པར་ལོ་རྒྱུས་ཁྲོད་རྩོམ་ཡིག་མང་ཆེ་བའི་ནང་ཉར་ཚགས་བྱས་ཡོད། དེ་དག་ནི་སེང་ཡོལ་རིམ་པ་ཅན་གྱི་ནང་བཏུམས་ནས་ཉར་ཡོད། དེ་ཡང་སྒེར་གྱི་སྒོམ་གྱི་མྱོང་བ་ལས་རྟོགས་པ་དང་ཉམས་ལེན་ནང་ཚུལ་བཞིན་དུ་འཇུག་མཁན་ཚོས་ཤེས་རྟོགས་བྱུང་བ་མ་གཏོགས་ཤེས་འདོད་ཆེན་པོ་ཡོད་པ་ཙམ་གྱིས་མ་ཡིན།

དབང་ཤུགས་ཆེ་བའི་ཁ་ཆེའི་སྟོབས་ཤུགས་ཀྱིས་སུ་ཧྥི་སློབ་དཔོན་རྣམས་ལ་སྐབས་དེར་སྤྱོད་ཚུལ་འཛིན་ཕྱོགས་ནི་སྦས་དོན་གྱི་རིམ་པ་དེའི་དགོས་གལ་ཡང་འགྲེལ་བརྗོད་ཐུབ། དཔེར་ན། པར་ཤི་ཡའི་སྙན་གྲགས་ཅན་གྱི་སུ་ཧྥི་སློབ་དཔོན་མན་སུར་ཧ་ལ་ཇི་ (Mansur Hallaj 859-922) ལགས་ཀྱིས། “ང་བདེན་པ་ཡིན་ཞེས་པའམ་དཀོན་མཆོག་ངའི་རྒྱུད་ལ་ཡོད།” ཅེས་སྐུར་འདེབས་བྱས་པ་རེད་ཟེར་ནས་སྐྱོན་འཛུགས་བྱས་ཏེ་རྙིང་ཞེན་ཅན་གྱི་ཁ་ཆེ་བ་ཚོས་བཀྲོངས་པ་རེད།

སྒེར་གྱི་སྦྱོང་བརྡར་དང་། སྐབས་རེ་འགལ་འདུ་ཅན་གྱི་ལམ་ནས་སློབ་གཉེར་སྣ་ཚོགས་བྱེད་པ་དང་འབྲེལ་བའི་སྦས་དོན་གྱི་རིམ་པའི་སྲུང་སྐྱོབ་དང་དབང་གི་ཉམས་ལེན་དེ་ནི་ནུབ་ཕྱོགས་ཀྱི་མཁས་པ་ཚོས་སུ་ཧྥི་ཆོས་ལུགས་དེ་ཁ་ཆེའི་ཆོས་ལུགས་ནང་གི་གསང་བའི་སྒྲུབ་ཆོས་ཤིག་ཡིན་ཟེར་བའི་རྒྱུ་མཚན་ཡིན་ཤས་ཆེ། གསང་བའི་སྒྲུབ་ཆོས་ཞེས་པའི་ཐ་སྙད་འདི་གྷི་རིག་གི་ཐ་སྙད་མེ་སེ་ཊི་ཀོ་སི་ (mystikos) ཞེས་པ་ལས་བྱུང་ཞིང་། དེའི་དོན་ནི་མིག་བཙུམས་ནས་ལྟ་བར་གོ་བའམ། ཡང་ན་མིག་གི་ནང་ནས་ལྟ་བ་ཞེས་པའི་དོན་ཡིན། དེ་ཡང་ནང་གི་ཤེས་པ་དང་འབྲེལ་བ་བྱེད་པ་དང་སྒོ་བསྟུན་ནས་བརྗོད་ཀྱི་ཡོད།

དེ་རིང་སུ་ཧྥི་ཆོས་ལུགས་ཀྱིས་རང་ཉིད་ལ་ལྟ་ཚུལ་ཏག་ཏག་གང་འདྲ་ཡིན་མིན་དེ་ཆོས་ལུགས་ཀུན་གྱི་སྙིང་པོ་རེད། སྟོན་པ་དང་ཆོས་ལུགས་ཚང་མས་བསྟན་པའི་ཐུན་མོང་གི་རིན་ཐང་དང་རྩ་བའི་རྣམ་གཞག་ཐོག་གཞི་བཅོལ་ཏེ། སུ་ཧྥི་ཆོས་ལུགས་ཀྱིས་རང་གིས་རང་ཤེས་རྟོགས་དང་། རང་གིས་རང་ལེགས་བཅོས་དང་ཡར་རྒྱས། རང་རྒྱུད་ལ་རྟོགས་པ་བརྙེས་ཚུལ་སོགས་ཀྱི་ལམ་ལ་སྦྱོང་བརྡར་དང་ལམ་སྟོན་བྱེད་ཀྱི་ཡོད། སྒོམ་དང་ལྷའི་ཡོན་ཏན་ལ་རྩེ་གཅིག་ཏུ་དད་པ་བརྒྱུད་ནང་སེམས་རྒྱུད་ལ་བླ་ན་མེད་པའི་ཡོན་ཏན་འཐོབ་པར་དོན་གཉེར་ཅན་ཚོས་ཚུལ་མཐུན་དང་། དད་སེམས། སྙིང་རྗེའི་ཐོག་ནས་ཞབས་འདེགས་སྒྲུབ་རྒྱུར་སྦྱོར་བརྡར་བྱེད་ཀྱི་ཡོད། དེ་ལྟའི་སུ་ཧྥིའི་སྦྱོར་བརྡར་གྱི་རྣམ་པ་དེས་ཆོས་ལུགས་དེ་ཉིད་སྤྱི་ཚོགས་དང་ཚོགས་སྡེར་དམིགས་པ་ཞིག་ཡིན་ཅེས་བརྗོད་ཀྱི་ཡོད། མ་གཞི་དེ་བདེན་པ་ཡིན་མོད། དེ་ནི་ཁོ་རང་ཚོའི་མཐར་ཐུག་གི་དམིགས་ཡུལ་ཐར་པ་སྒྲུབ་པའི་ཉམས་ལེན་ལ་འཇུག་པའི་ཕྱོགས་སམ་རྣམ་པ་གཅིག་ཙམ་ཡིན། དེ་ལྟར་ལྷའི་ངོ་བོར་དབྱེར་མེད་ཟུང་དུ་འཇུག་པའམ་ཏོ་ཧིད་ (towhid) ཞེས་པའི་གོ་འཕང་ཐོབ་ཀྱི་ཡོད། དེ་ཡང་ཁ་ཆེའི་རྩ་ཆེན་གྱི་གསུང་རབ་ཀོ་རཱན་ ༥༠-༡༦ ནང་གསལ་ལྟར་ན། “ང་ནི་ཁྱེད་ཀྱི་མགྲིན་པའི་རྩ་ལས་ཀྱང་ཁྱེད་དང་ཐག་ཉེ་བ་ཡོད།” ཅེས་གསུངས་སོ།།

ལམ་ནི་དཀའ་བའི་གནས་ཤིག་ཡིན་པས་མང་པོ་ཞིག་སོ་སོའི་དབང་ཤེས་དང་འདོད་ཕྱོགས་ཀྱི་དབང་དུ་སོང་ནས་ལམ་ལོག་པར་ཕྱིན་ཡོད་པས་ནོར་འཁྲུལ་བཟོ་མི་ཉན། མཐའ་མའི་དམིགས་ཡུལ་སྒྲིབ་སྦྱོང་བྱེད་མ་ཐུབ་པར། ཁ་བདེ་ཤོས་ཆགས་ཀྱང་ཉམས་ལེན་ཐད་ལམ་ལྷོང་ཡོང་གི་མེད། དོན་གཉེར་ཅན་ངོ་མ་ཡིན་ན་དུས་དང་རྣམ་པ་ཀུན་ཏུ་ཉམས་ལེན་བྱེད་ཀྱི་ཡོད་པ་ལས་ཚིག་སྐམ་པོ་ཙམ་ལ་བརྟེན་གྱི་མེད།།

Top