༡༽མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག། མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ །
༢༽འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །
༣༽མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །
༤༽མིང་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་སྟེ། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །
༥༽མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ་རེག་དེ་ལས། །ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། །
༦༽ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བའི་དོན་དུ་སྲེད་པར་འགྱུར། །སྲེད་པར་གྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །
༧༽ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །
༨༽སྲིད་པ་དེ་ཡང་ཕུང་པོ་ལྔ། །སྲིད་པ་ལས་ནི་སྐྱེ་བར་འགྱུར། །རྒ་ཤི་དང་ནི་མྱ་ངན་དང༌། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང༌། །
༩༽ཡིད་མི་བདེ་དང་འཁྲུག་པ་རྣམས། དེ་དག་སྐྱེ་ལས་རབ་ཏུ་འབྱུང༌། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པ་འདི་འབྱུང་བར་འགྱུར། །
༡༠༽འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །
༡༡༽མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །
༡༢༽དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །