མི་ལུས་རིན་ཆེན་གྱི་ཁྱད་ཆོས་ཡག་ཤོས།

རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་དེ་དག་གི་རྒྱུ།

ཁར་རྩང་ང་ཚོས་སྐྱབས་འགྲོའི་སྐོར་བཤད་ཡོད། དེ་ནི་སོ་སོའི་མི་ཚེའི་ནང་ཉེན་མེད་དགེ་བའི་ཁ་ཕྱོགས་བཟང་པོ་ཞིག་འཚོལ་རྒྱུ་དེ་རེད། སྐྱབས་འགྲོ་ནི་ཧ་ཅང་གལ་ཆེ་བའི་ཉམས་ལེན་དང་གནད་དོན་ཞིག་རེད། གང་ཡིན་ཞེ་ན། སྐྱབས་འགྲོ་ལ་གཞི་རྩ་བཞག་ནས་ཁྱེད་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་ཐུབ་ཀྱི་ཡོད། དེར་བརྟེན་ཁ་ཕྱོགས་དེར་སྐྱོད་རྒྱུ་འབད་བརྩོན་བྱ་རྒྱུ་ནི་དངོས་གནས་དྲང་གནས་དགེ་མཚན་ལྡན་པ་ཞིག་ཡིན། ད་ལྟའི་སྐབས་ང་ཚོར་བྱ་བའི་རྟེན་གཞིར་གྱུར་བའི་མི་ལུས་རིན་ཆེན་འདི་ཡོད་པ་དང་། འདི་ནི་སྐྱེ་བ་སྔོན་མའི་དགེ་བའི་ལས་ཀྱི་འབྲས་བུ་ལ་བརྟེན་ནས་ཁྱད་ཆོས་བཟང་པོའམ་ཡོན་ཏན་ཆེན་པོ་བརྒྱད་དང་ལྡན་པ་ཞིག་ཐོབ་ཡོད། བྱས་ཙང་། ཡར་རྒྱས་གོང་འཕེལ་གཏོང་བའི་གོ་སྐབས་ཡག་ཤོས་དེ་ང་ཚོར་ཡོད་པ་རེད། ང་ཚོའི་ཉམས་ལེན་དེ་ནུས་མཐུ་ཆེ་ཤོས་བཟོ་མཁན་རྣམ་སྨིན་གྱི་ཡོན་ཏན་བརྒྱད་གང་དག་རེད་དམ།

  • ཚེ་རིང་བ་སྟེ། མི་ཚེ་རིང་པོ་ཡོང་བ།
  • གཟུགས་བཟང་བ་སྟེ། གཟུགས་པོའི་ཆགས་བབས་ཕུལ་དུ་བྱུང་བ།
  • སྤྱི་ཚོགས་ཀྱི་གནས་བཀོད་དང་ཁྱིམ་ཚང་སོགས་ཕུལ་དུ་བྱུང་བའི་ནང་སྐྱེ་བ།
  • ལོངས་སྤྱོད་ཕུལ་དུ་བྱུང་བ་བེད་སྤྱོད་བྱེད་ཆོག་པའི་དབང་ཤུགས་ཅན་གྱི་མི་ཞིག་ཆགས་པ།
  • ངག་ཕུལ་དུ་བྱུང་བ་སྟེ། སྨྲ་བ་ཉུང་ཞིང་གང་སྨྲ་བ་དེ་རྩུབ་པོ་མིན་པར་དོན་དང་ལྡན་ཞིང་། དྲང་པོ་ཡིན་པ། མི་ཚང་མས་འོས་འཚམས་དང་ཕན་ཐོགས་ཅན་དུ་མཐོང་བ།
  • དབང་ཤུགས་ཧ་ཅང་ཆེ་བའི་མི་སྟེ། གཞན་ལ་དགེ་བའི་ཤུགས་རྐྱེན་སྤྲོད་པར་འབད་ཐུབ་མཁན།
  • ལུས་ཀྱི་སྒོ་ནས་སྟོབས་ཆེ་ཞིང་ཡུན་གནས་ཀྱི་ནུས་ཤུགས་ཆེན་པོ་དང་ལྡན་པ།
  • ནང་སེམས་ཀྱི་ནུས་ཤུགས་དང་བློ་སྟོབས་ཧ་ཅང་ཆེན་པོ་ཡོད་པ་བཅས་སོ།།

ཁྱེད་ཀྱིས་ཁྱད་ཆོས་དེ་དག་ཇི་ལྟར་བེད་སྤྱོད་བྱེད་ཐུབ་བམ་ཞེ་ན།

  • གལ་ཏེ་ཁྱེད་ལ་མི་ཚེ་རིང་པོ་ཞིག་ཡོད་ན། སོ་སོའི་ཉམས་ལེན་དེ་མཐར་མ་འཁྱོལ་བར་དུ་མཐོང་ཐུབ། རང་ཉིད་ཡར་རྒྱས་དང་གཞན་ལ་ཕན་འདོགས་ཐུབ་པའི་དུས་ཡུན་ཆ་ཚང་བ་ཞིག་ཡོང་གི་རེད།
  • གལ་ཏེ་ཁྱེད་གཟུགས་བཟང་པོ་དང་མཛེས་སྡུག་ལྡན་པ་ཞིག་ཡིན་ན། གཞན་རྣམས་རང་བཞིན་གྱིས་ཁྱེད་ལ་ཡིད་དབང་འཕྲོག་པ་དང་། སོ་སོའི་ཉེ་འཁོར་དུ་ཁྱེད་ཀྱིས་ཕན་འདོགས་ཐུབ་པ་དང་ཆོས་ཁྲིད་བྱེད་ཐུབ་པའི་མི་ཚོགས་ཀྱིས་བསྐོར་ནས་ཡོང་གི་རེད།
  • གལ་ཏེ་ཁྱེད་རང་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་བཟང་པོ་ཞིག་ནས་སླེབས་པ་ཡིན་ན། གཞན་གྱིས་ཁྱེད་ལ་རང་ཤུགས་ཀྱིས་དོ་སྣང་མང་བ་བྱེད་པ་དང་ཁྱེད་ཀྱིས་གང་བརྗོད་པ་ལ་དོ་གལ་ཆེན་པོའི་སྒོ་ནས་ཉན་པའི་ཕན་ཐོགས་ཆེན་པོ་ཡོད།
  • གལ་ཏེ་ཁྱེད་ལ་གཟི་བརྗིད་དང་དབང་ཐང་ཧ་ཅང་ཆེན་པོ་ཡོད་ན། ཁྱེད་ཀྱིས་གཞན་ལ་ཕན་འདོགས་པའི་ཆེད་བེད་སྤྱོད་བྱེད་ཐུབ་པའི་ལོངས་སྤྱོད་མང་པོ་རག་གི་རེད།
  • གལ་ཏེ་ཁྱེད་རང་ངག་ནས་དྲང་པོ་སྨྲས་ན། གཞན་གྱིས་ཁྱེད་ཀྱིས་གང་བཤད་པ་ལ་དོ་གལ་ཆེན་པོའི་སྒོ་ནས་ཉན་གྱི་རེད།
  • དེ་ནས་གལ་ཏེ་ཁྱེད་ལ་སྟོབས་དང་ནུས་ཤུགས་ཡོད་ན། ཁྱེད་ཀྱིས་དེ་བེད་སྤྱོད་བཏང་ནས་གཞན་རྣམས་ལ་ལས་སླ་བའི་སྒོ་ནས་ཤུགས་རྐྱེན་བཟང་པོ་སྤྲོད་ཆོག
  • གལ་ཏེ་ཁྱེད་ལ་ཡུན་གནས་ཀྱི་ནུས་ཤུགས་དང་བློ་སྟོབས་ཆེན་པོ་ཡོད་ན། ཁྱེད་ཀྱིས་དེ་དག་བེད་སྤྱོད་བཏང་ནས། དཔེར་ན། དབང་པོའི་སྤྱོད་ཡུལ་ལས་འདས་པའི་མངོན་ཤེས་ཀྱི་རིགས་སྣ་ཚོགས་པ་དང་། དེ་ལས་གཞན་པའི་རྟོགས་པའི་གོ་འཕང་རྣམས་ལས་སླ་བའི་སྒོ་ནས་ཐོབ་པར་བྱེད་ཐུབ། རང་ཉིད་ལུས་སེམས་གཉིས་ཀའི་སྒོ་ནས་ཆ་ཚང་བ་ལག་བསྟར་བྱེད་ཐུབ་པ་ཡོང་གི་རེད།

ཁྱེད་ལ་མི་ཚེ་རིང་པོ་ཡོང་བར་བྱེད་པའི་རྒྱུ་དང་པོ་ནི། གསོན་པོར་གནས་པའི་སྲོག་ཆགས་གང་འདྲ་ཞིག་ཡིན་ནའང་གསོད་རྒྱུ་སྤོང་དགོས། དེར་མ་ཟད། བཟའ་གྲབས་ཡོད་པའི་སྲོག་ཆགས་རྣམས་ཀྱི་ཚེ་སྲོག་བསྐྱབ་པ་ལྟ་བུ་དཔེར་ན། བྱ་ཁྲ་ཡིས་ཁྱེར་ནས་འགྲོ་གྲབས་ཡོད་པའི་ཞིང་ཁའི་བྱི་བའམ་ཡང་ན་སྲོག་ཆགས་ཆུང་ངུའི་རིགས་ཀྱི་སྲོག་བསྐྱབ་པ་དང་། ཤིང་ནགས་ཀྱི་དུད་འགྲོ་སྲོག་ཆགས་ཆེ་བས་ཆུང་བ་བརྔོན་པ་ལས་བསྐྱབ་པ། དེ་བཞིན་ཞི་མིས་ཙི་གུ་ཞིག་བཟའ་རྩིས་ཡོད་ན། དེ་བསྐྱབ་པ་ལྟ་བུ་རེད། གཞན་གྱི་སྲོག་བསྐྱབ་པ་ལ་བརྟེན་ནས་དེའི་འབྲས་བུར་རང་ཉིད་ཀྱི་མི་ཚེ་རིང་དུ་འགྲོ་བ་དང་། ཁྱེད་ལ་མི་ཚེ་རིང་པོ་ཡོང་གི་ཡོད། དེ་ག་ནང་བཞིན་ནད་པ་དང་དབུལ་པོ་ཕོངས་རྣམས་ལ་རོགས་སྐྱོར་བྱེད་པ་དེ་ཡང་དགེ་བའི་ལས་ཧ་ཅང་བཟང་པོ་ཞིག་ཡིན་པ་དང་། དེ་ལས་ཀྱང་འབྲས་བུ་བཟང་པོ་འབྱུང་གི་རེད། དེ་དག་ཐམས་ཅད་ནི་མི་ཚེ་རིང་པོ་ཡོང་བའི་རྒྱུ་རྣམས་རེད།

ལུས་ཀྱི་མཐོང་སྣང་མཛེས་པོ་དང་གཟུགས་བཟང་པོའི་རྒྱུ་དེ་འབྲས་བུར་སྨིན་པ་ནི། མར་མེའི་མཆོད་པ་འབུལ་བ་དང་། གྱོན་གོས་སོགས་ཀྱི་གསོལ་རས་རྔན་པ་འབུལ་བ། དེ་བཞིན་རིན་པོ་ཆེའི་རིགས་སྣ་ཚོགས་པ་འབུལ་བ་སོགས་ཡིན། ད་དུང་གཞན་ལ་ཕྲག་དོག་མི་བྱེད་པ་དང་ཁོང་ཁྲོ་མི་བྱེད་པ་དེ་དག་ཐམས་ཅད་ཀྱི་འབྲས་བུར་གཟུགས་བྱད་ལྟ་ན་སྡུག་པ་ཡོང་གི་ཡོད།

ཁྱིམ་ཚང་བཟང་པོ་ཞིག་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཡག་པོ་ཞིག་གི་ནང་སྐྱེས་པའི་རྒྱུ་ནི། རང་གི་དགེ་བའི་བཤེས་གཉེན་རྣམས་ལ་གུས་ཞབས་ཆེན་པོ་བྱེད་པ་དང་། དེ་མཚོན་པའི་ཐ་ན་ཡི་གེ་འབྲི་ཀློག་སོགས་འཇིག་རྟེན་པའི་སློབ་ཚན་བསླབ་མཁན་གྱི་དགེ་རྒན་རྣམས་དང་རང་གི་ཕ་མ་བཅས་ལ་གུས་ཞབས་བྱེད་པ་དེ་ཡིན།
 
ཁྱེད་ཀྱིས་གཞན་དོན་ཆེད་བེད་སྤྱོད་བྱེད་ཆོག་པའི་རྒྱུ་ནོར་ལོངས་སྤྱོད་དང་ལྡན་པའི་རྒྱུ་ནི། གཏོང་ཕོད་ཆེན་པོ་དང་། དབུལ་པོ་དང་དགེ་རྩའི་རིགས་ལ་སྦྱིན་པ་གཏོང་བ་སོགས་ཡིན། དེ་ཡང་མི་རྣམས་ཀྱིས་རེ་འབོད་ཞུས་ནའང་འདྲ་མ་ཞུས་ནའང་འདྲ་སྟེ། ཁྱེད་ཀྱིས་སྦྱིན་པ་གཏོང་དགོས་པ་དང་གཞན་ལ་གསོལ་རས་རྔན་པ་སྤྲོད་དགོས། དེ་དག་ཐམས་ཅད་ཀྱི་འབྲས་བུར། རང་ཉིད་ནོར་ལོངས་སྤྱོད་ཀྱིས་ཕྱུག་པ་དང་དེ་ལ་བརྟེན་ནས་གཞན་དོན་བསྒྲུབ་ཐུབ།

ཐེངས་ཤིག་ས་ཆ་ཧ་ཅང་ཐག་རིང་ཞིག་ལ་རྒད་པོ་གཅིག་དང་རྒད་མོ་གཅིག་ཡོད། དེ་གཉིས་ལ་གྱོན་གོས་རས་ཆ་གཅིག་ལས་མེད་པ་དང་དེས་ཕན་ཚུན་མཉམ་སྤྱོད་ཀྱིས་གཉིས་ཀ་ཁེབས་པར་བྱེད་ཀྱི་ཡོད། སྐབས་དེ་དུས་རང་རྒྱལ་དགྲ་བཅོམ་པའམ་ཐར་པ་ཐོབ་པའི་གང་ཟག་ཅིག་དེར་ཡོད་པ་དེ་རྒན་རྒོན་གཉིས་ཀྱི་ཁང་པར་བསོད་སྙོམས་སློང་དུ་སླེབས་པ་རེད། རྒན་རྒོན་གཉིས་ལ་དགྲ་བཅོམ་པ་དེར་འབུལ་རྒྱུ་གང་ཡང་མེད། འོན་ཀྱང་དེ་གཉིས་ཀྱི་སེམས་ནང་དགྲ་བཅོམ་པ་དེ་ལ་དད་པ་ཧ་ཅང་ཆེན་པོ་ཡོད་པས། རྒན་རྒོན་གཉིས་ལ་ཡོད་པའི་གྱོན་གོས་གཅིག་རང་ཡོད་པ་དེ་ཕུལ་བ་རེད། འབུལ་སའི་གང་ཟག་དེ་རྩ་ཆེན་པོ་དང་སྐྱེས་བུ་ཆེན་པོ་ཞིག་ཡིན་པ་སོང་ཙང་། གྱོན་གོས་ཕུལ་བའི་འབྲས་བུར། གློ་བུར་དུ་རྒན་རྒོན་གཉིས་ཀྱི་ཁང་པའི་ནང་གྱོན་གོས་དང་ཟས་ཀྱི་ཆར་བབ་པ་ལྟར་ནོར་ལོངས་སྤྱོད་མང་པོ་བྱུང་བ་རེད། གཞན་ཡང་མ་འོངས་པའི་སྐྱེ་བའི་ནང་། རྒན་རྒོན་གཉིས་པོ་གྱོན་གོས་དཀར་པོ་གྱོན་མཁན་ལ་སྐྱེས་པ་རེད།
 
དབང་ཤུགས་ཧ་ཅང་ཆེན་པོ་དང་ལྡན་པ་སྟེ། གཞན་ལ་བཟང་ཕྱོགས་ཀྱི་སྒོ་ནས་ཤུགས་རྐྱེན་སྤྲོད་ཐུབ་མཁན་ཞིག་ཆགས་པའི་རྒྱུ་ནི། རང་གིས་རང་ལ་སྦྱོང་བརྡར་བྱ་རྒྱུ་དང་རྩལ་མི་འདྲ་བ་སྣ་ཚོགས་པ་སྦྱོང་རྒྱུ། དེ་བཞིན་གཞན་ལ་ཕན་འདོགས་ཐུབ་པའི་ཆེད་སྨོན་ལམ་འདེབས་པ། དེའི་སྒང་ལ་ནུས་པ་གང་ཡོད་ཀྱིས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་བཅས་ཡིན། གལ་ཏེ་ཁྱེད་ལ་རྒྱུ་དངོས་མེད་ན། མཆོད་པ་རྒྱ་ཆེན་པོ་དེ་འདྲ་འབུལ་དགོས་མེད། འོན་ཀྱང་མཆོད་པ་གང་འདྲ་ཞིག་ཕུལ་ནའང་། ཐ་ན་མཆོད་པ་ཆུང་ཆུང་ཞིག་ཕུལ་ནའང་། དེ་བསམ་པ་རྣམ་དག་གི་ཐོག་ནས་འབུལ་དགོས་ཤིང་། སེར་སྣ་མེད་པ་དང་། རང་གི་སེམས་ནང་། “མཆོད་པ་འདི་ལ་བརྟེན་ནས་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཐུབ་པར་ཤོག་” ཅེས་པའི་བསམ་བློ་ཞིག་ཡོད་དགོས།

སངས་རྒྱས་ཤཱཀྱ་ཐུབ་པས་ཁོང་གི་སྐྱེ་བ་སྔོན་མའི་ནང་། གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་དཀའ་སྤྱད་དང་འབད་རྩོལ་ཇི་ལྟར་མཛད་པའི་སྐྱེས་རབས་ལོ་རྒྱུས་མང་པོ་ཡོད། ཁོང་གིས་མཆོད་པ་མང་པོ་ཕུལ་ཡོད། མཆོད་པ་དེ་དག་ཕུལ་བར་ཁོང་ལ་རྒྱུ་དངོས་ལོངས་སྤྱོད་མང་པོ་ཞིག་མེད་ཀྱང་། ཁོང་གིས་སེམས་པ་རྣམ་པར་དག་པའི་སྒོ་ནས་གཞན་དོན་ཁོ་ནར་དམིགས་ནས་བཅོས་མིན་གྱི་ཚོར་བ་དང་བཅས་མཆོད་པ་ཕུལ་ཡོད། དེའི་འབྲས་བུ་ཧ་ཅང་བཟང་པོ་བྱུང་ཡོད། བྱས་ཙང་། ཁྱེད་ཀྱིས་མཆོད་པ་འབུལ་བའི་སྐབས། དངོས་རྫས་ཆེ་ཆུང་ག་རེ་ཡིན་ནའང་ཆོག །རས་དཀར་པོ་ལྷེབ་ལྷེབ་ཙམ་ཞིག་གམ་མེ་ཏོག་རྐང་གཅིག་ལས་འབུལ་རྒྱུ་མེད་ནའང་ཆོག །སྔོན་སངས་རྒྱས་མར་མེ་མཛད་ཀྱི་སྐུ་དུས་སུ་ཁོང་ལ་མེ་ཏོག་ཨུཏྤལ་སྔོན་པོ་འགའ་ཞིག་གནམ་ལ་གཏོར་ནས་མཆོད་པ་ཕུལ་ཡོད། དེས་ག་རེ་སྟོན་གྱི་ཡོད་ཅེ་ན། གལ་ཏེ་ཁྱེད་ཀྱིས་སེམས་བཟང་པོ་དང་བསམ་པ་རྣམ་དག་གིས་མཆོད་པ་ཕུལ་ན། དེའི་འབྲས་བུ་ཡང་ཧ་ཅང་བཟང་པོ་ཡོང་གི་རེད། མི་ཞིག་གིས་སངས་རྒྱས་ལ་བྱེ་མ་ཕོར་པ་གང་ཕུལ་བའི་ལོ་རྒྱུས་ཤིག་ཡོད། དེའི་སྐབས་མི་དེས་བྱེ་མ་ཕོར་བ་གང་དེ་གསེར་ཕོར་པ་གང་ཡིན་པར་མོས་པ་བྱས་ཏེ། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་དེ་ལྟར་མཆོད་པ་ཕུལ་བས། དེའི་འབྲས་བུའང་ཧ་ཅང་རླབས་ཆེན་སྨིན་པ་རེད།
 
ཁྱེད་ཀྱིས་དགེ་བའི་ལས་གང་འདྲ་ཞིག་བྱེད་ཀྱིན་ཡོད་སྲིད་ནའང་འདྲ་སྟེ། དཔེར་ན། ཆོས་ལ་ཉན་ཐོས་དང་། དེ་དག་ལ་བསམ་ཞིབ་བྱེད་པ། རིམ་པས་དེ་དག་རང་གི་སེམས་ཀྱི་ཕན་ཐོགས་ཅན་གྱི་གོམས་གཤིས་ཤིག་ཏུ་འགྱུར་ཐབས་སུ་སྒོམ་རྒྱག་པ། སྐོར་བ་རྒྱག་པ་སོགས་ཉམས་ལེན་གྱི་རིགས་གང་འདྲ་ཞིག་བྱེད་ཀྱིན་ཡོད་ནའང་འདྲ་སྟེ། གལ་ཏེ་ཁྱེད་ཀྱིས། “གཞན་ལ་ཕན་འདོགས་པའི་ཆེད་ངས་དགེ་བའི་ནུས་པ་གང་བསགས་པ་དེ་དག་དངོས་སུ་ལག་བསྟར་བྱེད་ཐུབ་པར། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་” ཅེས་བརྗོད་ན། དེ་ནི་ཁྱེད་ཀྱིས་གང་ཞིག་ལ་ཡིད་སྨོན་བྱེད་པ་དང་བསྔོ་སྨོན་བྱེད་པ་གཉིས་ཀ་དང་འབྲེལ་བའི་སྨོན་ལམ་ཞིག་ཡིན།

གལ་ཏེ་ཁྱེད་ལ་བྱ་བའི་ཡུལ་བྱེ་བྲག་ཅིག་ཡོད་པ་དང་། ཁྱེད་ཀྱིས་ “འདིའི་དགེ་བའི་ནུས་པ་ལ་བརྟེན་ནས་འདི་དང་འདི་འབྱུང་བར་ཤོག །ང་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་” སོགས་བརྗོད་ན། དེ་ནི་སྨོན་ལམ་གྱི་རིགས་གཉིས་ཀ་རེད། དེ་ནི་ཡིད་སྨོན་ཡང་ན་སྨོན་ལམ་ཞིག་དང་བསྔོ་བ་གཉིས་ཀ་རེད། ཡང་གལ་ཏེ་ཁྱེད་ཀྱིས་གནས་སྟངས་ཤིག་འབྱུང་བར་ཡིད་སྨོན་ཙམ་བྱེད་ཀྱིན་ཡོད་ན། དེ་ནི་དཔེར་ན། “ངའི་མ་འོངས་པའི་སྐྱེ་བ་ཕྱི་མའི་ནང་མི་ལུས་རིན་ཆེན་འཐོབ་པར་ཤོག་” ཅེས་སྨོན་པའམ། ཡང་ན་ “ང་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་” ཅེས་སྨོན་པ་ལྟ་བུ་རེད། གལ་ཏེ་ཁྱེད་ཀྱིས་དམིགས་སུ་བཀར་ནས་བསྔོ་བ་མི་བྱེད་པར་དེ་ལྟ་བུའི་སྨོན་པ་ཙམ་བྱས་ན། དེ་ནི་ཡིད་སྨོན་ཙམ་རེད། དེ་གཉིས་ཀྱི་དབར་ལ་ཁྱད་པར་ཞིག་ཡོད། གལ་ཏེ་དེ་བསྔོ་སྨོན་ཞིག་ཡིན་ན། དེ་ནི་ཡིད་སྨོན་ཞིག་ཀྱང་ཡིན། འོན་ཀྱང་གལ་ཏེ་དེ་རེ་འདུན་གྱི་སྨོན་ལམ་ཞིག་ཡིན་ན། དེ་ནི་བསྔོ་སྨོན་ཞིག་ཡིན་དགོས་པའི་ངེས་པ་མེད། དེའི་ཁྱད་པར་ནི་རེ་འདུན་དང་འབྲེལ་བའི་སྒོ་ནས་ཡིན། ཡིད་སྨོན་ནི་གནད་དོན་ཞིག་འབྱུང་བའི་རེ་འདུན་ཙམ་བྱེད་པ་ཞིག་རེད། བསྔོ་སྨོན་ནི་ཁྱེད་ཀྱིས་བསགས་པའི་དགེ་བའི་ལས་ལ་དམིགས་པའམ། ཡང་ན་སོ་སོའི་སེམས་པ་བཟང་པོ་ལ་དམིགས་ནས་དེ་ལྟ་བུའི་རེ་འདུན་དེ་བདེན་པ་གྲུབ་པར་ཤོག་ཅེས་བསྔོ་བ་བྱེད་པ་དེ་རེད།

གལ་ཏེ་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཆེད་དུ་དགེ་བའི་ལས་གང་བསགས་ཡོད་པ་ཐམས་ཅད་བསྔོ་བ་བྱས་ནས། “དགེ་བའི་ལས་དེ་དག་ཐམས་ཅད་ང་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་འགྲོ་བ་ཤོག་” ཅེས་སྨོན་པ་ལྟར་བྱས་ན། དེ་ལྟ་བུའི་དགེ་བའི་ནུས་པ་དེ་ཁྱེད་རང་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འཛད་ཀྱི་མ་རེད། གལ་ཏེ་ཁྱེད་ཀྱིས་དེ་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་ལ་བསྔོ་བ་བྱེད་ཀྱིན་ཡོད་ན། གྲུབ་འབྲས་དེ་ལམ་ལྷོང་མ་བྱུང་བར་དུ་འཛད་ཀྱི་མ་རེད། བྱས་ཙང་། དེ་ནི་དུ་ཡུན་ཧ་ཅང་རིང་པོར་གནས་ཀྱི་ཡོད། དེ་ག་ནང་བཞིན་གལ་ཏེ་ཁྱེད་ཀྱིས་དགེ་བའི་ནུས་པ་དེ་གྲུབ་འབྲས་ཆེན་པོ་དེ་འདྲ་ལ་མ་བསྔོས་ན། དགེ་བའི་ལས་ཀྱི་ནུས་པ་དེ་གནད་དོན་གཅིག་ལ་སྨིན་ནས་འཛད་འགྲོ་གི་རེད། དེ་ནི་དུས་ཡུན་ཧ་ཅང་ཐུང་ངུ་ལས་མི་གནས་པ་ཡིན། གལ་ཏེ་ཁྱེད་ཀྱིས་བསྔོ་བ་ཡང་དག་པ་ཞིག་བྱས་ཡོད་ན། དེའི་ནུས་པ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཡུན་གནས་ཐུབ་ཀྱི་རེད།

ཁྱེད་ཀྱིས་བསགས་པའི་དགེ་བའི་ནུས་པ་རྣམས་བསྔོ་བ་བྱས་མེད་ན། ཁྱེད་ཀྱིས་དགེ་བའི་ནུས་པ་དེ་ཁོང་ཁྲོ་ཞིག་བཟས་ནས་ཡོངས་སུ་རྩ་མེད་བཟོ་ཐུབ། བྱས་ཙང་། ཁོང་ཁྲོ་མི་བཟའ་རྒྱུ་དེ་ཧ་ཅང་གལ་ཆེ། གང་ཡིན་ཞེ་ན། དེའི་འབྲས་བུ་ནི་ཁྱེད་ཀྱིས་དགེ་བའི་ནུས་པ་བསགས་ཡོད་ནའང་བསྔོ་བ་བྱས་མེད་པ་དེ་དག་རྩ་མེད་དུ་གཏོང་བའི་གནོད་སྐྱོན་ཆེན་པོ་ཆགས་ཀྱི་རེད། དེ་ནི་དཔེར་ན། གནམ་ཐང་དུ་གློག་པར་བརྡ་སྟོན་ཡོ་ཆས་ (x-ray detector) བརྒྱུད་འགྲོ་བ་ལྟ་བུ་རེད། དེའི་སྐབས་གལ་ཏེ་ཁྱེད་ཀྱིས་སྲུང་སྐྱོབ་མེད་པའི་ཕིང་ཤོག་འཁྱེར་བཞིན་ཡོད་ན། དེའི་ནང་ཁྱེད་ཀྱིས་འདྲ་པར་བརྒྱབས་པ་ཚང་གློག་པར་གྱིས་བསུབ་ཀྱི་རེད། རྒྱུད་རིམ་དེ་དང་མཚུངས་པར་ཁྱེད་ཀྱིས་བསགས་པའི་དགེ་བའི་ནུས་པ་ཚང་མ་ཁོང་ཁྲོས་བསུབས་ནས་མེད་པ་བཟོ་གི་ཡོད། དེར་བརྟེན་ཁོང་ཁྲོ་ལ་དེ་ལྟ་བུའི་སྐྱོན་དང་ཉེས་དམིགས་ཡོད་པ་སོང་ཙང་། དེ་ལ་བརྟེན་ནས་གྱོང་གུན་དང་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པས། ཁྱེད་ཀྱིས་རང་ནུས་གང་ལྕོགས་ཀྱིས་ཁོང་ཁྲོ་དེ་ཉུང་དུ་གཏོང་ཐབས་བྱེད་དགོས། ཁོང་ཁྲོས་ཁྱེད་རང་དམྱལ་བའི་གནས་ཤིག་གི་ནང་དུ་འཕེན་སྲིད། རྒྱུ་མཚན་དེ་འདྲ་ཡིན་པ་སོང་ཙང་། ཁྱེད་ཀྱིས་ཁོང་ཁྲོ་ཉུང་དུ་བཏང་ནས་ཁྲོ་སྤོང་ཐབས་བྱེད་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན།

ང་ཚོས་གོ་བསྡུར་བྱས་དང་བྱེད་མུས་ཀྱི་ཐོ་གྲངས་ཀྱི་སྐོར་འཆད་པ་ལ། ལུས་སེམས་ཀྱི་སྟོབས་ཤུགས་ཆེན་པོ་ཡོད་པའི་རྒྱུ་ནི། གཞན་ལ་འཚོ་བཅུད་ལྡན་པའི་ཟས་སོགས་སྦྱིན་པ་དང་། གཞན་དག་གིས་བྱེད་ཐུབ་ཅེས་བསམ་མནོ་ཙམ་ཡང་འཁོར་མེད་པའི་ལས་དོན་སྣ་ཚོགས་པ་བསྒྲུབ་པ་དེ་ཡིན།

ཁྱེད་ཀྱིས་བྱ་བའི་རྟེན་གཞི་ཡག་ཤོས་ཏེ། གཞན་དོན་བསྒྲུབ་པར་ཕན་ནུས་ཆེ་ཤོས་སྦྱིན་མཁན་གྱི་ཡོན་ཏན་ཀུན་ཚང་བའི་མིའི་ལུས་རྟེན་ཞིག་འཐོབ་པའི་ཆེད་དུ་སྨོན་ལམ་འདེབས་དགོས། ཁྱེད་ལ་ཁྱད་ཆོས་དེ་དག་ཐམས་ཅད་དང་ལྡན་པའི་བྱ་བའི་རྟེན་གཞིའམ་མིའི་ལུས་རྟེན་ཞིག་ཡོད་པའི་སྐབས། ཁྱེད་ཀྱིས་ཆོས་ཀྱི་ལམ་ལ་དོན་གོ་འཕེར་བ་དང་ནུས་པ་ཆེ་ཤོས་ཐོག་འཇུག་ཐུབ་ལ། དེ་ལྟར་བསྒྲུབ་པའི་ནུས་པ་ཆ་ཚང་ཁྱེད་ལ་ཡོད། ཡིན་ནའང་གལ་ཏེ་ཁྱེད་ཀྱིས་ཆོས་ཀྱི་ལམ་གྱི་རྗེས་སུ་འཇུག་གི་མེད་ན། ཁྱད་ཆོས་དེ་དག་བེད་སྤྱོད་ལོག་པར་གཏོང་སྲིད་པ་དང་། དེ་དག་མི་དགེ་བའི་ནུས་པ་ཧ་ཅང་ཆེན་པོ་གསོག་པའི་རྒྱུ་ཆགས་སྲིད། དེར་བརྟེན་མ་འོངས་པར་དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པར་ཤོག་ཅེས་སྨོན་ལམ་འདེབས་པའི་སྐབས། ཁྱད་ཆོས་དེ་དག་ཕན་ཐོགས་ཅན་གྱི་ཆོས་ཀྱི་དགོས་དོན་བསྒྲུབ་པའི་ཆེད་དུ་སྨོན་ལམ་གདབ་རྒྱུ་གལ་ཆེན་པོ་རེད།
 
དེ་ཡང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ནང་གི་རྟོགས་པའི་རིམ་པ་ཡོད། ཆོས་ཀྱི་ལམ་གྱི་རིམ་པ་ཐོག་མའི་ནང་གི་རྟོགས་པ་ནི། ཁྱེད་ཀྱིས་མི་ཚེ་འདི་ཙམ་གྱི་ཆེད་དུ་འབད་བརྩོན་བྱས་ཏེ། ཟས་གོས་གནས་མལ་སོགས་རག་ཐབས་བྱེད་པ་ནི་སྙིང་པོ་རྩ་ནས་མེད་པ་མཐོང་བ་དེ་རེད། དེ་ལྟར་ཁྱེད་ཀྱིས་ཚེ་འདི་ཙམ་གྱི་དོན་དུ་འབད་བརྩོན་བྱེད་པ་ནི་དོན་སྙིང་མེད་པར་རྟོགས་ཏེ། ཁྱེད་ཀྱིས། “ངས་མ་འོངས་པའི་སྐྱེ་བ་ཕྱི་མར་ཕན་པའི་ཆེད་འབད་བརྩོན་བྱེད་ཀྱི་ཡིན།” ཞེས་ཐག་གཅོད་གཏན་འབེབས་བྱེད་དགོས། དེ་ལ་བརྟེན་ནས་ཁྱེད་ཀྱིས་སྐྱེ་བ་ཕྱི་མ་བཟང་པོ་ཞིག་ཡོང་བའི་ཆེད་ནན་བརྗོད་གཙོ་བོ་བྱེད་པ་དང་། སྐྱེ་བ་ཕྱི་མའི་དོན་དུ་ཁྱེད་ཀྱིས་ནུས་པ་ཡོད་ཚད་ཆོས་ཉམས་ལེན་ཆེད་དུ་གཏོང་གི་རེད།

སྒོམ།

ནང་གི་རྟོགས་པའི་རིམ་པ་དེ་འཐོབ་པ་དང་སེམས་ཀྱི་གོམས་གཤིས་བཟང་པོ་དེ་དག་སྐྲུན་ཐབས་སུ་ཁྱེད་ཀྱིས་གནད་དོན་གང་གི་ཐོག་ལ་སྒོམ་རྒྱག་དགོས་པ་ནི། ཐོག་མར་རང་ཉིད་ལ་ཐོབ་པའི་དལ་འབྱོར་གྱི་མི་ལུས་རིན་ཆེན་གྱི་སྐོར་བསམ་བློ་གཏོང་དགོས། དེའི་རྗེས་འཆི་བ་སྒོམ་པ་དེ་རེད། དེ་ནི་ད་ལྟའི་གནས་སྟངས་འདི་བརྟན་པོར་མི་གནས་པ་དང་ཚང་མ་མི་རྟག་པ་ཡིན་པ་དེ་རེད། གནད་དོན་གསུམ་པ་དེ་ནི་སྐྱབས་སུ་འགྲོ་བའི་སྒོ་ནས་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་བསྟེན་རྒྱུ་དེ་རེད། བཞི་པ་ནི་སྤྱོད་ལམ་དང་འབྲེལ་བའི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བསམ་བློ་གཏོང་རྒྱུ་དེ་རེད།
 
ཁྱེད་ཀྱིས་དེ་དག་གི་ཐོག་ལ་བསྒོམས་ནས་དེ་དག་རང་གི་སེམས་ཀྱི་གོམས་གཤིས་བཟང་པོ་ཞིག་ཏུ་འགྱུར་ཐབས་བྱེད་པའི་སྐབས། དེ་བྱེད་ལུགས་བྱེད་སྟངས་ནི་ཐོག་མར་རྣམ་པར་འབྱེད་པའི་སྒོམ་ཞིག་ལ་བརྟེན་དགོས་ཤིང་། སྐབས་རེར་དེ་ལ་དཔྱད་སྒོམ་ཞེས་ཟེར། དེ་ནས་སེམས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་འཇོག་སྒོམ་ཟེར་བ་ཞིག་ཡོད། དེ་གཉིས་ལས་དང་པོའི་ནང་། ཁྱེད་ཀྱིས་གནད་དོན་ཚང་མའི་ཐད་ལ་བསམ་བློ་གཏོང་བ་དང་། བརྟག་དཔྱད་བྱེད་པ། ཞིབ་འཇུག་བྱེད་པའི་སྒོ་ནས་གནད་དོན་རྣམས་ལ་དཔྱད་ཐབས་བྱེད་དགོས། དེ་ནས་ཁྱེད་རང་དངོས་པོའི་གནས་ལུགས་འདི་རེད་ཅེས་ཐག་གཅོད་བརྟན་པོ་ཞིག་ལ་སླེབས་དུས་དེའི་སྒང་ལ་སེམས་བཞག་ནས་སྒོམ་དགོས། དེ་ལ་འཇོག་སྒོམ་ཟེར་གྱི་ཡོད། ཁྱེད་ཀྱིས་དེ་གཉིས་རེས་མོས་ལྟར་བྱས་ཏེ། གནད་དོན་བྱེ་བྲག་པ་ཞིག་ལ་དཔྱད་པའི་སྒོ་ནས་ཞིབ་འཇུག་བྱེད་ཐབས་དང་། བདེན་དོན་དེ་བདེན་པ་ཡིན་ངེས་པ་ལ་སེམས་བརྟན་པོར་འཇོག་པའམ་རྩེ་གཅིག་ཏུ་གནས་པ་དེ་རེད།
 
ད་ངས་ཁྱེད་ལ་དྲི་བ་འགའ་ཤས་གཏོང་གི་ཡིན། ཐོག་མར་ཁྱེད་ཀྱིས་སྒོམ་གང་འདྲ་བྱས་ནས་རྒྱག་འགོ་བཙུག་གི་ཡོད་དམ། ཐོག་མའི་འགོ་འཛུགས་དེ་གང་རེད་དམ། ཁྱེད་ལ་སྒོམ་རྒྱག་འཇུག་མཁན་གྱི་འགོ་འཛུགས་བྱེད་ས་དེ་གང་རེད་དམ།

དེ་ནི་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་བསྒྲུབ་པའི་ཆེད་དུ་སྒོམ་གང་འདྲ་རྒྱག་གི་ཡོད་པའི་སྐོར་བསམ་བློ་གཏོང་བ་དེ་རེད།

འབུམ་རམས་པ་བྷར་ཛིན། ཀུན་སློང་ལ་གཞིགས་ན། དེ་བདེན་པ་རེད། འོན་ཀྱང་རིན་པོ་ཆེས་སྒོམ་གྱི་ནང་འཇུག་པའི་ཐོག་མར་འགོ་འཛུགས་ས་དེ་གང་རེད་ཅེས་ཡང་བསྐྱར་འདྲི་གནང་གི་འདུག །ཁྱེད་རང་ལ་ཀུན་སློང་དགོས་པ་བདེན་པ་རེད། འོན་ཀྱང་འགོ་འཛུགས་བྱེད་ས་དེ་གང་རེད་དམ།

དེ་ནི་སེམས་ཞི་འཇམ་བཟོ་ཕྱིར་དབུགས་ལ་དམིགས་པ་གཏད་རྒྱུ་དེ་རེད།

འབུམ་རམས་པ་བྷར་ཛིན། དེ་ལས་གཞན་ཡོད་དམ་ཞེས་རིན་པོ་ཆེས་འདྲི་གནང་གི་འདུག

སྲིད་པ་འཁོར་བའི་སྡུག་བསྔལ་ཤེས་པ་དེས་ཁྱེད་རང་དེ་ལས་འདས་ནས་འགྲོ་བར་སེམས་སྐུལ་བྱེད་དམ།

སེར་ཀོང་རིན་པོ་ཆེ། ཁྱེད་རང་ཚོ་ཚང་མའི་ཆེད་དུ་དེ་ནི་སླར་ཡང་སྒོམ་རྒྱག་པའི་ཀུན་སློང་གི་སྡེ་ཚན་ཁོངས་སུ་གཏོགས་ཀྱི་ཡོད། དྲི་བར་ལན་འདེབས་བྱས་ཟིན་པ་གསུམ་ཀ་སྒོམ་རྒྱག་སྟངས་དང་འབྲེལ་བའི་སྤྱིར་བཏང་གི་ཆ་ནས་ཡིན་པ་རེད། དྲི་བ་ནི་ཆོས་ཉམས་ལེན་པ་ཞིག་དང་ཆོས་དངོས་སུ་ཉམས་ལེན་མི་བྱེད་མཁན་གཉིས་ཀྱི་དབར་དང་། ཡང་ན་ནང་པ་དང་ནང་པ་མ་ཡིན་མཁན་གཉིས་ཀྱི་དབར་ཁྱད་པར་འབྱེད་པའི་སྒོ་ལྟ་བུ་དེ་གང་རེད་དམ། བྱས་ཙང་། དྲི་བ་དེ་སྒོམ་འགྲེལ་བརྗོད་བྱེད་པའི་དབྱེ་མཚམས་ཀྱི་གནད་དོན་གང་ཡིན་པ་དང་འབྲེལ་ཆེ་བ་རེད།
 
༼ཏོག་ཙམ་རིང་བར་མཚམས་འཇོག་པ།༽

འབུམ་རམས་པ་བྷར་ཛིན། གལ་ཏེ་ཁྱེད་རང་སྟོང་ཉིད་ཀྱི་སྐོར་ལ་སྒོམ་རྒྱག་གིན་ཡོད་ན། ཕལ་ཆེར་གོང་ཞུས་ཀྱི་སྒོ་ཟེར་བའི་ཚིག་དེ་ཏག་ཏག་མ་ནོར་བ་ཞིག་བསྒྱུར་གྱི་མེད། ངས་ཀྱང་གང་དྲིས་པའི་གནད་དོན་དེ་དངོས་གནས་ཤེས་མ་སོང་། དེར་བརྟེན་དེ་ནི་ཕན་ཚུན་འབྲེལ་བ་ཡག་པོ་ཞིག་ཡོང་གི་མི་འདུག

ཁྱེད་ཀྱིས་སྒོམ་གྱི་རྨང་གཞིའི་སྐོར་གསུང་གི་ཡོད་དམ།

འབུམ་རམས་པ་བྷར་ཛིན། དེ་ནི་ “ཁྱེད་ཀྱིས་སྒོམ་རྒྱག་འགོ་འཛུགས་སའི་སྒོ་ལྟ་བུ་དེ་གང་རེད་དམ་” ཟེར་བ་དེ་གང་དྲིས་པའི་དྲི་བ་དེ་ཆགས་ཀྱི་ཡོད། དཔེར་ན། ཁྱེད་ཀྱིས་ཡི་གེ་འབྲི་སྟངས་སྦྱོང་འགོ་བཙུག་པའི་སྐབས། འགོ་འཛུགས་ས་དེ་གང་རེད་དམ། ཁྱེད་ཀྱིས་བྱེད་པའི་ལས་དོན་དང་པོ་དེ་གང་རེད་དམ་ཞེས་པ་ནི་རིན་པོ་ཆེས་འགྲེལ་བརྗོད་གནང་གི་ཡོད། དེ་ནི་གང་དྲིས་པའི་དྲི་བ་དེ་རེད། ཁྱེད་ཀྱིས་ཐོག་མར་འགོ་འཛུགས་ས་དེ་གང་རེད་དམ། ཁྱེད་ཀྱིས་ཐོག་མར་ཡི་གེ་འབྲི་འགོ་བཙུག་སྐབས། དང་པོ་ཀ་མད་ནས་སྦྱོང་འགོ་བཙུག་གི་རེད། དེ་ག་ནང་བཞིན་ཁྱེད་ཀྱིས་སྒོམ་ཐོག་མར་རྒྱག་པའི་སྐབས། དང་པོ་སྒོམ་རྒྱག་དགོས་པའི་རང་སོ་སོའི་ཀུན་སློང་ལ་བརྟག་དཔྱད་བྱེད་དགོས། འདི་ནི་ཁྱེད་ཀྱིས་བྱེ་བྲག་ཏུ་ལན་འདེབས་བྱེད་བཞིན་པ་དང་བསྡུར་ན་སྤྱིར་བཏང་ཤིག་རེད། ཀུན་སློང་གང་ཡིན་བརྟག་དཔྱད་བྱས་ནས་གལ་ཏེ་ཀུན་སློང་བཟང་པོ་ཞིག་མིན་ན། ཁྱེད་ཀྱིས་གང་བཤད་པ་དེ་བྱེད་དགོས། དེ་ནི་དབུགས་ལ་དམིགས་པ་གཏད་རྒྱུ་དེ་རེད། ཁྱེད་རང་སྒོམ་རྒྱག་པའི་ཆེད་མར་བསྡད་པའི་སྐབས། གལ་ཏེ་ཁྱེད་རང་གི་སེམས་ཀྱི་སྒྲོམ་གཞི་ཧ་ཅང་ཞེ་སྡང་ཅན་ཞིག་གི་ནང་ཡོད་ན། སེམས་ཞི་ཞིང་བརྟན་ཚུགས་པོ་བཟོ་བའི་ཆེད། དབུགས་ཀྱི་ཐབས་ལ་བརྟེན་ནས་སྒོམ་རྒྱག་དགོས།

དེར་བརྟེན་ཁྱེད་ཀྱིས་གནས་ཁང་བྱི་དོར་བྱེད་པའམ་སྒོམ་རྒྱག་ས་གད་ཕྱིས་རྒྱག་པ་དང་གཙང་མ་བཟོ་ཚར་རྗེས་འདུག་སྟངས་མ་ནོར་བར་སྟན་ལ་འཁོད་དེ་ཐོག་མར་འགོ་འཛུགས་བྱེད་ས་དེ་ནི། སོ་སོའི་ཀུན་སློང་བཅོས་རྒྱུ་དེ་རེད། ཀུན་སློང་ལ་བརྟག་དཔྱད་བྱ་རྒྱུ་དེ་དང་པོ་རེད། དེ་ཡང་ཁྱེད་ཀྱི་མིག་གཉིས་པོ་དམ་པོར་བཙུམས་ནས་བསྡད་དེ་འགོ་འཛུགས་བྱེད་དགོས་པའི་དོན་མིན། དོན་དག་གཙོ་བོ་ནི་ཐོག་མར་སྒོམ་རྒྱག་པའི་ཀུན་སློང་དེ་གང་ཡིན་བརྟག་དགོས། སྒོམ་རྒྱག་སྐབས་ཀུན་སློང་བཅོས་ཚུལ་གྱི་སྐོར་ལ་རིན་པོ་ཆེ་ནས་སྒྲུང་སྙན་པོ་ཞིག་གསུང་གི་རེད།

སེར་ཀོང་རིན་པོ་ཆེ། སྔོན་བོད་ལ་འབན་གུང་རྒྱལ་ལམ་འཕེན་རྐུན་རྒྱལ་ཟེར་བའི་ཇག་པ་མིང་ངན་ཀུན་གྲགས་ཅན་ཞིག་ཡོད། ཁོ་ལ་ས་ཞིང་ཨེ་ཀར་བཞི་བཅུ་ཅན་ཞིག་ཡོད་པ་དང་དེ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དེས་འདང་ངེས་ཤིག་མེད་པ་དང་ཁོ་རང་ཇག་པ་ཞིག་ཡིན་ཙང་། ཕྱི་རུ་འཕྲོག་བཅོམ་བྱེད་པ་དང་། ཉ་འཛིན་པ། རྔོན་པ་རྒྱག་པ་སོགས་བྱེད་ཀྱི་ཡོད། ཐེངས་ཤིང་ཁོ་རང་རི་རྩེ་ལ་ཡོད་པའི་སྐབས། འགྲུལ་པ་ཞིག་རྟ་བཞོན་ནས་སླེབས་པ་དང་ཐུག །འགྲུལ་པ་དེས་འབན་གུང་རྒྱལ་ཡིན་པ་ངོ་མ་ཤེས་ནས་ཁོ་ལ། “ཁྱེད་ཀྱིས་མིང་ངན་ཀུན་གྲགས་ཅན་གྱི་འབན་གུང་རྒྱལ་ཟེར་བའི་ཇག་པ་དེ་འདིར་ཡོད་མེད་གོ་ཐོས་དང་ཤེས་རྟོགས་བྱུང་ངམ།” ཞེས་དྲིས་པས། ཁོས་ངར་སྐད་དང་བཅས་ཏེ། “འབན་གུང་རྒྱལ་ང་ཡིན་” ཞེས་བརྗོད་པས། འགྲུལ་པ་དེ་ཧ་ཅང་ཞེད་སྣང་སྐྱེས་ནས་རྟ་ནས་ལྷུངས་པ་དང་རི་འདབས་ནས་མར་ཟགས་པ་རེད། འབན་གུང་རྒྱལ་ཁོ་རང་གི་མིང་ཐོས་པ་ཙམ་གྱིས་རི་ནས་མར་ཟགས་པ་དེ་མཐོང་དུས་གང་འཚམ་གྱི་མི་བདེ་བ་ལྟ་བུ་ཆགས་པ་རེད། དེ་ནས་ཁོས་རང་ཉིད་ཇག་པ་ཞིག་ཡིན་པ་དང་། ཁོས་ད་བར་ལས་ཀ་གང་བྱས་པ་དེ་དག་ནོར་འཁྲུལ་ཡིན་པར་ཐག་བཅད་པ་རེད། ཁོས་རང་གིས་རང་ལ་ནོར་འཁྲུལ་བྱས་པ་རྣམས་ཁས་ལེན་བྱས་པ་དང་འགྱོད་པ་སྐྱེས་ནས་ད་བར་ལམ་ཁ་ནོར་ནས་འགྲོ་གི་ཡོད་པ་དེ་ལེགས་བཅོས་བྱ་རྒྱུའི་བློ་ཐག་བཅད་པ་རེད། དེ་ནས་བཟུང་སྟེ་ཁོས་ཆོས་ཉམས་ལེན་བྱེད་པ་དང་མི་ཚེ་དྲང་པོའི་ངང་ནས་བསྐྱལ་བ་རེད།

དེའི་བར་དུ་ཁོས་མི་དགེ་བ་དང་དགེ་བའི་ལས་དང་བསམ་བློ་ལ་དམིགས་སུ་བཀར་ནས་དོ་སྣང་བྱས་པ་དང་། ཉིན་རེར་སློབ་ཚན་ལྟ་བུར་བཟོས་ནས་རྩིས་རྒྱག་གི་ཡོད། བྱས་ཙང་། ཁོས་ཉིན་རེའི་རྩིས་ཁྲ་ལྟ་བུ་ཞིག་བཟོས་པ་རེད། ཁོས་མི་དགེ་བའི་ལས་གང་འདྲ་ཞིག་བྱས་པ་དང་བསམས་པ་རྣམས་ལ་རྟགས་ནག་པོ་ཞིག་རྒྱག་པ་དང་། དགེ་བའི་ལས་བཟང་པོ་རེ་རེ་ལ་ཁོས་རྟགས་དཀར་པོ་ཞིག་འབྲི་གི་ཡོད། ཐོག་མར་མང་ཆེ་བ་ནི་ནག་རྟགས་རྐྱང་རྐྱང་ཡིན་པ་ལས་དཀར་རྟགས་ཧ་ཅང་དཀོན་པོ་ཡོད། དེ་ནས་ཁོས་སྒོམ་རྒྱག་པ་དང་ཕན་ཐོགས་ཅན་གྱི་གོམས་གཤིས་རྒྱུད་ལ་སྐྱེད་པར་བྱས་ཏེ། ཉིན་རེ་རེའི་མཐའ་མའི་སྐབས་སུ་ནག་རྟགས་རྣམས་མཐར་ཇེ་ཉུང་དུ་ཕྱིན་པ་དང་དཀར་རྟགས་ཇེ་མང་ཆགས་པ་རེད། རྗེས་སུ་ཉིན་རེ་བཞིན་དུ་དཀར་རྟགས་ཧ་ཅང་མང་པོ་ཆགས་ཀྱི་ཡོད་པ་ཁོས་ཤེས་རྟོགས་བྱུང་བ་རེད། དེ་ནས་ཁོས་ཆོས་ཀྱི་མིང་ཞིག་བླངས་པ་རེད། དེ་ནི་ཚུལ་ཁྲིམས་རྣམ་པར་རྒྱལ་བ་ཞེས་སུ་གྲགས།
 
ཁོས་དེ་ལྟར་མུ་མཐུད་དེ་སྦྱོང་བརྡར་བྱས་པས། ཉིན་མཐའ་མའི་སྐབས། གལ་ཏེ་ཁོས་ནག་རྟགས་མང་པོ་མཐོང་ན། ཁོས་རང་གི་ལག་པ་གཡས་པ་དེ་གཡོན་པར་དྲག་པོའི་སྒོ་ནས་བཏང་ནས། “འབན་གུང་རྒྱལ། ཁྱེད་དངོས་ནས་རུལ་ཚར་འདུག །ཁྱེད་རང་ཆོས་ཉམས་ལེན་བྱ་རྒྱུ་ཐབས་ཤེས་བྱེད་ཀྱིན་ཡོད་ནའང་། ཁྱེད་ཀྱིས་གང་བྱེད་པ་ཚང་མ་ཆོས་དང་མཐུན་གྱི་མི་འདུག་” ཅེས་བརྗོད་ནས་རང་གིས་རང་ལ་གཤེ་གཤེ་ཚབས་ཆེན་ཞིག་གཏོང་གི་ཡོད། གལ་ཏེ་ཁོ་ལ་དཀར་རྟགས་མང་བ་ཡོད་ན། དེ་ནས་ཁོས་རང་གི་ལག་གཡོན་པ་དེ་གཡས་པར་བཏང་ནས། “ཁྱེད་ཀྱིས་དངོས་གནས་ལས་ཀ་ཡག་པོ་བྱེད་ཀྱིན་འདུག །ཁྱེད་རང་དངོས་གནས་ཚུལ་ཁྲིམས་རྣམ་པར་རྒྱལ་བ་དེ་རེད་འདུག་” ཅེས་རྗེས་སུ་ཡི་རང་དང་བཅས་རང་གིས་རང་ལ་བསྔགས་བརྗོད་བྱེད་པ་དང་སེམས་ཤུགས་སྤར་གྱི་ཡོད།
 
ཕྱིས་སུ་ཁོང་ཧ་ཅང་གྲགས་ཅན་གྱི་དགེ་རྒན་བཟང་པོ་དགེ་བཤེས་འབན་གུང་རྒྱལ་ཞེས་སུ་གྱུར་བ་དང་། ཁོང་གི་མཚན་ལ་ཚུལ་ཁྲིམས་རྣམ་རྒྱལ་ཞེས་ཟེར་ཞིང་། མི་མང་པོ་ཁོང་མཇལ་འཕྲད་དུ་སླེབས་པ་དང་སྦྱིན་བདག་མང་པོས་ཁོང་ལ་རོགས་སྐྱོར་བྱེད་ཀྱི་ཡོད། ཉིན་གཅིག་ཁོང་གི་སྦྱིན་བདག་བུད་མེད་ཅིག་གིས་ཁོང་ནང་དུ་ཞལ་ལག་ལ་གདན་འདྲེན་ཞུས་པ་རེད། ཁོང་དེར་བཞུགས་པའི་སྐབས། བུད་མེད་དེ་ཕྱི་ལོགས་ཕྱིན་པ་དང་སྔོན་ཁོ་རང་རྐུན་པོ་ཡིན་པའི་བག་ཆགས་ཀྱིས་བུད་མེད་དེས་ཇ་ཉར་སའི་སྣོད་ཆེན་པོ་ཞིག་ཡོད་པ་དེ་མཐོང་བ་དང་དེའི་ནང་ལག་པ་བླུགས་ནས་ཇ་ལོ་འགའ་ཤས་རྐུ་གྲབས་བྱས་པ་རེད། དེ་ནས་ཁོས་ག་རེ་བྱེད་ཀྱིན་ཡོད་པ་དེ་ཤེས་ནས་ལག་པ་གཅིག་གིས་གཞན་དེ་བཟུང་སྟེ། “ཨ་མ་ལགས། མགྱོགས་པོ་ཤོག །ངས་རྐུ་མ་ཞིག་ཟིན་ཡོད།” ཅེས་བུད་མེད་དེ་ལ་སྐད་འབོད་རྒྱག་པ་ལྟ་བུ་རེད།
 
ཡང་སྐབས་གཞན་ཞིག་ལ། མི་ཞིག་ཡོད་པ་དང་མི་དེ་ཡང་དགེ་བཤེས་འབན་གུང་རྒྱལ་གྱི་སྦྱིན་བདག་ལྟ་བུ་རོགས་སྐྱོར་བྱེད་མཁན་ཞིག་ཡིན་པ་རེད། མི་དེས་བརྡ་འཕྲིན་ཞིག་བཏང་ནས་ཁོང་མཇལ་དུ་ཡོང་གི་ཡིན་ཞེས་བརྗོད་པ་རེད། བྱས་ཙང་། འབན་གུང་རྒྱལ་ཞོགས་པ་སྔ་པོ་ལངས་ནས་མགྱོགས་པོ་རང་གི་སྡོད་སའི་ཁང་ཆུང་དེ་གཙང་མ་གང་ཐུབ་བཟོས་གནང་བ་རེད། མཆོད་པ་འབུལ་བ་དང་། མར་མེ་སྤར་བ། དྲི་ཞིམ་བདུག་སྤོས་སྤར་བ་སོགས་བྱི་དོར་མཛད་པ་རེད། དེ་ནས་ཁོང་མར་བཞུགས་ནས་སྒོམ་རྒྱག་འགོ་ཚུགས་པ་དང་། ཐོག་མར་ཁོས་ཞོགས་པ་གང་བྱས་པ་དེའི་ཀུན་སློང་གང་ཡིན་ལ་བརྟག་དཔྱད་བྱས་པ་རེད། ཁོས་སྦྱིན་བདག་དེ་སླེབ་འཆར་ཡོད་ཙང་། དེའི་ཆེད་དུ་དེ་དག་ཐམས་ཅད་གྲ་སྒྲིག་བྱས་པ་དང་། སྦྱིན་བདག་དེ་སེམས་སྐུལ་ཐེབ་བཅུག་ནས་ད་དུང་མང་བ་རག་ཐབས་བྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེ་ནི་གང་ལ་གང་འཚམ་གྱི་ཀུན་སློང་ཡག་པོ་ཞིག་མིན་པ་རྟོགས་ནས་ཡར་བཞེངས་ཏེ། མེ་ཐབ་ཡོད་ས་དེར་ཕྱིན་ནས་བོད་ནང་གོ་ཐལ་བླུགས་སའི་སྣོད་ཅིག་ཉར་སྲོལ་ཡོད་པ་རེད། དེ་ལས་གོ་ཐལ་བླངས་ཏེ་ཁང་པའི་ནང་གི་ཅ་དངོས་ཚང་མར་གཤོས་པ་དང་། ཁང་པ་ཧ་ཅང་ཛ་ཛོར་དང་བཙོག་པ་བཟོས་པ་རེད།
 
འདིས་དོན་དག་ག་རེ་སྟོན་གྱི་ཡོད་ཅེ་ན། ཁྱེད་ཀྱིས་སྒོམ་གང་འདྲ་ཞིག་རྒྱག་ནའང་། ཐོག་མར་དེའི་ཀུན་སློང་གང་ཡིན་བརྟག་དཔྱད་བྱེད་དགོས། ཁྱེད་ཀྱིས་བརྟག་དཔྱད་བྱེད་པའི་སྐབས། རང་རྒྱུད་ལ་ཞེ་སྡང་དང་། ཁོང་ཁྲོ། འདོད་ཆགས་སོགས་ཧ་ཅང་ཤུགས་ཆེན་ཡོད་པ་ཤེས་པའམ། ཡང་ན་སེམས་ནང་བསུན་གཙེར་ཅན་གྱི་ཉོན་མོངས་པ་མང་པོ་ཡོད་པ་ཤེས་ན། དེའི་སྐབས་སུ་ཁྱེད་ཀྱིས་དབུགས་སྦྱོང་བསྒོམ་དགོས། དཔེར་ན། དབུགས་ཕྱིར་ག་ལེར་དབྱུང་བ་དང་ནང་དུ་ག་ལེར་རྔུབས་ནས་དེ་གྲངས་ཀ་གཅིག་བརྩི་དགོས། དེ་ལྟར་ཐེངས་མ་ཉི་ཤུ་རྩ་གཅིག་བསྐྱར་ཟློས་བྱེད་དགོས། དེའི་རྒྱུད་རིམ་ནང་རང་གི་སེམས་ཞི་འཇམ་བཟོ་དགོས། ཁྱེད་ལ་བསུན་གཙེར་བཟོ་མཁན་གྱི་སེམས་ཚོར་གང་འདྲ་ཞིག་ཡོད་ནའང་། དེ་སྐད་ཅིག་ཉིད་དུ་ཞི་འགྲོ་གི་རེད།
 
དུས་ཕྱིས་སུ་འབན་གུང་རྒྱལ་ལ་སྦྱིན་བདག་ཧ་ཅང་མང་པོ་ཡོད་པ་དང་གཞན་ཚང་མ་ནས་རོགས་སྐྱོར་ཐོབ་ཀྱི་ཡོད་པ་དེས། “སྔོན་མ་ང་རང་ཇག་པ་ཞིག་ཡིན་དུས་ས་ཞིང་ཨེ་ཀར་བཞི་ཅུ་ཡོད་པ་དང་། ད་དུང་ངས་མཚན་མོ་རྐུ་མ་རྐུས་པ་དང་། ཉ་བཟུང་བ། རྔོན་པ་རྒྱག་པ་ཡིན། འོན་ཀྱང་ངའི་ཁའི་ནང་ཁ་ལག་འདང་ངེས་བཟའ་རྒྱུ་མེད། ད་ལྟ་ང་རང་ཆོས་ཉམས་ལེན་པ་ཞིག་ཆགས་ནས་ང་རང་ལ་ཅ་དངོས་མི་དགོས་ནའང་། ད་དུང་མི་རྣམས་སླེབས་ནས་ང་ལ་སྤྲོད་ཀྱི་འདུག །སྔོན་མ་ངའི་ཁའི་ནང་ཁ་ལག་འདང་ངེས་བཟའ་རྒྱུ་རྙེད་ཀྱི་མེད། ད་ལྟ་ཁ་ལག་གྲོད་པར་འགྲོ་བའི་ཁ་འདང་ངེས་ཤིག་རྙེད་ཀྱི་མི་འདུག་” ཅེས་བརྗོད་པ་རེད།

 ཁྱེད་ཀྱིས་སོ་སོའི་ཀུན་སློང་ལ་བརྟག་དཔྱད་བྱས་རྗེས། གལ་ཏེ་ཀུན་སློང་དེ་སྐྱོ་པོ་ཞིག་དང་སེམས་ཀྱི་གནས་བབས་སྡུག་ཅག་ཅིག་གི་ནང་ཡོད་ན། ཁྱེད་ཀྱིས་དབུགས་སྦྱོང་ལ་བརྟེན་ནས་སེམས་ཞི་བདེ་ལྷིང་འཇགས་བཟོ་དགོས། དེའི་རྗེས་སུ་སྒོམ་ཐུན་དངོས་ལ་འཇུག་དགོས། དེ་ཡང་དཔེར་ན། སོ་སོར་ཐོབ་པའི་མི་ལུས་རིན་ཆེན་གྱི་སྐོར་བསམ་བློ་གཏོང་བ་དང་སེམས་ཀྱི་གོམས་གཤིས་ཕན་ཐོགས་ཅན་སྐྲུན་པ་སོགས་སྒོམ་ཐུན་དེའི་ཆེད་དུ་བརྗོད་གཞི་གང་གི་སྐོར་ཤོད་ཀྱིན་ཡོད་ནའང་དེ་ལ་བསམ་བློ་གཏོང་དགོས། གལ་ཏེ་ཀུན་སློང་ལ་བརྟག་དཔྱད་བྱས་ནས་ཁྱེད་ཀྱིས་དེ་འགྲིག་པར་མཐོང་ན། དེ་ནས་ཐོག་མར་དབུགས་སྦྱོང་བྱེད་མི་དགོས་པར། ཐད་ཀར་སྒོམ་ཐུན་དངོས་ཀྱི་བརྗོད་དོན་ཐད་འགྲོ་ཆོག

སྒོམ་གྱི་སྟངས་ཀའམ་འདུག་སྟངས་ནི་ལུས་རྣམ་སྣང་གི་ཆོས་བདུན་ནམ་བརྒྱད་གང་རུང་ལ་གོ་དགོས། བརྒྱད་པ་དེ་ནི་དབུགས་ལ་གོ་བ་དང་དེ་ཁོངས་སུ་བཅུག་ན་ཆོག་ལ་མ་བཅུག་ནའང་ཆོག །དབུགས་གྲངས་ཀ་བརྩི་བ་དེས་རང་རྒྱུད་ཀྱི་ཉོན་མོངས་རྣམས་མགོ་སྐོར་བཏང་ནས་སྐད་ཅིག་ཉིད་དུ་མེད་པ་ཇི་ལྟར་བཟོ་བའི་ཐད་ལ་དཔེ་རྒྱན་ཞིག་ཡོད། དཔེ་རྒྱན་དེ་ནི། ཁང་པ་འདིའི་ནང་ཆོས་ཞུ་བས་ཁེངས་ནས་ཡོད་པའི་དབང་དུ་བཏང་ནས་གལ་ཏེ་སང་ཉིན་མི་འཕར་མ་སླེབ་འདོད་ཡོད་ན། མི་དེ་ལ་ས་མིག་དང་སྡོད་ས་མེད་པ་རེད། གལ་ཏེ་མི་དེ་ནང་དུ་འཛུལ་ནས་ཆོས་ཞུ་བ་ཞིག་ལ་ཐད་ཀར། “ཀ་ཡེ། ཁྱེད་རང་སྡོད་ས་དེ་ང་སྤྲོད་དང་། ང་རང་སྡོད་འདོད་འདུག་” ཅེས་བརྗོད་ན། དེས་ཕན་ཐོགས་མེད་ལ་སྡོད་ས་རག་གི་མ་རེད། གལ་ཏེ་མི་དེ་ནང་དུ་འཛུལ་ནས་ཆོས་ཞུ་བ་ཞིག་ལ་སྒྲུང་ཞིག་རང་བཟོ་བྱས་ཏེ། “ཀ་ཡེ། ཕྱི་ལོགས་ལ་ཡ་མཚན་ཅན་དང་དངོས་གནས་དོ་དབྱིངས་བྱེད་དགོས་པ་ཞིག་འདུག །ཁྱེད་རང་གཅིག་ཕྱིན་ནས་ལྟོས་དང་། ལྟད་མོ་འདུག་” ཅེས་བརྗོད་ན། མི་དེ་ཡར་ལངས་ནས་ཕྱི་ལ་ཕྱིན་པ་དང་ཆོས་ཞུ་བ་དེའི་སྡོད་སར་མི་དེ་སྡོད་ཆོག །བྱས་ཙང་། མི་དེས་ཇུས་ངན་གཤམས་ནས་སྡོད་ས་དེ་རག་པ་བྱས་ཡོད། དེ་ག་ནང་བཞིན་དབུགས་ཀྱིས་ཁྱེད་ཀྱི་ཉོན་མོངས་རྣམས་ལ་མགོ་སྐོར་བཏང་ནས་གནས་སྐབས་དེར་མེད་པ་བཟོ་གི་ཡོད།

སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་དྲི་བ་ཁག

འབུམ་རམས་པ་བྷར་ཛིན། ཁྱེད་ཀྱིས་མདང་དགོང་དྲི་བ་བཏང་བའི་སྐྱེ་བ་སྔ་ཕྱིའི་སྐོར་དེ་ངས་རིན་པོ་ཆེ་ལ་ཞུས་པ་ཡིན། དྲི་བ་དེ་གང་རེད་ཅེ་ན། གལ་ཏེ་ཁྱེད་ཀྱིས་ཉམས་ལེན་སྣ་ཚོགས་བྱེད་བཞིན་པའི་སྐབས། སྐྱེ་སྔ་ཕྱི་ཡོད་དང་མེད་ཀྱི་གནད་དོན་སྐོར་ལ་ད་དུང་བསམ་ཞིབ་བྱེད་ཀྱིན་ཡོད་ན། དེ་ནི་འགྲོ་ལུགས་ལྟར་ཆོས་ཞིག་ལ་ཆ་འཇོག་བྱེད་དགོས་སམ། དེ་ལ་རིན་པོ་ཆེ་ནས། གལ་ཏེ་ཁྱེད་ཀྱིས་ཆོས་ཟེར་བ་དེ་མ་འོངས་པའི་སྐྱེ་བའི་ནང་ངན་སོང་དུ་མི་ལྷུང་བའི་སྔོན་འགོག་གི་ཐབས་ལམ་ཞིག་ལ་འགྲེལ་བརྗོད་བྱེད་པ་དང་། དེ་ནས་ཁྱེད་ཀྱིས་སྐྱེ་བ་ཕྱི་མར་ཕན་པའི་ཆེད་དུ་བསམ་བློ་གཏོང་གི་མེད་ན། ཁྱེད་ཀྱི་ལས་རྣམས་ངན་སོང་དུ་སྐྱེ་བ་འགོག་པའི་ཕྱོགས་སུ་འགྲོ་གི་མ་རེད། གང་ཡིན་ཞེ་ན། ཁྱེད་ཀྱིས་ཆ་རྐྱེན་དེ་དག་ལ་གཞིགས་ནས་བསམ་བློ་དངོས་གནས་གཏོང་མེད། དེས་ཁྱེད་ཀྱིས་གང་བྱེད་ཀྱིན་ཡོད་པ་དེ་དགེ་བའི་ནུས་པ་གསོག་གི་ཡོད་པའི་བདེན་དོན་ལ་དགག་པ་རྒྱག་གི་མེད། དེ་ནི་ཕན་ཐོགས་ཅན་ཞིག་ཡིན། གང་ཡིན་ཞེ་ན། ཆོས་ཞེས་པའི་ཚིག་ལ་བསྒྱུར་ཡོད་པ་དེ་ནི་སྤྱིར་བཏང་འཆར་ཅན་གྱི་ཐ་སྙད་བེད་སྤྱོད་བྱེད་ཕྱོགས་ཐད་སྔོན་འགོག་གི་ཐབས་ལམ་རིམ་པ་མང་པོ་ཡོད།

དཔེ་ཆ་བཞག་ན། ཁྱེད་རང་སྨན་པའི་མདུན་དུ་བཅར་ནས་ཁབ་འདྲ་པོ་རྒྱག་པ་རེད། དེ་ནི་ཁྱེད་རང་མི་ན་བའི་ཆེད་དུ་དང་སྔོན་འགོག་གི་ཆེད་དུ་རེད། དེ་ནི་ཚེ་འདི་ལ་ཕན་ཐོགས་ཅན་ཞིག་རེད། ང་ཚོ་མི་དཀྱུས་མའི་རིམ་པའི་ཐོག་ནས་དེ་རང་བཞིན་གྱིས་སྔོན་འགོག་གི་ཐབས་ལམ་ཞིག་རེད། དེ་དང་མཚུངས་པར་ཚེ་འདིའི་ནང་ཁྱེད་ཀྱིས་གང་བྱེད་པ་དང་། དུས་སྐབས་དེའི་ནང་ཁྱེད་ཀྱིས་ཐབས་ལམ་ངེས་ཅན་གང་འདྲ་ཞིག་ལག་བསྟར་བྱེད་དགོས་པ། དེ་དག་ལ་འབྲས་བུ་ཞིག་འདིར་ཡོད་སྐབས། དེ་ཡང་ཚེ་འདིའི་ནང་སྔོན་འགོག་གི་ཐབས་ལམ་ཞིག་རེད། འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་ལམ་རིམ་ནས་འགྲེལ་བརྗོད་བྱས་པའི་སེམས་ཀྱི་ལམ་དངོས་ཀྱི་སྐོར་ལ་འགྲོ་ལུགས་ལྟར་ཤོད་ཀྱིན་ཡོད་ན། དེ་ནི་ཀུན་སློང་གི་རིམ་པ་མི་འདྲ་བ་གསུམ་མམ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པའི་སྐོར་ཡིན་པས། དེ་དག་ཐམས་ཅད་ནི་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་སྔ་རོལ་ནས་ཡོང་གི་ཡོད། ཁྱེད་ཀྱིས་སྐྱེ་བ་ཕྱི་མར་ཕན་པའི་བསམ་བློ་ཞིག་དངོས་སུ་གཏོང་བའི་སྐབས། ལམ་གྱི་འགྲེལ་བའི་ནང་གསུངས་པའི་གོམ་པའམ་རིམ་པ་དང་པོ་ཁོ་ནར་འཇུག་ཆོག་པ་ཡིན།

དེ་འདྲ་སོང་ཙང་། དེ་ནི་ནུབ་ཕྱོགས་པ་ཡིན་པའི་ཆ་ནས་ང་ཚོས་འགོ་འཛུགས་བྱེད་ས་ནི་དེའི་སྔ་རོལ་གྱི་རིམ་པ་དེ་རེད། གལ་ཏེ་བོད་མི་ཚོས་ཆོས་ཀྱི་ལམ་ལ་འགྲེལ་བརྗོད་བྱེད་འགོ་བཙུག་པ་དེ་ཁྱེད་ཀྱིས་སྐྱེ་བ་ཕྱི་མར་དངོས་སུ་ཕན་པའི་ཆེད་དུ་འབད་བརྩོན་བྱེད་པ་ལ་ཐུག་ཡོད་ན། དེ་ནས་རིམ་པ་དེར་སླེབས་པར། སྐྱེ་བ་ཕྱི་མའི་སྐོར་དང་རང་ཉིད་ལ་དེ་དག་ཡོད་པ་ཇི་ལྟར་སྒྲུབ་པའི་སྐོར་ཤེས་དགོས་ངེས་ཡིན།
 
སེར་ཀོང་རིན་པོ་ཆེ། ང་ཚོ་ལ་ལུས་དང་སེམས་ཡོད་པ་ཚང་མས་ཤེས་ཀྱི་ཡོད། ཀ་བ་དང་མདུང་མ་སོགས་ལ་ནི་ང་ཚོ་ཚང་མས་གོ་ཚོད་ཐུབ་པའི་རྣམ་ཤེས་སམ་སེམས་ཤིག་མེད། གལ་ཏེ་ང་ཚོ་དྲན་ཤེས་ཡོད་ཚུལ་མི་འདྲ་བའམ་སེམས་མེད་པའི་ལུས་པོ་ཁོ་ན་ཙམ་ཞིག་ཡིན་ན། དེ་ནས་ཚང་མ་ལུས་སམ་གཟུགས་ཙམ་ཡིན་པས། ང་ཚོ་ཤི་རོ་དང་ཁྱད་པར་མེད་པ་རེད་ལ། ཀ་བ་དང་མདུང་མ་ལས་ཁྱད་པར་མེད་པ་རེད།

ཁྱེད་ཀྱི་མཚན་ལ་གང་རེད་དམ།

ཐུབ་བསྟན།

བྱས་ཙང་། ཁྱེད་ཀྱིས་ཐུབ་བསྟན་ཞེས་སོ་སོའི་མིང་འབོད་དུས་ང་ཚོས་ཁྱེད་ཀྱི་ལུས་པོ་མཐོང་གི་ཡོད། ང་ཚོས་ཁྱེད་ཀྱི་སེམས་དང་དྲན་ཤེས་ངང་ཡོད་ལུགས་ཡོད་སྟངས་དེ་མཐོང་མི་ཐུབ། ཡིན་ནའང་ཁྱེད་ཀྱིས་སེམས་དེ་སེམས་ཀྱི་བྱེད་ལས་ལྟ་བུར་ཤོད་སྐབས། དེ་ནས་ཁར་རྩང་དང་། དེ་རིང་། སང་ཉིན་བཅས་ཀྱི་སེམས་ཀྱི་བྱེད་ལས་ཡོད། སེམས་དང་སེམས་ཀྱི་བྱེད་ལས་དེ་མེད་པ་ཆགས་པའི་དུས་ཤིག་ནམ་ཡང་མེད་པར་དེ་ནི་རྒྱུན་ཞིག་ཡིན། ཁྱེད་ཀྱིས་ཐ་སྙད་དེ་དག་ལ་བསམ་བློ་གཏོང་འགོ་བཙུག་སྐབས། ལུས་པོ་འདི་མཇུག་རྫོགས་ནས་མེད་པ་ཆགས་རྒྱུ་ཡོད་ནའང་། སེམས་ཀྱི་གནས་སྟངས་དེ་འདྲ་མིན་པ་ཁྱེད་ཀྱིས་ཤེས་ཐབས་བྱེད་དགོས།

སྤྱོད་ལམ་གྱི་ལས་རྒྱུ་འབྲས་ལ་ཁྱེད་རང་དངོས་གནས་ཡིད་ཆེས་བྱེད་ཚུལ་ལྟ་བུར་མཚོན་ན། ལས་བཟང་པོ་དང་དགེ་བའི་ལས་བྱས་ན། དེས་དགེ་བའི་ནུས་པ་བསགས་ནས་འབྲས་བུར་བདེ་སྐྱིད་འབྱུང་གི་ཡོད་པ་ངས་ཁར་རྩང་ཞུས་པ་ནང་བཞིན་རེད། དེ་ནི་ལུང་ཚད་མའམ་གང་ཟག་ཚད་མ་ལ་གཞི་བྱས་ནས་ཁྱེད་རང་ཡིད་ཆེས་པ་ཞིག་རེད། རྒྱུ་དང་འབྲས་བུའི་རྣམ་གཞག་གི་བྱ་བ་བྱེད་སྟངས་དེ་རང་གིས་རང་ལ་ཁུངས་སྐྱེལ་བྱེད་ཐུབ་པར། ཁྱེད་ཀྱི་མིག་གིས་མཐོང་རྒྱུ་ཧ་ཅང་ཁག་པོ་རེད། དེའི་ཐད་ལ་ཁྱེད་ཀྱིས་སངས་རྒྱས་ཀྱི་གསུང་ངམ་བཀའ་ལ་ཁས་ལེན་བྱེད་དགོས།
 
འོ་ན་དེ་ནི་ཁྱེད་ཀྱིས་མིག་གིས་མཐོང་མི་ཐུབ་པ་ཞིག་ཡིན་པ་དང་སངས་རྒྱས་ཀྱི་བཀའ་ལ་ཁས་ལེན་བྱེད་དགོས་ན། དེ་དག་ཁས་ལེན་ཇི་ལྟར་བྱེད་ཐུབ་བམ། དགེ་བའི་ལས་བྱས་པ་ལས་འབྲས་བུ་བདེ་སྐྱིད་འབྱུང་གི་ཡོད་པ་དང་། ང་ཚོའི་སེམས་རྒྱུན་དེ་སྐྱེ་བ་ཕྱི་མའི་ནང་མུ་མཐུད་དེ་འགྲོ་གི་ཡོད་པ་དེ་དག་གི་ཐོག་ལ་སངས་རྒྱས་ཚད་མ་དང་ཡང་དག་པ་ཇི་ལྟར་ཡིན་ནམ། གནད་དོན་དེ་དག་གི་ཐད་ལ་ཁྱེད་ཀྱིས་བདེ་པོ་དང་ཚད་མའི་སྒོ་ནས་སངས་རྒྱས་ཀྱི་བཀའ་དེ་ཇི་ལྟར་ཁས་ལེན་བྱེད་ཐུབ་པ་ནི། སངས་རྒྱས་ཀྱིས་གསུངས་པའི་གནད་དོན་གཞན་འགའ་ཤིག་གི་སྐོར་ལ་བསམ་བློ་བཏང་ནས་ཁས་ལེན་བྱེད་དགོས། དཔེར་ན། སངས་རྒྱས་ཀྱིས་སྟོང་ཉིད་དམ་དངོས་པོའི་གནས་ལུགས་ཀྱི་སྐོར་གསུངས་ཡོད་པ་དང་། སེམས་ཀྱི་གནས་བབས་ཞི་ལྷིང་བརྟན་ཚུགས་པ་སྟེ། ཞི་གནས་ཐོབ་པའི་ཆེད་དུ་ཐབས་ལམ་ཁག་གསུངས་ཡོད། གལ་ཏེ་སངས་རྒྱས་ཀྱིས་གནད་དོན་དེ་དག་གི་ཐོག་ལ་གང་གསུངས་ཡོད་པར་ཁྱེད་ཀྱིས་བལྟས་ནས་ཁོང་གིས་གང་གསུངས་པའི་རྗེས་སུ་འབྲངས་ནས་ཉམས་ལེན་བྱས་ན། དེ་དག་ཐམས་ཅད་བདེན་པ་ཡིན་པ་ཁྱེད་ཀྱིས་ཤེས་ངེས་རེད། ཁྱེད་ཀྱིས་རང་གི་ཉམས་མྱོང་ལ་བརྟེན་ནས་རང་གིས་རང་ལ་དེའི་ཐད་བདེན་དཔང་བྱེད་ཆོག་ལ། སངས་རྒྱས་ཀྱི་དངོས་པོའི་གནས་ལུགས་ཀྱི་ཐད་གང་གསུངས་པ་དེ་བདེན་པ་ཡིན། གང་ཡིན་ཞེ་ན། ཁྱེད་ཀྱིས་དེ་དག་མཐོང་ཐུབ་ཀྱི་ཡོད། ཁོང་གིས་སེམས་ཀྱི་གནས་བབས་ཞི་ལྷིང་བརྟན་ཚུགས་པ་སྟེ། ཞི་གནས་ཀྱི་སྐོར་གང་གསུངས་པ་ཐམས་ཅད་བདེན་པ་ཡིན། གང་ཡིན་ཞེ་ན། ཁྱེད་ཀྱིས་དེ་རྟོགས་ཡོད། དེར་བརྟེན་དེ་དག་གཞིར་བཞག་ཐོག་ཁྱེད་ཀྱིས་སྐྱེ་བ་ཕྱི་མ་ལྟ་བུའི་གནད་དོན་གཞན་གྱི་ཐད་ཁོང་གི་བཀའ་ཁས་ལེན་བྱེད་ཆོག་པ་ཡིན།
 
ཁྱེད་ཀྱིས་དེའི་ཐད་ལ་མཚེ་མ་དང་མཚེ་མ་གསུམ་སྐྱེས་ཀྱི་ཕྲུ་གུའི་དཔེ་མཚོན་ལ་བསམ་ཞིབ་བྱེད་ཆོག །མཚེ་མ་གཉིས་སྐྱེས་སམ་གསུམ་སྐྱེས་ཀྱི་ཕྲུ་གུ་ལུས་ཀྱི་སྒོ་ནས་འདྲ་མཚུངས་ཡིན་སྲིད་ནའང་། དེ་གཉིས་ལས་གཅིག་དེ་གཞན་དེ་ལས་སྤྱང་གྲུང་ཆེ་བ་དང་རྣམ་དཔྱོད་ཡངས་པ་ཡོད། གཅིག་ནི་རིག་པ་རྣོན་པོ་དང་ཤེས་མྱུར་པོ་ཡོད་པ་དང་གཞན་དེ་རིག་པ་རྟུལ་བ་ཡོང་གི་ཡོད། དེའི་རྒྱུ་མཚན་ནི་སྐྱེ་བ་སྔོན་མ་ལ་རག་ལུས་ཡོད། གཅིག་གི་སེམས་དེ་སྐྱེ་བ་སྔོན་མའི་ནང་ཧ་ཅང་ཡག་པོ་སྦྱོང་བརྡར་བྱས་ཡོད་པས་སྤྱང་གྲུང་དང་རིག་པ་རྣོ་བ་བའི་བག་ཆགས་དེ་ཡོད། ཕྲུ་གུ་གཞན་དེ་ནི་སྦྱོང་བརྡར་ཡག་པོ་བྱས་མེད་པ་སོང་ཙང་། རིག་པ་ཏོག་ཙམ་རྟུལ་བ་ཡོད། གང་ལྟར་ཡང་། ཁྱེད་ཀྱིས་སེམས་དེ་སྐྱེ་བ་སྔོན་མ་ནས་བྱུང་བ་ཞིག་ཡིན་པ་དང་། སྐྱེ་བ་སྔ་ཕྱི་ཡོད་པ་སྒྲུབ་མ་ཐུབ་པ་དང་ཁུངས་སྐྱེལ་བྱས་མ་ཐུབ་ནའང་། དེ་དག་མེད་པ་ཡང་སྒྲུབ་མི་ཐུབ་པ་ངེས་པ་རེད། ཡིན་ནའང་ཁྱེད་ཀྱིས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སེམས་ཀྱི་གནས་བབས་ཞི་ལྷིང་བརྟན་ཚུགས་པའི་ཞི་གནས་ཐོབ་ན། དེ་ནས་ཁྱེད་ལ་དབང་པོའི་ཡུལ་ལས་འདས་པའི་མངོན་ཤེས་མི་འདྲ་བ་འཐོབ་ཀྱི་རེད། ཁྱེད་ལ་མངོན་ཤེས་དེ་དག་ཐོབ་པའི་སྐབས། ཁྱེད་ཀྱིས་སྐྱེ་བ་སྔོན་མ་དངོས་སུ་མཐོང་ཐུབ། ཁྱེད་ཀྱིས་སྐྱེ་བ་ནས་སྐྱེ་བ་ཧ་ཅང་མང་པོ་མཐོང་མི་ཐུབ་ནའང་། མ་མཐའ་ཡང་ཁྱེད་ཀྱིས་སྐྱེ་བ་སྔོན་མ་འགའ་ཞིག་མཐོང་ཐུབ། ཁྱེད་ཀྱི་མ་འོངས་པའི་སྐྱེ་བ་ཕྱི་མ་ལའང་དེ་དང་གཅིག་པ་རེད། ཁྱེད་རང་སྐྱེ་བ་ཕྱི་མར་གང་དུ་སྐྱེ་རྒྱུ་ཡིན་པ་ཤེས་ཐུབ། ཐབས་ལམ་དེ་དག་གི་རྗེས་སུ་འབྲངས་ནས་སྐྱེ་བ་སྔ་ཕྱི་དངོས་སུ་ཡོད་པ་ཁྱེད་ཀྱིས་རྟོགས་ཐུབ།

ངས་དྲི་བ་ཞིག་དྲིས་ན་འགྲིག་གམ།

འགྲིགས།

ཁྱེད་ཀྱིས་ད་དུང་ཞིབ་ཅིང་ཕྲ་བ་གང་མཐོང་ཐུབ་བམ།

སྐྱེ་བ་སྔོན་མའི་ནང་གང་བྱས་པའི་དྲན་ཤེས་ཀྱི་ནུས་པ་ཆེ་ཆུང་མི་འདྲ་བའི་མི་རྣམས་དང་ཁྱེད་རང་ཐུག་རྒྱུ་ཡིན་པ་རང་བཞིན་ཡིན་པ་དང་། དེ་ཡང་ཚེ་འདི་ལའང་བདེན་པ་རེད། མི་འགའ་ཤས་ཀྱིས་ཚེ་འདིའི་ནང་ཟས་གང་བཟས་པ་ཚང་མ་དྲན་གྱི་ཡོད། མི་འགའ་ཞིག་གིས་སྐྱེ་བ་སྔོན་མའི་ནང་ཉིན་རེར་གང་བྱས་པ་ཕར་ཞོག །ལོ་ཁ་ཤས་གོང་དུ་ཁ་ལག་གང་བཟས་པ་དང་ཉིན་མ་རེ་རེའི་ནང་གང་བྱས་ཡིན་རྩ་ནས་དྲན་པ་མེད་སྲིད་པ་རེད། དེ་ནི་མི་སྒེར་སོ་སོ་ལ་རག་ལུས་ཡོད། འགའ་ཤས་ཀྱིས་མང་ཉུང་ལ་མ་བལྟོས་པར་ཞིབ་ཕྲ་མཐོང་ཐུབ་ཀྱི་ཡོད། ཁྱེད་ཀྱིས་ལོ་བརྒྱད་ཀྱི་གོང་དུ་ལོ་དེའི་ཉིན་མ་རེ་རེའི་ནང་ཁ་ལག་གང་བཟས་ཡིན་དྲན་གྱི་འདུག་གམ།

ཕལ་ཆེར་ལོ་བཞི་དང་ཕྱེད་ཀ་ཙམ་ཕྱིན་ན་དྲན་སྲིད།

ཁྱེད་ཀྱིས་ལོ་བཞི་དང་ཕྱེད་ཀའི་གོང་དུ་ཉིན་རེར་ཁ་ལག་གང་བཟས་པ་དྲན་གྱི་འདུག་གམ།

ཕྱི་ཟླ་དང་པོ་ནས་གསུམ་པའི་བར་དྲན་གྱི་འདུག །ཡིན་ནའང་ཉིན་གུང་ཁ་ལག་གཅིག་པུ་དྲན་གྱི་འདུག

འོན་ཀྱང་ཁྱེད་ཀྱིས་དེ་སྔོན་གྱི་ཟླ་བའི་ནང་ག་རེ་བཟས་ཡིན་དྲན་གྱི་མི་འདུག་གམ།

དྲན་གྱི་མི་འདུག

སྐྱེ་བ་སྔ་མ་ལའང་དེ་དང་གཅིག་པ་རེད། སྡུག་བསྔལ་དེ་དག་ཞིབ་ཕྲ་ཚང་མ་དྲན་རྒྱུ་དེ་ཁྱེད་རང་ལ་གང་ལ་གང་འཚམ་གྱི་ཁག་པོ་ཆགས་ཀྱི་རེད། ཐ་ན་ནམ་རྒྱུན་འཆར་ཅན་གྱི་མི་སྡེའི་ཁྲོད་དུ་མི་དཀྱུས་མ་ཡོད་པ་དང་། ཁོང་ཚོས་ཀྱང་སྐྱེ་བ་སྔོན་མ་དྲན་གྱི་ཡོད།
 
རྒྱུ་མཚན་རིགས་པའི་སྒོ་ནས་སྐྱེ་བ་སྔ་ཕྱི་སྒྲུབ་རྒྱུ་དེ་གང་འཚམ་གྱི་དཀའ་ལས་ཁག་པོ་ཡོད། གནའ་བོའི་རྒྱ་གར་གྱི་རིགས་པ་ལ་མཁས་པའི་སློབ་དཔོན་ཆོས་ཀྱི་གྲགས་པ་ལའང་རྒྱུ་མཚན་རིགས་པའི་སྒོ་ནས་སྐྱེ་བ་སྔ་ཕྱི་དེ་རྒྱལ་པོ་ཞིག་ལ་སྒྲུབ་དཀའ་མོ་ཆགས་ཡོད། ཁོང་གིས་དེ་དུས་ག་རེ་གནང་ཡོད་ཅེ་ན། མི་ཤི་གྲབས་ཡོད་པ་ཞིག་བཙལ་ནས་དེའི་ཁའི་ནང་མུ་ཏིག་ཅིག་བཞག་པ་རེད། དེའི་རྗེས་ཀྱི་ཟླ་བ་ཁ་ཤས་ནང་། ཁའི་ནང་མུ་ཏིག་ཡོད་པའི་ཕྲུ་གུ་ཞིག་སྐྱེས་པ་རེད། དེ་ལྟར་སློབ་དཔོན་ཆོས་ཀྱི་གྲགས་པས་སྐྱེ་མ་ཕྱི་མ་ཡོད་ཚུལ་དེ་ཕྱི་ལུས་ཀྱི་རིམ་པའི་ཐོག་ནས་སྒྲུབ་པར་མཛད་ཡོད། ཁྱེད་ཀྱིས་ད་ལྟ་འཚོ་ཞིང་བཞུགས་པའི་༧གོང་༧སྐྱབས་མགོན་ཆེན་པོ་ལྟ་བུ་ནི་ཏཱ་ལའི་བླ་མའི་སྐུ་སྐྱེས་བཅུ་བཞི་པ་དེ་ཡིན་པ་དང་། པཎ་ཆེན་རིན་པོ་ཆེ་ཡང་སྐུ་ཕྲེང་བཅུ་ལས་ལྷག་འཁྲུངས་ཟིན་པ་རེད། དེ་ག་ནང་བཞིན་རྒྱལ་དབང་ཀརྨ་པ་ལྟ་བུ་སྐུ་གོང་མ་དེ་སྐུ་ཕྲེང་བཅུ་དྲུག་པ་དེ་རེད། དེ་དག་ལའང་ཁྱེད་ཀྱིས་བསམ་ཞིབ་བྱེད་དགོས། བླ་མ་སྐྱེས་ཆེན་དམ་པ་དེ་དག་གི་སྐུ་ལུས་ནི་སྐུ་སྐྱེས་རེ་རེ་བཞིན་དུ་བརྗེ་པོ་རྒྱག་ཡོད་ནའང་། དེ་དག་གི་ཐུགས་རྒྱུན་དེ་བར་མ་ཆད་པར་མུ་མཐུད་དེ་སླེབས་ཡོད། དེ་ནི་ལས་བྱེད་རྙིང་པ་ལྟ་བུ་ཞིག་རྒས་ཡོལ་ཐོན་ནས་དེའི་ཚབ་ལ་ལས་བྱེད་གསར་པ་ཞིག་འཚོལ་བ་ནང་བཞིན་མ་རེད། ཡང་སྲིད་འཚོལ་བའི་སྐབས། བརྗེ་ཚབ་ཙམ་ཞིག་འཚོལ་གྱིན་མེད་པར། སྐུ་གོང་མ་དེའི་ཐུགས་ཀྱི་རྒྱུན་དེ་འཚོལ་གྱི་ཡོད། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་སྐུ་མྱ་ངན་ལས་འདས་རྗེས་སྐུ་ཕྲེང་བཅུ་བཞི་པ་འཚོལ་ཕྱིར་རྟགས་མཚན་མང་པོར་བརྟག་དགོས་ཤིང་། རྟགས་དང་མཚན་མ་ངོ་མཚར་སྐྱེ་དགོས་པ་དེ་འདྲ་བྱུང་ཡོད། བོད་དུ་ལྷ་མོ་བླ་མཚོ་ཟེར་བའི་མཚོ་ཞིག་ཡོད་པ་དང་། མཚོ་དེ་ནི་སྲུང་མ་དཔལ་ལྡན་ལྷ་མོའི་གནས་རྩ་ཆེན་ཞིག་ཡིན། མཚོ་དེའི་ནང་ཁང་པ་དང་། ས་ཆ། ཡིག་འབྲུ་དང་བཅས་པ་ཤར་ནས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ས་ཁུལ་གང་དུ་སྐུ་འཁྲུངས་རྒྱུ་ཡིན་པ་སོགས་བསྟན་ཡོད།

ཁྱེད་ཀྱིས་གནད་དོན་དེ་དག་གི་སྐོར་བ་བསམ་བློ་གཏོང་སྐབས། སྐྱེ་བ་སྔ་ཕྱིའི་བསམ་བློའི་རྣམ་གཞག་གི་སྐོར་ལ་ཤེས་རྟོགས་མང་བ་ཡོང་འགོ་བཙུག་གི་རེད། ཁྱེད་ཀྱིས་དེ་ཁས་ལེན་པའི་སྐབས། གཞི་ནས་ཁྱེད་ཀྱིས་སྐྱེ་བ་ཕྱི་མར་ཕན་པའི་ཆེད་དགེ་བའི་ལས་སྣ་ཚོགས་བྱེད་པ་དེ་ཁྱེད་རང་ལ་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་ཀྱི་རེད། གལ་ཏེ་སེམས་དེ་ཕྱིའི་ལུས་ཀྱི་ཡོ་བྱད་ལྟ་བུ་འཕྲུལ་ཆས་ཀྱི་རིགས་ནང་འཇུག་ཆོག་པ་ཙམ་ཞིག་ཡིན་ན། དཔེར་ན། ཁྱེད་ཀྱིས་གློག་ཀླད་ཅིག་བཟོས་ནས་དེའི་ནང་སེམས་ཤིག་འཇུག་ཆོག་པ་དང་། དེ་ཡང་དོན་ངོ་མ་སྲོག་ལྡན་གྱི་སེམས་ཅན་ཞིག་ཡིན་ན། དེ་ནས་ཁྱེད་ཀྱིས་འཕྲུལ་ཆས་ལ་བརྟེན་ནས་ཁྱི་དང་། ཞི་མི། འབུ་སྲིན་སོགས་སེམས་ཅན་སྣ་ཚོགས་པ་བཟོ་ཆོག་པ་དང་། ཁྱེད་ཀྱིས་ཆོས་ཐམས་ཅད་ཀྱི་ནང་རྣམ་ཤེས་འཇུག་ཆོག་པ་ལྟ་བུ་རེད། དེ་ལས་འབྱུང་བའི་ཁུངས་མེད་ལུང་མེད་ཀྱི་མཇུག་སྡོམ་ནི། གལ་ཏེ་སེམས་དེ་རྦད་དེ་ལུས་རགས་པ་ཡིན་ན། ཁྱེད་ཀྱིས་འཛམ་གླིང་ནང་གི་ཆོས་ཐམས་ཅད་ཀྱི་ནང་སེམས་དེ་འཇུག་ཆོག་པ་ལྟ་བུ་དང་། ཁྱེད་ཀྱི་ཉེ་འཁོར་ཐམས་ཅད་གསོན་པོར་གནས་མཁན་དང་དེ་ལ་བརྟེན་ནས་དེ་དག་སྐྱེད་འཕེལ་བྱེད་ནུས་པ་ཆགས་ཀྱི་རེད། གལ་ཏེ་ཁྱེད་ཀྱིས་སེམས་དང་ཚེ་སྲོག་དེ་འཕྲུལ་ཆས་ཀྱི་ནང་འཇུག་ཐུབ་ན། དེའམ་ཡང་ན་ཁུངས་མེད་ཀྱི་དེའི་རྗེས་སུ་འབྲངས་ནས་འཕྲུལ་ཆས་རིགས་ཚང་མ་ཆག་སྐྱོན་ཤོར་བའི་སྐབས་སུ་ཚེ་སྲོག་དེའང་ནུས་མེད་ཆགས་འགྲོ་ངེས་རེད། གལ་ཏེ་དེ་ནི་རྦད་དེ་འཕྲུལ་ཆས་འདྲ་པོ་ཡིན་ན། འཕྲུལ་ཆས་ཆག་སྐྱོན་ཤོར་བ་དང་མི་ཚེ་རྫོགས་པ་རེད། དེ་བཞིན་ང་ཚོ་ཚང་མ་གཏུམ་འབྲུག་ནང་བཞིན་ཆགས་ནས་ཡལ་འགྲོ་གི་རེད། ཁྱེད་ཀྱིས་དེའི་ཐད་བསམ་བློ་གཏོང་བའི་སྐབས། འབྱུང་སྲིད་པའི་གདམ་ཀ་གཉིས་ཀ་ཆོ་མེད་བཞད་གད་ཀྱི་གནས་ཤིག་རེད།།

Top