སངས་རྒྱས་ཀྱི་རིགས་ཟེར་བའི་དོན་གང་རེད་དམ། དེ་ནི་སངས་རྒྱས་ཟིན་པའི་ཆ་ནས་ང་ཚོ་ཚང་མའི་རྒྱུད་ལ་རང་བཞིན་ནམ་རིགས་གཅིག་ཁོ་ན་ཡོད་པའམ། ཡང་ན་ང་ཚོའི་རྒྱུད་ལ་ནུས་པ་ལྟ་བུ་རྐྱེན་གཅིག་ཁོ་ན་ཡོད་པ་དེས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པར་བྱེད་པ་ལྟ་བུ་ཞིག་གི་སྐོར་ཤོད་ཀྱིན་མེད། དེ་ལས་ལྡོག་སྟེ། ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པར་བྱེད་པའི་རྐྱེན་མི་འདྲ་བ་སྣ་ཚོགས་པའི་སྐོར་ཤོད་ཀྱིན་ཡོད།
ང་ཚོས་རྐྱེན་དེ་དག་བལྟ་བའི་སྐབས། ང་ཚོས་དེ་དག་མཐའ་གཉིས་དང་བྲལ་བར་ལྟ་དགོས། མཐའ་དེ་གཉིས་ནི་འབྲས་བུའི་སྟོང་པ་ཉིད་ཀྱི་འགྲེལ་བ་ལ་གཞིགས་ནས་འགྲེལ་བརྗོད་བྱས་ཡོད་པ་སྟེ། འབྲས་བུ་དེ་གང་ཡང་མིན་པ་ཞིག་ནས་འབྱུང་གི་ཡོད་པ་དེ་འདྲ་མིན། མཐའ་གཞན་དེ་ནི་རྒྱུའི་ནང་དུ་འབྲས་བུ་སྔོན་ཚུད་ནས་ཡོད་པ་དང་དེ་གློ་བུར་དུ་ཕྱིར་ཐོན་རྒྱུར་བསྒུགས་ནས་ཡོད་པ་དེ་འདྲ་ཞིག་མིན། བྱས་ཙང་། སངས་རྒྱས་ཀྱི་གོ་འཕང་ནི་དེ་མ་རེད། གང་ཡང་མིན་པ་ཞིག་ནས་འབྱུང་བ་ཞེས་ང་ཚོས་ཤོད་བཞིན་པའི་འབྲས་བུ་ནི་འདི་རེད། དེ་ལ་གཞི་རྩ་མེད་པ་དང་དེ་འབྱུང་བར་བྱེད་པའི་རྒྱུ་རྐྱེན་གྱི་འབྲེལ་བ་མི་འདྲ་བ་ཧ་ཅང་མང་པོ་མེད། དེ་ནི་མཐའ་གཅིག་ཏུ་གང་ཡང་མེད་པ་ཞིག་ནས་འབྱུང་གི་མེད་ལ། དེ་མེད་པ་ཞིག་ཡོད་པ་དང་དེ་ལས་གློ་བུར་དུ་ཐོན་ནས་གང་ཡང་མེད་པ་ནས་ཡོད་པ་ཞིག་ལ་འགྱུར་བ་ལྟ་བུ་མིན། འབྲས་བུ་དེ་མ་རེད། སངས་རྒྱས་ཀྱི་གོ་འཕང་ནི་ང་ཚོའི་རྒྱུད་ལ་སྔོན་ཚུད་ནས་ཡོད་པ་དང་ང་ཚོས་དེ་ངོས་འཛིན་གྱི་མེད་པ་ཙམ་རེད། གལ་ཏེ་ངོས་འཛིན་ཐུབ་ན། དེ་ནི་སོ་སོའི་རྒྱུད་ལ་ཡོད་ཡོད་པ་རེད།
དེར་བརྟེན་ང་ཚོ་ཚང་མར་གཞི་རྩའི་རིམ་པའི་སྟེང་ལ་རྒྱུ་རྐྱེན་འདི་དག་ཐམས་ཅད་ཡོད་པ་དང་དེ་ནི་མཐའ་གཅིག་ཏུ་ཚང་མའི་རྒྱུད་ལ་ཡོད། དེ་ཡང་རྒྱུ་དང་རྐྱེན་ལ་སོགས་པ་གཞན་མང་པོ་དང་མཉམ་དུ་འདུས་པའི་སྐབས། སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་ཡོད། འོ་ན་ང་ཚོ་ཚང་མར་ཡོད་པའི་རིགས་དེ་དག་གང་རེད་དམ། དེ་དག་ནི་སྡེ་ཚན་གསུམ་དུ་དབྱེ་ཡོད་དེ།
རྒྱས་འགྱུར་གྱི་རིགས།
ང་ཚོར་རྒྱས་འགྱུར་གྱི་རིགས་ཡོད། དེ་ནི་སྡེ་ཚན་དང་པོ་དེ་རེད། དེ་དག་ནི་སངས་རྒྱས་ཀྱི་མི་རྟག་པའི་སྐུའི་ངོ་བོར་འགྱུར་གྱི་ཡོད། སངས་རྒྱས་ཤིག་ཡིན་པའི་ཆ་ནས་སྐུ་མི་འདྲ་བ་མངའ་བ་ཡིན། དེ་ལ་ཨིན་སྐད་ནང་ (body) ཞེས་བསྒྱུར་ཡོད་པས། དེ་ནི་འདིར་ཏོག་ཙམ་ཁྱད་མཚར་ཞིག་ཡོད། འོན་ཀྱང་། ཨུ་རུ་སུའི་སྐད་ཀྱི་ནང་གང་འདྲ་ཡིན་ངས་མི་ཤེས། ཨིན་སྐད་ནང་མ་མཐར་ཡང་ཚིག་གཞན་ཞིག་ཡོད་པ་ནི་ (corpus) ཟེར་བ་དེ་རེད། ཚིག་འདི་ནི་ནམ་རྒྱུན་ཕྱོགས་བསྡུས་ཕུང་པོ་ལྟ་བུ་རྩོམ་རིག་དང་། བསྟན་བཅོས། ཤེས་བྱའི་ཕྱོགས་སྡེབས་སུ་བྱས་པ་ (a corpus of literature, a corpus of knowledge) ཞེས་བེད་སྤྱོད་བྱེད་ཀྱི་ཡོད། བྱས་ཙང་། དེ་ནི་ང་ཚོས་རྐྱེན་ཧ་ཅང་མང་པོ་འདུས་པ་ཞིག་གི་སྐོར་ཤོད་ཀྱིན་ཡོད། དེ་ལྟ་བས་ན། མི་རྟག་པ་ཡིན་པའི་སངས་རྒྱས་ཀྱི་ཕྱོགས་བསྡུས་ཕུང་པོ་སྣ་ཚོགས་པ་ཡོད་པ་དང་དེའི་དོན་ནི། དེ་དག་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་འགྲོ་གི་ཡོད་པ་སྟེ། དེ་དག་ནི་མུ་མཐུད་ནས་འགྲོ་ངེས་ནའང་། དང་པོ་དེ་ནི་དངོས་པོ་འདིའི་རིགས་ཡིན་ཆོག་པ་དང་། ཡང་དངོས་པོ་དེའི་རིགས་ཡིན་ཆོག
དེ་ལྟར་ང་ཚོར་ཕྱོགས་བསྡུས་ཀྱི་ཕུང་པོའི་སྡེ་ཚན་གཉིས་ཡོད་པ་དང་དེ་དག་ནི་གཟུགས་སུ་གྲུབ་པའི་ཆོས་ཡིན་པ་སྟེ། རཱུཔ་ཀཱ་ཡའམ་གཟུགས་སྐུ་ཞེས་བརྗོད་ཀྱི་ཡོད། དེའི་ནང་དུའང་སྡེ་ཚན་གཉིས་ཡོད་དེ། གཅིག་ནི་སཾ་བྷོ་ག་ཀཱ་ཡའམ་ལོངས་སྤྱོད་རྫོགས་པའི་སྐུ་རེད། ལེགས་སྦྱར་སྐད་དུ་སཾ་བྷོ་ག་ཟེར་བའི་ཚིག་དེ་ནི་འགྲེལ་དཀའ་མོ་ཞིག་རེད། དེ་ལ་དོན་དག་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་དང་བོད་སྐད་ནང་དུའང་འགྱུར་མི་འདྲ་བ་སྣ་ཚོགས་པ་ཡོད། དེའི་དོན་གཅིག་ནི་ “སྐྱིད་ལ་རོལ་བ་” ཞེས་ཟེར་བས། མི་མང་པོས་དེ་ལ་ཨིན་སྐད་ནང་ (enjoyment) ཞེས་བསྒྱུར་ཡོད། དེ་ནི་ (eating) ཞེས་པར་སྒྱུར་ཆོག་ནའང་། སུས་ཀྱང་ (eating body) ཞེས་བསྒྱུར་མེད། འོན་ཀྱང་། དེའི་དོན་དག་གཞན་ཞིག་ནི་ “ལོངས་སུ་སྤྱོད་པ་” ཞེས་པ་དེ་རེད། དེ་ནི་སྐབས་འདིའི་དོན་དེ་ཡིན་པ་སྟེ། “ཕྲ་བའི་གཟུགས་ཀྱི་ཕུང་པོ་ཐེག་པ་ཆེན་པོའི་ཆོས་ལ་ཆ་ཚང་བ་ལོངས་སུ་སྤྱོད་པ་” ཞེས་པ་དེ་རེད། དེ་དག་གིས་བྱང་སེམས་འཕགས་པ་རྣམས་ལ་དག་པའི་ཞིང་ཁམས་སུ་ཆོས་གསུང་པའི་ཕྲ་བའི་གཟུགས་རྣམས་ཡིན་པ་དང་ཐེག་ཆེན་གྱི་ཆོས་རྣམས་གཏན་ཏུ་ཆ་ཚང་བ་གསུང་ཐུབ་པ་ཡིན། དེ་ནི་སཾ་བྷོ་ག་ཀཱཡའམ་ལོངས་སྤྱོད་རྫོགས་པའི་སྐུ་ཟེར་བ་དེ་རེད། དེ་དག་ནི་སྐུའི་རྟགས་མཚན་སྣ་ཚོགས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གཟུགས་ཆ་ཚང་བའི་ངོ་བོར་སྣང་གི་ཡོད།
ནིར་མཱཎ་ཀཱ་ཡའམ་སྤྲུལ་པའི་སྐུ་ཟེར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་སྤྲུལ་ཡིན་པ་དང་། འདིས་ (བྱང་སེམས་འཕགས་པ་ཙམ་དུ་མ་ཟད་) སོ་སྐྱེ་ཕལ་པ་རྣམས་ལའང་ཆོས་གསུང་ཐུབ་ཀྱི་ཡོད། དེའི་སྟེང་ལ་དེ་ལས་གཞན་པའི་མི་རྟག་པའི་སངས་རྒྱས་ཀྱི་སྐུ་ཞིག་ཡོད་པ་ནི་ཛྙཱན་དྷརྨ་ཀཱ་ཡའམ་ཡེ་ཤེས་ཆོས་སྐུ་ཡིན་པ་རེད།
ང་ཚོས་འདིར་རྒྱས་འགྱུར་གྱི་རིགས་ཤོད་བཞིན་ཡོད། རྒྱས་འགྱུར་གྱི་རིགས་ནི་སངས་རྒྱས་ཀྱི་མི་རྟག་པའི་སྐུ་རུ་འགྱུར་བ་དང་དེ་ལ་རྣམ་པ་གསུམ་ཡོད། དེ་དག་ལས་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ནི་གཟུགས་སྐུ་ཡིན་པ་དང་གཅིག་ནི་ཡེ་ཤེས་ཆོས་སྐུ་ཡིན་པ་རེད།
དྷརྨ་ཀཱ་ཡའམ་ཆོས་ཀྱི་སྐུ་ནི་རྟོགས་པ་ཕུན་སུམ་ཚོགས་ཤིང་ཆོས་ཐམས་ཅད་འདུས་པའི་ཕུང་པོ་དེ་རེད། སྐབས་དོན་འདིའི་ནང་ཆོས་ཟེར་བ་ནི་ “ཆོས་ཐམས་ཅད་” ཀྱི་དོན་དུ་འཇུག་པ་དང་དེ་ནི་ཡེ་ཤེས་ལ་གོ་བ་ཡིན། དེ་ནི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཐུགས་དེ་ཡིན་ཞིང་། དེས་ཆོས་ཐམས་ཅད་རྟོགས་པ་ (ང་ཚོས་ཀྱང་སངས་རྒྱས་ཀྱི་ཐུགས་ཀུན་ལ་བརྩེ་བ་དང་བསྟུན་ནས་བསམ་བློ་གཏོང་ཆོག་པ་དང་དེ་ནི་སེམས་ཅན་ཐམས་ཅད་གཅིག་ཏུ་མཉམ་པར་རྒྱ་སྐྱེད་གཏོང་ཆོག་) དང་། དེས་ཆོས་ཐམས་ཅད་ཀྱི་བདེན་པ་གཉིས་ཏེ། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་དུས་གཅིག་ཏུ་རྟོགས་ཀྱི་ཡོད། དེའང་མི་རྟག་པ་ཡིན་པ་རེད། དེའི་དོན་ནི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་དུས་གཅིག་ཏུ་མཁྱེན་ནའང་། སྐད་ཅིག་གཅིག་གི་ནང་སངས་རྒྱས་ཀྱིས་འདི་མཁྱེན་པ་དང་འདི་ལ་ཕན་འདོགས་པ། དེ་ལ་ཕན་འདོགས་པ་སོགས་རེད། དེར་བརྟེན་དུས་རྟག་ཏུ་ཆོས་ཐམས་ཅད་མཁྱེན་པའི་སྐབས་དོན་དེའི་ནང་ཅུང་ཟད་འགྱུར་བ་འགྲོ་གི་ཡོད། དེ་རྟོགས་པ་ནི་ལས་སླ་པོ་ཞིག་མིན།
དེ་དག་ནི་སངས་རྒྱས་ཀྱི་རྒྱས་འགྱུར་གྱི་སྐུ་རྣམས་ཡིན་པ་རེད།
རང་བཞིན་གནས་རིགས།
ཡང་ང་ཚོར་གནས་པའི་རིགས་ཡོད། དེ་ནི་སངས་རྒྱས་ཀྱི་རིགས་ཀྱི་དབྱེ་བ་གསུམ་ལས་གཉིས་པ་དེ་རེད། རྒྱས་འགྱུར་གྱི་རིགས་ཞུས་ཟིན་པ་དང་ད་ལྟ་གནས་པའི་རིགས་ཀྱི་སྐོར་ཞུ་རྒྱུ་ཡིན། གནས་པའི་རིགས་ཞེས་པ་ནི། “དུས་རྟག་ཏུ་རང་འཇགས་གཅིག་ཏུ་གནས་པའི་” དོན་ཡིན་པ་དང་འདི་ནི་སེམས་རྒྱུད་ཀྱི་སྟོང་པ་ཉིད་ལ་གོ་བ་ཡིན། དེས་སངས་རྒྱས་ཀྱི་རྟག་པ་འདུས་མ་བྱས་ཀྱི་སྐུ་འཐོབ་པར་བྱེད་ཀྱི་ཡོད། སངས་རྒྱས་ཀྱི་རྟག་པའི་སྐུ་ཞེས་པ་ནི་ལེགས་སྦྱར་སྐད་དུ་སྭ་བྷཱཝ་ཀཱཡའམ་ངོ་བོ་ཉིད་སྐུ་ཟེར་བ་དེ་རེད། དེ་ནི་ཆོས་ཀྱི་སྐུའི་རིགས་ཀྱང་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་རྒྱ་སྐྱེད་པ་དང་མངའ་བ་ཡིན། དེ་ནི་སེམས་ཀྱི་སྟོང་པ་ཉིད་དེ། རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་སྟོང་པ་ཉིད་དེ་ཡིན་ཞིང་། འདི་ནི་ཆོས་ཀུན་ལ་ཁྱབ་པའི་སྟོང་ཉིད་ཡིན།
ངས་གོང་དུ་གང་འགྲེལ་བརྗོད་བྱས་པ་དེ་ནི་དགེ་ལུགས་པའི་འགྲེལ་ཚུལ་ཞིག་ཡིན་པ་དེ་ཁྱེད་ཀྱིས་སེམས་ལ་བཅང་དགོས། བོད་ཀྱི་ཆོས་བརྒྱུད་གཞན་དག་གི་ནང་ཅུང་ཟད་མི་འདྲ་བ་ཡོད། དམིགས་བསལ་ཆོས་ཀྱི་སྐུའི་འགྲེལ་ཚུལ་ཅུང་མི་འདྲ་ནའང་། དེ་དག་གི་སྐོར་ལ་ད་ལྟ་ཞུ་མི་དགོས་པ་རེད། གསང་སྔགས་ཀྱི་ལྟ་ཚུལ་ལྟར་ན། ང་ཚོས་ལོངས་སྤྱོད་རྫོགས་པའི་སྐུའི་སྐོར་བཤད་སྐབས། དེ་ནི་ནམ་རྒྱུན་སངས་རྒྱས་ཀྱི་གསུང་ལ་གཞིགས་ནས་འགྲེལ་བརྗོད་བྱས་ཡོད་པས། དེ་ནི་སངས་རྒྱས་ཀྱི་ཕྲ་བའི་གཟུགས་སྐུ་ཞིག་ཡིན་པ་རེད། དུས་འཁོར་གྱི་ནང་། དེ་ནི་ཕྲ་བའི་གཟུགས་དང་གསུང་གཉིས་ཡིན་པ་ལྟར་གསུང་གི་ཡོད། གང་ལྟར་ཡང་། དེ་དག་གི་སྐོར་འདིར་རྒྱས་བཤད་མི་དགོས་པ་རེད། འགྲེལ་ཚུལ་མི་འདྲ་བ་ཡོད་པ་དེ་ཁྱེད་རང་ཚོས་ཤེས་པར་བྱེད་ན་འགྲིག བྱས་ཙང་། འགྲེལ་ཚུལ་ཅུང་ཟད་མི་འདྲ་བ་ཡོད་པ་ཤེས་པའི་སྐབས་ཧོན་འཐོར་རྒྱུ་མེད། ནང་ཆོས་ཀྱི་ནང་ཕལ་ཆེར་ཆོས་ཚང་མའི་འགྲེལ་ཚུལ་མི་འདྲ་བ་སྣ་ཚོགས་པ་རེད། དེ་ནི་དོན་ངོ་མར་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཞེ་ན། ང་ཚོས་གནད་དོན་བྱེ་བྲག་ཅིག་ལ་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་པ་ནས་བལྟ་བའི་སྐབས། མི་འདྲ་བའི་ཁྱད་པར་དེ་དག་རེ་རེས་ང་ཚོར་ནང་གི་རྟོགས་པ་མི་འདྲ་བ་རེར་སྦྱིན་གྱི་ཡོད།
དེར་བརྟེན་ང་ཚོར་སངས་རྒྱས་ཀྱི་རྒྱས་འགྱུར་གྱི་རིགས་སམ་སངས་རྒྱས་ཀྱི་རིགས་ཀྱི་རྣམ་པ་དེ་དག་ཡོད། ང་ཚོར་གནས་པའི་རིགས་ཡོད་པས། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སྟོང་པ་ཉིད་ཀྱི་འགན་འཁྲི་དེ་ང་ཚོའི་སེམས་རྒྱུད་ཀྱི་སྟོང་པ་ཉིད་ལ་ཡོད། དེ་ནི་རྟག་པ་དང་འགྱུར་བ་མེད་པ་རེད། སྟོང་པ་ཉིད་ཟེར་བ་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་དེ་ཡིན་པ་དྲན་དགོས། དེ་གང་ཡིན་ཞེ་ན། ང་ཚོའི་སེམས་རྒྱུད་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་དུ་འཇུག་པ་དང་དེ་མུ་མཐུད་ནས་འགྲོ་བའི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་མེད། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱང་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་མེད།
འཕེལ་སྐྱེད་འགྲོ་བར་བསྐུལ་རྐྱེན་བྱེད་ཐུབ་པའི་རྐྱེན།
རྒྱས་འགྱུར་གྱི་རིགས་དང་རང་བཞིན་གནས་རིགས་དེ་བཞིན་སངས་རྒྱས་ཀྱི་རིགས་གསུམ་པ་ནི་ང་ཚོའི་སེམས་རྒྱུད་ཀྱི་རྣམ་པ་ངེས་ཅན་ཞིག་ཡིན་པ་དང་། དེས་དེའི་སྟེང་དུ་བཏགས་པའི་རྐྱེན་རྣམས་འབྱུང་བར་བྱེད་ཀྱི་ཡོད། དེ་དག་ནི་བསྐུལ་རྐྱེན་བྱེད་པའམ་འཕེལ་རྒྱས་གཏོང་བར་དེ་དང་མཉམ་དུ་ཁྱེར་ནས་ཡོང་བ་ལྟ་བུ་ཞིག་རེད། དེ་ལྟ་བུའི་བསྐུལ་རྐྱེན་བྱེད་པ་དང་འཕེལ་རྒྱས་གཏོང་བའི་ནུས་པ་དེ་ནི་བྱིན་རླབས་ཀྱིས་ཤུགས་རྐྱེན་སྤྲད་པའི་ནུས་པའི་རྐྱེན་གྱིས་ཡིན་པ་རེད། སྤྱིར་བཏང་བྱིན་རླབས་ལ་ནམ་རྒྱུན་ཨིན་སྐད་དུ་ (blessing) ཞེས་བསྒྱུར་ཡོད་པས། དེ་ནི་ངའི་བསམ་པར། འགྱུར་ལོག་པ་ཞིག་རེད་བསམ་གྱི་འདུག ལེགས་སྦྱར་སྐད་དུ་དེ་ལ་ཨདྷིཥྛཱན་ཞེས་ “ཡར་འདེགས་སམ་གོང་འདེགས་” ལ་གོ་བ་དང་བོད་སྐད་དུ་བྱིན་རླབས་ཟེར་བ་ནི་ “བཀྲག་མདངས་” ལ་གོ་བས། ཨིན་སྐད་ནང་གི་ (inspiration) ཟེར་བའི་ཚིག་དེས་ཕལ་ཆེར་དོན་དག་དེ་དག་སྟོན་གྱི་ཡོད། དེར་བརྟེན་སངས་རྒྱས་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ནི་ཧ་ཅང་བྱིན་རླབས་ཀྱི་བཀྲག་མདངས་ཅན་ཡིན་པ་དང་བྱིན་རླབས་དེས་ང་ཚོར་བསྐུལ་རྐྱེན་བྱེད་དང་གོང་འདེགས་བྱེད་ཐུབ་པ་དང་། ང་ཚོར་ཡོད་པའི་སྙིང་རྗེ་དང་ནུས་པ་སོགས་ཡོན་ཏན་སྣ་ཚོགས་པ་དེ་དག་ནུས་ཤུགས་ཆེ་རུ་འགྲོ་གི་ཡོད། འདི་ནི་སངས་རྒྱས་ཀྱི་རིགས་ཤིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དམིགས་བསལ་རྒྱ་གར་དང་བོད་ཀྱི་ཐེག་པ་ཆེན་པོའི་ཆོས་སྲོལ་གྱི་ནང་། དགེ་བའི་བཤེས་གཉེན་གྱི་ལས་འགན་ནི་ཆོས་ཀྱི་བརྗོད་གཞི་ཡོངས་སུ་རྫོགས་པའི་ནང་རྟག་ཏུ་ནན་བརྗོད་བྱས་ཡོད། ང་ཚོས་གསང་སྔགས་ལུགས་ཀྱི་དབང་གི་སྐོར་བཤད་སྐབས། དེ་ནི་དོན་ངོ་མར་ཆོ་གའི་བྱེད་སྒོ་ཞིག་ཡིན་པ་དང་ཆོ་གའི་རིམ་པ་དེའི་ནང་སངས་རྒྱས་ཀྱི་རིགས་ནུས་ལྡན་དུ་བཟོ་བ་ལྟ་བུ་སྟེ། བྱིན་རླབས་འདི་དང་གོང་འདེགས་འདི་འབྱུང་གི་ཡོད།
རྒྱས་འགྱུར་གྱི་རིགས། ཚོགས་གཉིས།
ད་རྒྱས་འགྱུར་གྱི་རིགས་ལ་ཏོག་ཙམ་ཞིབ་ཕྲར་བལྟ་རྒྱུ་ཡིན། དེའི་ནང་ནམ་རྒྱུན་རྐྱེན་གཙོ་བོ་ཡོད་པ་ནི་ཚོགས་གཉིས་ཞེས་སུ་གྲགས་པ་དེ་རེད། དེ་གཉིས་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རེད། ཚོགས་ལ་ནམ་རྒྱུན་ཨིན་སྐད་དུ་ (collection) ཞེས་བསྒྱུར་ཡོད་ནའང་། དེ་དག་ནི་ཐམ་ཀ་འདྲ་པོ་མང་པོ་ཞིག་ཕྱོགས་བསྡུས་བྱེད་པ་ཙམ་ཞིག་མིན་པར། དེ་དག་ནི་ཕན་ཚུན་གཅིག་ལ་གཅིག་སྦྲེལ་ནས་ཡོད་པའི་རྐྱེན་སྣ་ཚོགས་པར་གོ་བ་ཡིན་པས་ན། ངས་ཨིན་སྐད་ནང་ (network) ཞེས་སྒྱུར་གྱི་ཡོད། ཡང་བསོད་ནམས་ལ་ནམ་རྒྱུན་ཨིན་སྐད་ནང་ (merit) ཞེས་བསྒྱུར་ཡོད་པས། ཚིག་དེ་ནི་ཧ་ཅང་གསལ་ཁ་མེད་པ་ཞིག་དང་གོ་དཀའ་མོ་ཞིག་རེད། དེ་བཞིན་ཡེ་ཤེས་ཀྱི་ཚོགས་ལ་ནམ་རྒྱུན་ཨིན་སྐད་ནང་ (collection of wisdom) ཞེས་བསྒྱུར་ཡོད། དེ་ནི་ནམ་རྒྱུན་ཡེ་ཤེས་ལ་ (wisdom) ཞེས་བརྗོད་ནའང་། ཚིག་དེ་ནི་ཨིན་སྐད་ནང་ཧ་ཅང་གསལ་ཁ་མེད་པ་ཞིག་རེད། དེར་བརྟེན་ངས་ནམ་རྒྱུན་བསོད་ནམས་ལ་ (positive force) ཞེས་དང་ཡེ་ཤེས་ལ་ (deep awareness) ཞེས་སྒྱུར་གྱི་ཡོད།
ང་ཚོ་ཚང་མར་སངས་རྒྱས་ཀྱི་རིགས་དེ་དག་གི་ཆ་ཤས་སུ་ཚོགས་གཉིས་པོ་ཡོད་ཅེས་ཐོས་པ་ནི་གང་འཚམས་ཀྱི་ཧང་སངས་དགོས་པ་ཞིག་ཡིན་སྲིད། ང་ཚོས་ “ངས་མི་ཚེའི་ནང་དགེ་བའི་ལས་གང་ཡང་བྱས་མེད་པས། ང་ལ་བསོད་ནམས་ཀྱི་ཚོགས་ཇི་ལྟར་ཡོད་དམ། ཡང་ན་ཞ་ལའི་སྒང་གི་འབུ་ཞུ་ལུ་མ་ལ་ཆ་བཞག་ན། དེ་ལ་བསོད་ནམས་སམ་དགེ་བའི་ནུས་པ་གང་འདྲ་ཞིག་ཡོད་དམ་” ཞེས་བརྗོད་སྲིད། དེ་ནི་དྲི་བ་ཡག་པོ་ཞིག་རེད། འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོར་བསོད་ནམས་ཀྱི་ཚོགས་དེ་ཡོད་པར་ཡིད་ཆེས་བྱེད་ཐུབ། དེ་མིན་ང་ཚོ་འགྲོ་བ་མི་རུ་ནམ་ཡང་སྐྱེས་ཡོད་ངེས་མ་རེད་ལ། དམིགས་བསལ་མི་ལུས་རིན་ཆེན་ཀྱི་སྐྱེ་བ་ནམ་ཡང་བླངས་ཡོད་ངེས་མ་རེད། བྱས་ཙང་། ང་ཚོར་བསོད་ནམས་ཀྱི་ཚོགས་ཡོད་པ་དེས་གསལ་པོར་སྟོན་གྱི་ཡོད། འོ་ན་ཞ་ལའི་སྟེང་གི་ང་ཚོའི་གྲོགས་པོ་འབུ་ཞུ་ལུ་མ་ལ་བསོད་ནམས་ཀྱི་ཚོསག་ཡོད་དམ། ནང་པའི་ལྟ་ཚུལ་ལྟར་བྱས་ན། ང་ཚོས་སྐྱེ་བ་སྔ་མ་མཐའ་ཡས་ལ་གྲངས་མེད་པའི་རྒྱུ་མཚན་གྱིས་སྐབས་ཤིག་ལ་འབུ་ཞུ་ལུ་མ་འདི་ངའི་ཨ་མ་བྱས་མྱོང་ཡོད་སྲིད་པ་རེད། ཡིན་ནའང་། ང་ཚོ་མང་པོ་ཞིག་ལ་ནི་དེ་ནི་ཡིད་ཆེས་དཀའ་བ་ཞིག་རེད། ང་ཚོས་ཞ་ལའི་སྟེང་དུ་ད་དུང་ཡང་གསོན་པོར་གནས་ཤིང་། འགྲོ་བཞིན་པའི་འབུ་ཞུ་ལུ་མ་དེ་རྡོག་རྫིས་བཏང་མེད་པའམ། ཡང་ན་འབུ་དུག་བཏང་ནས་རྩ་མེད་བཟོས་མེད་པ་སོང་ཙང་། དེས་གང་སྟོན་གྱི་ཡོད་ཅེ་ན། འབུ་དེས་བསོད་ནམས་ཀྱི་ཚོགས་བསགས་ཡོད་པ་དང་དེ་ལ་བརྟེན་ནས་འབུ་དེ་ད་དུང་གསོན་པོར་གནས་ཐུབ་པ་དང་ཚེ་རིང་པོ་ཟེར་བ་དེ་ཡོད་པར་སྟོན་གྱི་ཡོད། ནང་པའི་རྩ་དོན་རྣམས་ལ་གཞི་བྱས་ནས་རྒྱུ་མཚན་རིགས་པ་དང་ལྡན་པའི་བརྟག་དཔྱད་ནི། ནང་ཆོས་ནས་གསུང་པའི་ “མི་ཚང་མར་བསོད་ནམས་ཀྱི་ཚོགས་ཡོད་” ཅེས་པ་དེ་ལ་ཡིད་ཆེས་རྙེད་ཐུབ་པར་ཧ་ཅང་གལ་ཆེན་པོ་རེད། བདེན་དོན་དེ་ལ་ཁྱེད་ཀྱིས་རྗེས་སུ་ཡི་རང་བྱེད་པའི་རེ་བ་ཡོད།
འོ་ན་ཡེ་ཤེས་ཀྱི་ཚོགས་དེ་གང་འདྲ་རེད་དམ། དེ་ལ་ཡིད་ཆེས་རྙེད་པར། ང་ཚོས་དེ་དབྱེ་བ་འབྱེད་སྟངས་གཅིག་ལ་བལྟ་དགོས་ཀྱི་ཡོད། དེ་ནི་ཡེ་ཤེས་ལྔའི་ལུགས་དེ་རེད། (འདི་ལ་སྐབས་རེར་སངས་རྒྱས་ཀྱི་ཡེ་ཤེས་ལྔ་ཞེས་ཟེར་ནའང་། དེ་ནི་སྐབས་འདིར་ཧ་ཅང་གསལ་པོ་མེད་པ་ཞིག་རེད།) ཡེ་ཤེས་ལྔའི་སྐོར་ཞིབ་ཅིང་ཕྲ་བར་འགྲོ་མི་དགོས་པར། དེ་དག་ལས་གཅིག་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་གནས་ཚུལ་རྟོགས་པ་དང་། དེ་ནས་མཉམ་ཉིད་ཡེ་ཤེས་ཞེས་ཆོས་རྣམས་མཉམ་དུ་བསྡུ་ཐུབ་པ་སོགས་ཡོད། ང་ཚོས་འདིར་ཡེ་ཤེས་ལྔ་ཚང་མའི་སྐོར་ཞུ་རྒྱུའི་དུས་ཚོད་མེད། ཁྱེད་ཀྱིས་དེ་དག་གི་སྐོར་ལ་ངའི་དྲྭ་ཚིགས་ནང་གཟིགས་ན་འགྲིག འོན་ཀྱང་། འབུ་ཞུ་ལུ་མ་དེས་ཁ་ལག་ལྟ་བུ་དངོས་པོ་འདི་དང་དེ་ཟེར་བ་ལྟ་བུ་གནས་ཚུལ་རྟོགས་ཐུབ་པ་དང་ཆོས་རྣམས་མཉམ་དུ་བསྡུ་ཐུབ་པ་དེས་ཡེ་ཤེས་འཐོབ་བཞིན་ཡོད་ (དེས་དེ་དང་མཉམ་དུ་གང་བྱེད་དགོས་པ་སྟེ། དེ་བཟའ་དགོས་པ་ཤེས་ཀྱི་ཡོད་) པ་སོགས་རེད། དེར་བརྟེན་ང་ཚོ་ཚང་མར་ཡེ་ཤེས་ཀྱི་ཚོགས་དེ་ཡོད་པ་དང་དེ་ནི་སངས་རྒྱས་ཀྱི་རིགས་ཤིག་ཡིན་པ་རེད།
ད་བསོད་ནམས་ཀྱི་ཚོགས་འདི་ནི་ཕན་བྱེད་དགེ་བའི་སྤྱོད་ལམ་ལ་བརྟེན་ནས་གསོག་གི་ཡོད། ངས་འདིར་སྤྱིར་བཏང་གི་ཆ་ནས་ཤོད་ཀྱིན་ཡོད། ཡེ་ཤེས་ཀྱི་ཚོགས་ནི། གལ་ཏེ་ང་ཚོས་འདི་ལ་ཐུན་མིན་གྱི་ལྟ་ཚུལ་ཐོག་ནས་བལྟས་ན། དེ་ནི་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་རྟོགས་པ་ལས་འབྱུང་གི་ཡོད། ལྷག་པར་དུ་སྟོང་པ་ཉིད་རྟོགས་པ་ལས་འབྱུང་གི་ཡོད། ངས་ཨིན་སྐད་ནང་གི་ (apprehension) “རྟོགས་པ་” ཞེས་པའི་ཚིག་དེ་གང་ཡིན་འགྲེལ་བརྗོད་བྱེད་ཀྱི་ཡིན། “རྟོགས་པ་” ཞེས་པ་ནི་ཆོས་ཤིག་ལ་ཡང་དག་པ་དང་ཐག་ཆོད་པོའི་ཤེས་པ་རེད། དེ་ནི་སྤྱིར་བཏང་བོད་སྐད་ནང་གི་ “ཤེས་པ་” ཟེར་བ་དང་ཚིག་གཅིག་པ་ཡིན་ནའང་། དེ་ལ་དམིགས་བཀར་གྱི་གོ་དོན་ཞིག་ཀྱང་ཡོད་དེ། དེ་ནི་ཡང་དག་པ་དང་ཐག་ཆོད་པོ་ཡིན་པ་རེད། ཐུན་མིན་གྱི་ལྟ་ཚུལ་ལྟར་བྱས་ན། འདི་ནི་ཡེ་ཤེས་ལ་བལྟ་བཞིན་པ་དེ་ཡིན་པ་དང་དེ་ནི་ངས་གོང་དུ་ཞུས་པའི་ཡེ་ཤེས་ལྔའི་ལུགས་ནས་ཡིན་དགོས་ངེས་ཤིག་མིན།
ད་རྒྱས་འགྱུར་གྱི་རིགས་དྲན་དགོས་ཏེ། ཚོགས་གཉིས་པོ་ནི་གང་མི་རྟག་པའི་སངས་རྒྱས་ཀྱི་སྐུ་རུ་འགྱུར་རྒྱུ་ཡིན་པ་དེ་རེད། བསོད་ནམས་ནི་གཟུགས་སྐུའི་ཉེར་ལེན་གྱི་རྒྱུ་ཡིན་པས། དེ་ལ་སྤྲུལ་སྐུ་དང་ལོངས་སྐུ་ (ངས་ཉེར་ལེན་གྱི་རྒྱུ་གང་ཡིན་འགྲེལ་བརྗོད་བྱེད་ཀྱི་ཡིན་) གཉིས་ཡོད། དེ་ནས་ཡེ་ཤེས་ཀྱི་ཚོགས་ནི་གཟུགས་སྐུ་དེ་དག་གི་ལྷན་ཅིག་བྱེད་པའི་རྐྱེན་ཞེས་ཟེར་གྱི་ཡོད། ཡེ་ཤེས་ཆོས་སྐུ་ནི་གོ་ལྡོག་པ་དེ་ཡིན་ཏེ། ཡེ་ཤེས་ཀྱི་ཚོགས་ནི་འདིའི་ཉེར་ལེན་གྱི་རྒྱུ་ཡིན་པ་དང་བསོད་ནམས་ཀྱི་ཚོགས་ནི་ལྷན་ཅིག་བྱེད་རྐྱེན་ཡིན། དེར་བརྟེན་ང་ཚོས་ཐ་སྙད་དེ་དག་གི་གོ་དོན་གང་ཡིན་པའི་ཐུན་མིན་གྱི་མཚན་ཉིད་དང་བརྗོད་དོན་རྟོགས་པ་རེད།
ཉེར་ལེན་གྱི་རྒྱུ་ནི་འབྲས་བུ་ཉེ་བར་ལེན་པའི་རྒྱུ་དེ་ཡིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དེ་ལ་ཉེ་བར་ལེན་པའི་རྒྱུ་ཞེས་བརྗོད་ཀྱི་ཡོད། དེ་ནི་སེམས་རྒྱུད་ཀྱི་ནང་ཆོས་ཤིག་གི་རྒྱུད་འཛིན་ལྟ་བུར་ཆོས་ཤིག་སྐྱེད་པར་བྱེད་པའི་རྫས་ཀྱི་རིགས་ཤིག་ཡིན་པ་དང་འབྲས་བུ་ཆ་ཚང་བར་སྨིན་ཟིན་པའི་རྗེས་སུ་དེ་གནས་ཀྱི་མེད། དཔེ་སྟབས་བདེ་ཞིག་ཞུས་ན། ས་བོན་དང་མྱུ་གུ་ལྟ་བུ་རེད། དེ་ནི་རྫས་ཀྱི་རིགས་རེད། མྱུ་གུ་ནི་ས་བོན་ལས་འབྱུང་བ་དང་དེས་མྱུ་གུ་རྒྱུད་འཛིན་པ་ལྟ་བུ་མྱུ་གུ་སྐྱེད་པར་བྱེད་ཀྱི་ཡོད། དེ་ཡང་རྒྱུད་ཅིག་གི་ནང་ཡོད་པ་དང་མྱུ་གུ་རྦད་དེ་ཐོབ་ཟིན་པ་དང་ས་བོན་མི་གནས་པར་འགག་གི་ཡོད། བྱས་ཙང་། ས་བོན་ལ་བརྟེན་ནས་ཁྱེད་ལ་མྱུ་གུ་ཉེ་བར་ཐོབ་ཀྱི་ཡོད། དེ་ནི་ཉེར་ལེན་གྱི་རྒྱུ་དེ་ཡིན་པ་རེད།
ལྷན་ཅིག་བྱེད་པའི་རྐྱེན་ནི་ཆོས་ཤིག་མ་བྱུང་གོང་ནས་ཡོད་པ་ཞིག་དང་ཆོས་དེ་འབྱུང་བར་རོགས་བྱེད་ཀྱི་ཡོད། ཆོས་གང་ཞིག་འབྱུང་བར་རྐྱེན་བྱེད་ཀྱི་ཡོད། དེར་བརྟེན་དེ་ནི་ཉེར་ལེན་གྱི་རྒྱུ་དང་མཉམ་དུ་ལྷན་ཅིག་བྱེད་པའི་སྐྱེན་དེ་ཡིན་ནའང་། ལྷན་ཅིག་བྱེད་རྐྱེན་ཁོ་རང་འབྲས་བུའི་ངོ་བོར་འགྱུར་གྱི་མེད།
བསོད་ནམས་ཀྱི་ཚོགས་འདིས་འབྲས་བུ་ཞིག་སྐྱེད་པར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་སངས་རྒྱས་ལ་གཞིགས་ནས་བསམས་ན། དེ་ནི་གཟུགས་སྐུ་ཡིན་པ་རེད། དེའི་ངོ་བོར་གྱུར་ནས་དེའི་ངོ་བོར་གྱུར་ཟིན་པ་དང་དེ་གནས་ཀྱི་མེད། བྱས་ཙང་། ང་ཚོར་བསོད་ནམས་ཀྱི་ཚོགས་ (སངས་རྒྱས་ལ་བསོད་ནམས་ཀྱི་ཚོགས་མེད་པར། སངས་རྒྱས་ལ་གཟུགས་ཀྱི་སྐུ་ཡོད་པ་རེད་) དེ་མེད་པ་རེད། བསོད་ནམས་དེ་གཟུགས་སྐུ་དེ་དག་གི་ངོ་བོར་འགྱུར་བར། ཡེ་ཤེས་ཀྱི་ཚོགས་འདིས་གྲོགས་བྱེད་དགོས་ཀྱི་ཡོད།
དེའི་སྐོར་ལ་བསམ་བློ་ཐོངས། དེའི་དོན་གང་རེད་ཅེ་ན། ང་ཚོས་དགེ་བའི་ལས་མང་དག་ཅིག་བྱེད་ཀྱིན་ཡོད། ཕན་བྱེད་དགེ་བའི་སྤྱོད་ལམ་བྱེད་ཀྱི་ཡོད། དེས་བསོད་ནམས་ཧ་ཅང་མང་པོ་གསོག་གི་ཡོད། མ་འོངས་པའི་སངས་རྒྱས་ཤིག་ཡིན་པའི་ཆ་ནས་དེ་དག་ཐམས་ཅད་བྱེད་པ་ནི་གང་སངས་རྒྱས་ཀྱི་སྐུའི་ངོ་བོར་འགྱུར་བ་ཆགས་ཀྱི་ཡོད། དེའི་ནང་ང་ཚོས་སངས་རྒྱས་ཀྱིས་གཟུགས་སྐུའི་རྣམ་པའི་ཐོག་ནས་གཞན་ལ་ཕན་འདོགས་ཀྱི་ཡོད། ང་ཚོར་སངས་མ་རྒྱས་པ་དང་འབྲེལ་བའི་ཚོགས་དེ་འདྲ་མེད། གང་ཡིན་ཞེ་ན། ད་ལྟ་ང་ཚོ་སངས་རྒྱས་ཟིན་པ་སོང་ཙང་། དེ་ནི་མེད་པ་ཆགས་ཡོད། འོན་ཀྱང་། ཚང་མར་རོགས་བྱེད་པ་དང་བསོད་ནམས་མང་པོ་གསོག་པ་ཙམ་གྱིས་འགྲིག་ངེས་མིན། གང་ཡིན་ཞེ་ན། དེ་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རོགས་བྱེད་དགོས་ཀྱི་ཡོད། སྟོང་པ་ཉིད་མ་རྟོགས་པར་ཕན་བྱེད་དགེ་བའི་སྤྱོད་ལམ་ཚང་མས་སངས་རྒྱས་ཀྱི་གཟུགས་སྐུ་སྒྲུབ་ཀྱི་མ་རེད། ཁྱེད་ཀྱིས་མི་རྣམས་ལ་རོགས་གང་མང་མང་བྱེད་ཐུབ་ཀྱི་རེད། ཡིན་ནའང་། སངས་རྒྱས་ནང་བཞིན་བྱེད་མི་ཐུབ། དེ་ཅིའི་ཕྱིར་ཞེ་ན། ང་ཚོ་ནི་གང་བྱེད་བཞིན་པ་དང་རོགས་བྱེད་མཁན་གྱི་གང་ཟག་ལ་བདེན་པར་གྲུབ་པར་འཛིན་གྱི་ཡོད་པས་རེད།
འདི་གོ་ལྡོག་པའི་སྐབས། ཡེ་ཤེས་ཀྱི་ཚོགས་དེ་ནི་འཕགས་པའི་བདེན་པ་བཞི་དང་སྟོང་པ་ཉིད་ལ་སོགས་པ་ལ་རྟག་ཏུ་རྟོགས་པ་དང་། ཡང་དག་པའི་རྟོགས་པ། ཐག་ཆོད་པོའི་རྟོགས་པ་དང་ལྡན་པ་དེ་ནི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཐུགས་ལ་འགྱུར་གྱི་རེད། འགྲིག་གི་འདུག་གམ། སངས་རྒྱས་ཀྱི་ཐུགས་ནི་ཐམས་ཅད་མཁྱེན་པ་ཡིན་ཞིང་། ཐམས་ཅད་མཁྱེན་པ་མིན་པ་སྟེ། ཆོས་ཐམས་ཅད་ལ་རྒྱ་སྐྱེད་མེད། ཡེ་ཤེས་ཀྱི་ཚོགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ (ཐམས་ཅད་མི་མཁྱེན་པ་མིན་) སུ་གྱུར་ཟིན་པ་དང་དེ་ནི་འགག་གི་རེད། ཡིན་ནའང་། དེ་ནི་བསོད་ནམས་ཀྱི་ཚོགས་གསོག་པས་གྲོགས་བྱེད་དགོས། དེ་མིན་དེ་ནི་ཤེས་སྟོབས་ཀྱི་རྟོགས་པ་ཙམ་རེད།
སྐབས་དོན་འདི་ལ་གཞིགས་ན་མདོ་དང་སྔགས་གཉིས་དབར་གྱི་ཁྱད་པར་གཅིག་རང་ཡོད་པ་ནི་བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་དེ་ཡིན་ཞིང་། དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཉེར་ལེན་གྱི་རྒྱུད་ཆགས་ཀྱི་རེད། ཕྱོག་གཞན་ཞིག་ནས་ང་ཚོས་སོ་སོ་རང་ཉིད་ཡིད་དམ་གྱི་ལྷར་དམིགས་རྣམ་བསྟེན་པ་དེ་རེད། གསང་སྔགས་ལུགས་སུ་སོ་སོ་རང་ཉིད་སངས་རྒྱས་ལྟར་བསམ་བློ་གཏོང་བ་དེ་ལ་ “ཡིད་དམ་ལྷའི་རྣལ་འབྱོར་” ཟེར་གྱི་ཡོད། དེ་ནི་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པ་ལ་གཞི་བྱས་ནས་བསྒྲུབས་ཡོད་པ་ནི་གསལ་པོ་རེད། དགེ་བའི་ལས་བྱེད་དགོས་ཀྱི་ཡོད། ཁྱེད་རང་མར་བསྡད་ནས་ “ང་ནི་སངས་རྒྱས་ཡིན་” ཞེས་བསམས་ནས་གཞན་སུ་ལའང་རོགས་མི་བྱེད་པ་དང་རོགས་བྱ་རྒྱུའི་འབད་བརྩོན་ཆུང་ངུ་ཙམ་ཞིག་ཀྱང་བྱེད་ཀྱི་མེད། དོན་ངོ་མར་ཁྱེད་ཀྱིས་གཞན་ལ་གནོད་འཚེ་བྱེད་ཀྱི་ཡོད། དེ་འདྲ་ཞིག་མ་རེད། དེ་འདྲ་སོང་ཙང་། དེ་དག་ནི་རྒྱས་འགྱུར་གྱི་རིགས་རྣམས་རེད།
རང་བཞིན་གནས་རིགས། སེམས་རྒྱུད་ཀྱི་སྟོང་པ་ཉིད།
གནས་པའི་རིགས་ཏེ། སེམས་རྒྱུད་ཀྱི་སྟོང་པ་ཉིད་ཀྱིས་འགྱུར་ལྡོག་གཏོང་འཇུག་གི་ཡོད་པ་སྟེ། འདི་ནི་རྟག་པ་ཡིན་ཞིང་། དེ་ནི་ང་ཚོ་སངས་མ་རྒྱས་གོང་དང་སངས་རྒྱས་པའི་རྗེས་སུ་གཅིག་པར་གནས་ཀྱི་ཡོད། སེམས་རྒྱུད་ཀྱི་སྟོང་པ་ཉིད་རྒྱུ་མཚན་དུ་བྱས་ཏེ། སངས་མ་རྒྱས་པའི་གནས་བབས་ཀྱིས་འགྱུར་ལྡོག་གཏོང་འཇུག་གི་ཡོད། ཐ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་མཁན་ཞིག་ཡིན་ནའང་། སེམས་རྒྱུད་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་རེད། (འདི་ནི་དགེ་ལུགས་པའི་དེའི་སྐོར་གྱི་འགྲེལ་ཚུལ་དེ་རེད།) སེམས་རྒྱུད་ཀྱི་སྟོང་པ་ཉིད་ནི་སངས་རྒྱས་ཀྱི་རིམ་པའི་ངོ་བོ་ཉིད་སྐུ་ལྟར་ན། སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཐུགས་སྟོང་པ་ཉིད་དེ་ལ་གོ་བ་ཡིན། (རང་བཞིན་གནས་རིགས་ལྟར་ན། སྟོང་པ་ཉིད་འདི་ནི་ངོ་བོ་ཉིད་སྐུ་ལ་གང་འགན་ཡོད་པ་དེ་ཡིན་ཞིང་། དེ་ནི་སངས་རྒྱས་ཀྱི་ཐུགས་སྟོང་པ་ཉིད་དེ་རེད།) དེ་ནི་གཅིག་གཞན་གྱི་ནང་དུ་འགྱུར་ལྡོག་འགྲོ་བ་ཞིག་མིན་པར། དེ་ནི་གཅིག་པ་རེད། སེམས་རྒྱུད་ཀྱི་སྟོང་པ་ཉིད་ནི་དེའི་སྟེང་དུ་བཏགས་པའི་སེམས་རྒྱུད་དེ་དང་མཉམ་དུ་ཡོད་པའི་ཆོས་སྣ་ཚོགས་པས་ཤུགས་རྐྱེན་མ་བྱས་པ་རེད། ཇི་ལྟར་ངས་གོང་དུ་བརྡ་བསྟན་པ་བཞིན་དགེ་ལུགས་པ་མིན་པའི་ཆོས་བརྒྱུད་འགའ་ཞིག་ལ་ནི་འདིའི་སྟེང་ལ་འགྲེལ་བརྗོད་མི་འདྲ་བ་གཞན་དག་ཀྱང་ཡོད། དེ་དག་གི་སྐོར་ལ་འདིར་མ་ཞུས་ན་ཕལ་ཆེར་ཡག་ག་ཡོད། དེ་ནི་ཏོག་ཙམ་མགོ་རྙོག་ཚ་པོ་ཆགས་སྲིད་པ་རེད།
ཕྱོགས་བསྡོམས།
ད་ང་ཚོས་ད་བར་དུ་གང་བཤད་ཟིན་པ་རྣམས་སེམས་ལ་ངེས་ཕྱིར་སྐར་མ་ཁ་ཤས་རིང་བསམ་བློ་གཏོང་རྒྱུ་ཡིན། ང་ཚོས་གང་བཤད་ཟིན་པ་རེད་དམ། ང་ཚོ་ཚང་མ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་རྐྱེན་གང་དག་ཡོད་པའི་སྐོར་ཤོད་ཀྱིན་ཡོད་པ་དང་། དེའི་ནང་དུ་འབུ་ཞུ་ལུ་མ་ཚུད་ཡོད་ལ། མི་ཚེ་བྱེ་བྲག་འདིའི་ནང་འབུ་ཞུ་ལུ་མར་སྐྱེ་བའི་ལས་བསགས་མཁན་གྱི་མི་དེའང་ཚུད་ཡོད་པ་རེད། སྐྱེ་སྔ་ཕྱི་ལ་གཞིགས་ན། ཚེ་རབས་ཐམས་ཅད་ཀྱི་ནང་ང་ཚོས་ལས་ངེས་ཅན་ཞིག་བསགས་མེད་ན། མི་སུ་གཅིག་ཀྱང་རྟག་ཏུ་དང་གཏན་དུ་འབུ་ཞུ་ལུ་མར་མི་སྐྱེ་ཤིང་། ང་ཚོ་སུ་གཅིག་ཀྱང་ (སོ་སོ་རང་ཉིད་ཚུད་པའི་) གཏན་དུ་མིའི་སྐྱེ་བ་ལེན་གྱི་མ་རེད།
དེར་བརྟེན་ང་དང་འབུ་ཞུ་ལུ་མ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡིན་པ་དེ་ཇི་ལྟར་སྲིད་དམ། ང་ཚོའི་སེམས་རྒྱུད་ཀྱི་ཆ་ཤས་སུ་དེ་ལ་གཞི་རྟེན་མེད་པ་མ་རེད། བྱས་ཙང་། ང་ཚོའི་སངས་རྒྱས་ཀྱི་གོ་འཕང་དེ་རྒྱུ་མེད་རྐྱེན་མེད་དང་གང་ཡང་མེད་པ་ཞིག་ནས་འབྱུང་གི་མེད། ཡང་ང་ཚོའི་སེམས་རྒྱུད་ཀྱི་ནང་སྔོན་ཚུད་ནས་དེར་ཡོད་པ་དང་གལ་ཏེ་ང་ཚོས་དེར་ཡོད་པ་རྟོགས་ཐུབ་པ་ཙམ་གྱིས་དེ་ཕྱིར་ཐོན་པར་བསྒུག་བཞིན་ཡོད་པ་དེ་འདྲའང་མ་རེད། དེ་ལས་ལྡོག་སྟེ། ང་ཚོའི་སེམས་རྒྱུད་ཀྱི་ཆ་ཤས་སུ་གྱུར་བའི་རྐྱེན་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་འགའ་ཞིག་ནི་སངས་རྒྱས་ཀྱི་སྐུ་བྱེ་བྲག་ཅིག་ཏུ་འགྱུར་བ་དང་འགའ་ཞིག་ནི་སངས་རྒྱས་ཀྱི་སྐུ་དེ་དག་གི་རང་བཞིན་ལ་འགན་ཡོད་པ་ཙམ་རེད། དགེ་བའི་བཤེས་གཉེན་ཞིག་གི་བྱིན་རླབས་ལ་བརྟེན་ནས་དེ་དག་འཕེལ་སྐྱེད་འགྲོ་བའི་བསྐུལ་རྐྱེན་བྱེད་ཐུབ། དེ་དག་ཀྱང་བསྐུལ་རྐྱེན་དེ་ཁོ་ན་ལ་བརྟེན་ནས་འཕེལ་སྐྱེད་འགྲོ་བ་ཙམ་མིན་པར། ང་ཚོའི་ངོས་ནས་ཀྱང་ཚོགས་དེ་དག་ནུས་ཤུགས་ཆེ་རུ་གཏོང་བའི་རྒྱུ་སྣ་ཚོགས་པ་གསོག་དགོས་ཀྱི་ཡོད། དེ་དག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་རེད། དེ་དག་ནི་རྒྱས་འགྱུར་གྱི་རིགས་རེད།
དེར་བརྟེན་དེ་དག་སེམས་ལ་ངེས་པར་བྱས་ཏེ། དེ་ཡང་དག་པ་དང་ཐག་ཆོད་པོའི་སྒོ་ནས་རྟོགས་པར་བསམ་བློ་གཏོང་ཐབས་བྱེད་དགོས།
ང་ཚོས་བསོད་ནམས་ཀྱི་ཚོགས་ཇི་ལྟར་གསོག་གི་ཡོད་དམ།
ཇི་ལྟར་ང་ཚོ་འགྲོ་བ་མི་ཡིན་པའི་བདེན་དོན་གྱིས་གསལ་སྟོན་བྱས་པ་ལྟར། ང་ཚོ་ཚང་མར་ཡོད་པའི་བསོད་ནམས་ཀྱི་ཚོགས་ནི་མི་ཡིན་པའི་ཆ་ནས་ང་ཚོར་མིའི་ལུས་རྟེན་ཞིག་ཡོད་པ་འདི་ལ་འགན་ཡོད་པ་དང་། གལ་ཏེ་ང་ཚོས་བསོད་ནམས་ཀྱི་ཚོགས་དེ་གང་ཐུབ་ཅི་ཐུབ་བསགས་ན། དེ་ལས་ང་ཚོར་སངས་རྒྱས་ཀྱི་གཟུགས་སྐུ་འཐོབ་ཀྱི་རེད། ཡིན་ནའང་། དེ་ལ་ང་ཚོས་བསོད་ནམས་གསོག་པའི་རྒྱུ་མཚན་དང་བསོད་ནམས་དེ་སུས་གསོག་བཞིན་ཡོད་པ་སོགས་ཀྱི་སྟོང་པ་ཉིད་ཀྱི་དོན་རྟོགས་པ་དེས་གྲོགས་བྱེད་དགོས་ཀྱི་ཡོད། དེ་ནས་ཡེ་ཤེས་ཀྱི་ཚོགས་དེ་ང་ཚོ་ཚང་མར་ཡོད་དེ། ང་ཚོས་གནས་ཚུལ་རྟོགས་ཐུབ་པ་དང་འགྲོས་རྣམས་མཐོང་ཐུབ་པ། གང་བྱེད་དགོས་མིན་སོགས་ཤེས་ཀྱི་ཡོད། དེ་བཞིན་དུ་ཆོས་རྣམས་གང་ཡིན་པ་ (དེ་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གང་འཚམས་ཀྱི་དོན་གོ་འཕེར་བ་ཞིག་རེད། གང་ཡིན་ཞེ་ན། ང་ཚོར་འགྲོ་བ་མིའི་རྣམ་དཔྱོད་ཡོད་པ་དང་ང་ཚོས་ཕུགས་རྒྱང་རིང་པོའི་ནང་གང་ཞིག་ཕན་ཐོགས་ཅན་དང་གང་ཞིག་གནོད་གཞི་ཅན་ཡིན་པའི་དབར་ལ་ཁྱད་པར་འབྱེད་ཐུབ་) ཤེས་ཤིང་། དེ་ནུས་ཤུགས་ཆེ་རུ་བཏང་ནས་སངས་རྒྱས་ཀྱི་ཐུགས་ཐམས་ཅད་མཁྱེན་པ་ཆགས་པར་བྱེད་ཐུབ། ང་ཚོས་དེ་ནི་འཕགས་པའི་བདེན་པ་བཞི་དང་འཕགས་པའི་བདེན་པ་བཞིའི་སྟོང་པ་ཉིད་ལ་དམིགས་པ་གཏད་པ་དང་སྒོམ་རྒྱག་ནས་བྱེད་ཐུབ། འཕགས་པའི་བདེན་པ་བཞི་ནི།
- སྡུག་བསྔལ་བདེན་པ།
- སྡུག་བསྔལ་གྱི་རྒྱུ་སྟེ། ཀུན་འབྱུང་བདེན་པ། (རྒྱུ་ངོ་མ་ནི་ཆོས་རྣམས་ཇི་ལྟར་གྲུབ་པའི་ཚུལ་གྱི་སྟོང་པ་ཉིད་ལ་རྨོངས་པའི་མ་རིག་པ་དེ་ཡིན་པ་རེད།)
- འགོག་པའི་བདེན་པ། (སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ནི་སླར་མི་འབྱུང་བའི་ཚུལ་དུ་སྤོང་རུང་བ་ཡིན།)
- སེམས་ཀྱི་ལམ་དངོས་སམ་ལམ་གྱི་བདེན་པ། (སྟོང་པ་ཉིད་ཀྱི་དོན་དངོས་སུ་རྟོགས་པ་སོགས་ཀྱིས་སྡུག་བསྔལ་གྱི་རྒྱུ་རྣམས་མེད་པ་བཟོ་བས་ན། སྡུག་བསྔལ་མེད་པ་བཟོ་བ་ཡིན།)
དེར་བརྟེན་འཕགས་པའི་བདེན་པ་བཞི་པོ་རྟོགས་པ་ལ་བརྟེན་ནས་འདི་ལ་བསྒོམ་པའམ་ཡང་ན་ང་ཚོས་བདེན་པ་བཞི་པོ་ཡང་དག་པ་དང་ཐག་ཆོད་པོའི་སྒོ་ནས་ཤེས་དགོས། ཐག་ཆོད་པོ་ནི་ “སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ནི་སྤོང་རུང་ཡིན་པར་ང་རང་མཐའ་གཅིག་ཏུ་ཡིད་ཆེས་ཡོད། དེ་ཡང་། སྟོང་པ་ཉིད་རྟོགས་པ་ལ་བརྟེན་ནས་དེ་སྤོང་ཐུབ་པ་ལའང་ང་རང་མཐའ་གཅིག་ཏུ་ཡིད་ཆེས་ཡོད་པ་དང་ངས་སྟོང་ཉིད་ཀྱི་དོན་ཡང་དག་པར་རྟོགས་ཡོད་’’ཅེས་པ་དེ་རེད། དེ་དག་གི་ཐོག་ལ་ཡེ་ཤེས་ལྔ་ལ་བརྟེན་ནས་བསྒོམ་པ་སྟེ། གནས་ཚུལ་རྟོགས་པ་དང་ཚང་མ་སྟོང་པ་ཡིན་པ་མཉམ་པ་དེ་མཐོང་བ་སོགས་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཐུགས་ཐམས་ཅད་མཁྱེན་པའི་ངོ་བོར་འགྱུར་གྱི་རེད། དེ་ལ་ཡེ་ཤེས་ཆོས་སྐུ་ཟེར་གྱི་ཡོད། དེ་ལ་དགེ་བའི་ནུས་པའམ་བསོད་ནམས་གང་མང་མང་གིས་གྲོགས་བྱེད་པ་ཞིག་དགོས། དགེ་བའི་བཤེས་གཉེན་དང་སངས་རྒྱས་ལ་སོགས་པའི་འཕྲིན་ལས་ཀྱི་ཤུགས་རྐྱེན་དང་བྱིན་རླབས་ལ་བརྟེན་ནས་ངས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་མང་གསོག་པར་བསྐུལ་རྐྱེན་བྱེད་ཐུབ།
ད་ང་ཚོས་ཏོག་ཙམ་རིང་དེ་དག་སེམས་རྒྱུད་ལ་ངེས་པར་བྱེད་ཀྱི་ཡིན།
ང་ཚོས་གོང་དུ་གང་གོ་བསྡུར་བྱས་པ་ལ་གཞིགས་ནས་མདོ་སྔགས་གཉིས་དབར་ལ་ཁྱད་པར་འབྱེད་མཁན་གཅིག་རང་ཡོད་པ་ནི་གསང་སྔགས་ཀྱི་ལུགས་སུ་བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་དམིགས་བསལ་ཁ་སྐོང་རིགས་ཡོད་པ་དང་དེ་དག་ནི་སངས་རྒྱས་ཀྱི་གཟུགས་སྐུའི་ངོ་བོར་འགྱུར་གྱི་ཡོད། དེ་ལ་ཡི་དམ་ལྷའི་རྣལ་འབྱོར་ཞེས་སུ་གྲགས་པ་ཡིན། དེའི་ནང་ང་ཚོས་ཐོག་མར་སོ་སོ་རང་ཉིད་སྔོན་ཚུད་ནས་ཡི་དམ་གྱི་ལྷའི་ངོ་བོར་ཡིན་པར་དམིགས་རྣམ་བྱ་རྒྱུ་དེ་རེད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་ནང་། ང་ཚོར་སངས་རྒྱས་ཀྱི་སྐུ་ཡོད་པའི་དམིགས་རྣམ་གྱི་རྒྱུད་རིམ་ལ་བྱང་པ་བྱས་པར་གཞི་བཅོལ་ཏེ། ང་ཚོས་དོན་ངོ་མར་སྒྱུ་ལུས་ཞེས་བྱ་བ་ལ་བརྟེན་ནས་སོ་སོའི་རླུང་ཕྲ་མོ་དེ་ཡི་དམ་ལྷའི་རྣམ་པར་མངོན་པར་བྱེད་ཀྱི་ཡོད། དེ་ནི་མི་འདྲ་བའི་ཁྱད་པར་གཅིག་རེད། ད་དུང་བླ་མེད་རྒྱུད་ཀྱི་ནང་དུ་སེམས་ཀྱི་རིམ་པ་ཕྲ་ཤོས་སུ་སྙེག་ཐུབ་པ་དང་དེ་ལ་བརྟེན་ནས་ཇི་ལྟར་མདོ་ལུགས་སུ་སྟོང་ཉིད་ཀྱི་རྟོགས་པ་ཡོད་པ་ནང་བཞིན་དེ་དང་གཅིག་པ་གཅིག་རྐྱང་གི་རྟོགས་པ་སྐྱེད་སླ་བ་བཟོ་བའི་ཐབས་ལམ་གཞན་དག་ཀྱང་ཡོད། དེར་བརྟེན་ཐབས་ཀྱི་ཆ་མང་བ་ཡོད། ཡེ་ཤེས་ཀྱི་ཚོགས་ལ་ཆ་བཞག་ན། དེ་ནི་རྟག་ཏུ་སྟོང་པ་ཉིད་རྟོགས་པ་དང་གཅིག་མཚུངས་རེད། དེ་ནི་བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་དང་། སངས་རྒྱས་ཀྱི་སྐུ་རུ་འགྱུར་བའི་ནུས་ལྡན་གྱི་ཐབས། དེ་བཞིན་ང་ཚོར་སྟོང་པ་ཉིད་ཀྱི་རྟོག་མེད་ཀྱི་ཤེས་པ་དེ་འཐོབ་པར་ཕན་པའི་ནུས་ལྡན་གྱི་ཐབས་མང་བ་ཡོད་པ་ཙམ་རེད།
གནད་དོན་གཙོ་བོ་ནི་གསང་སྔགས་ནི་མདོའི་སྐབས་དོན་གྱི་ནང་དུ་ཏག་ཏག་རན་འཚམས་ཆགས་ཀྱི་ཡོད། དེ་གཉིས་ཀྱིས་ང་ཚོར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཕན་པའི་ཆ་ནས་ཐ་དད་པའམ་ལོགས་སུ་ཡོད་པ་ཞིག་མིན། དེ་ནི་སངས་རྒྱས་ཀྱི་རིགས་དང་། ཚོགས་གཉིས། སེམས་ཀྱི་སྟོང་པ་ཉིད། སངས་རྒྱས་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་བྱིན་རླབས་ལ་གཞི་བྱས་ཡོད།
ད་ང་ཚོས་དེ་དག་སེམས་ལ་ངེས་པར་བྱ་རྒྱུ་ཡིན།
དཔྱད་སྒོམ།
འདི་སྒོམ་རྒྱག་སྐབས་སུ་རང་རྒྱུད་ལ་ངེས་པར་བྱེད་པའི་དོན་གང་ཡིན་པ་དེ་འགྲེལ་བརྗོད་བྱེད་པར་དེ་ནི་ང་རང་ལ་ཕན་ཐོགས་ཅན་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། གལ་ཏེ་ངས་ “སེམས་ལ་ངེས་པར་བྱོས་’’ ཞེས་ང་ཚོས་ཚང་མས་གང་བྱེད་དགོས་པ་ཤེས་ཀྱི་ཡོད་ཤག་བྱས་ནས་ཧ་ཅང་ཁ་སྙན་པོའི་སྒོ་ནས་བཤད་ཡོད་པ་དགོངས་དག་ཞུ་རྒྱུ་ཡིན། ང་ཚོས་གང་བྱེད་པ་ནི་དཔྱད་སྒོམ་ཟེར་བ་དེ་རེད། དེ་ནི་ཇི་ལྟར་ངས་གོང་དུ་འགྲེལ་བརྗོད་བྱས་པ་དེའི་གཞི་རྩའི་སྙིང་དོན་ཏེ། བརྗོད་གཞི་དེ་སོ་སོའི་སེམས་ནང་བསྐྱར་ཟློས་བྱ་རྒྱུ་དེ་རེད། དེ་ལ་དོ་སྣང་ཡོད་པ་ཞིག་དགོས་པ་དང་སེམས་ནང་དྲན་དགོས་པ་ནི་གསལ་པོ་རེད། རྒྱུ་ཆ་དེའི་ནང་ཕྱིན་པ་སྟེ། སྐབས་འདིར་རྒྱུ་མཚན་རིགས་པའི་རྩོད་གླེང་ཞིག་མིན་ནའང་། རིགས་པའི་ལམ་དང་འདྲ་མཚུངས་ཤིག་རེད། དེ་ནས་ང་ཚོས་རྒྱུ་ཆ་འདིའི་རྟོགས་པ་ཞིག་རྙེད་པ་དང་ཡང་དག་པ་དང་ཐག་ཆོད་པོའི་སྒོ་ནས་རྟོགས་པ་རེད། འདི་ནི་གང་འགྲེལ་བརྗོད་བྱས་པ་དེ་ཡིན་པར་ང་ཚོས་ཡིད་ཆེས་རྙེད་པ་དང་། རེ་བ་དང་བཅས་དེའི་སྐོར་ལ་བསམ་བློ་བཏང་ནས་དོན་ངོ་མར་འདི་ནི་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་ཐོབ་པར་གཞིགས་ནས་ཡང་དག་པ་དང་མ་ནོར་བ་ཡིན་པར་ཡིད་ཆེས་རྙེད་ཡོད། དེ་ནས་སེམས་ཀྱི་གནས་བབས་གྲུང་ལ་ཧུར་བརྩོན་དང་ལྡན་པའི་སྒོ་ནས་ང་ཚོས་དཔྱད་ཐབས་བྱེད་ཀྱི་ཡོད། དེ་ཡང་ཐག་ཆོད་པོའི་རྟོགས་པ་དང་བསྟུན་ནས་ང་ཚོས་རང་གིས་རང་ལ་དཔྱད་ཐབས་བྱེད་ཀྱི་ཡོད། དཔྱོད་པ་ཟེར་བ་ནི་འདིར་ཐུན་མིན་གྱི་ཐ་སྙད་ཅིག་རེད། དེའི་དོན་ནི་ “ང་ལ་སངས་རྒྱས་ཀྱི་རིགས་ཡོད། གལ་ཏེ་ངས་འདི་ལྟར་དང་དེ་ལྟར་ཡར་རྒྱས་བཏང་ན། དེ་སངས་རྒྱས་ཀྱི་སྐུ་ཆགས་ཀྱི་རེད། དེ་ནི་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་འཐོབ་པའི་ཚུལ་དེ་རེད་’’ ཅེས་པའི་འགྲེལ་བ་འདི་ལ་གཞིགས་ནས་སོ་སོ་རང་ཉིད་རྟོགས་པ་དེ་རེད། བྱས་ཙང་། དེ་ནི་ང་ཚོས་ཨིན་སྐད་ནང་། དེ་མཐོང་བ་དང་དེ་ཧུར་བརྩོན་དང་ལྡན་པའི་སྒོ་ནས་རྟོགས་པ་དེ་རེད་ཅེས་པ་དེ་རེད། དེའི་རྗེས་སུ་ང་ཚོས་དུས་ཡུན་གང་འཚམས་ཤིག་གི་རིང་ལ་འཇོག་སྒོམ་ཟེར་བ་དེ་སྒོམ་དགོས་པ་དང་། ང་ཚོས་ངེས་པ་ཉིད་ལ་དམིགས་པ་གཏད་དགོས་པ་དང་ངེས་པ་ཉིད་དང་བཅས་རྟོགས་པ་དེ་ལ་དམིགས་དགོས་ཀྱི་ཡོད།
འདི་རྟོགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་ནི་སྒོམ་ཞེས་པའི་དོན་ངོ་མ་གང་ཡིན་པ་དེ་རེད། ཁྱེད་ཀྱིས་འགྲེལ་བ་དེ་དག་ཐམས་ཅད་ཐོས་ཡོད་པ་དང་དེ་ནས་ཁྱེད་རང་དེར་བསྡད་ནས་སེམས་སྟོང་ལྷང་ལྷང་གི་རྣམ་གཡེང་དུ་ཤོར་བ་དང་སོ་སོའི་སེམས་སྟོང་པར་གྱུར་ནས། ག་རེ་བྱེད་དགོས་མིན་མི་ཤེས་པ་དང་ཧུར་བརྩོན་དང་མི་ལྡན་པའི་སྒོ་ནས་དེར་བསྡད་པ་ཙམ་གྱིས་ཕལ་ཆེར་རང་རྒྱུད་ལ་འཐིམ་རྒྱུ་ཡིན་པ་དེ་འདྲ་ཞིག་མ་རེད།
ཁྱེད་ཀྱིས་གང་དྲན་ཐུབ་པ་ལ་དང་སངས་རྒྱས་ཀྱི་རིགས་རྟོགས་ཟིན་པ་ལ་གཞིགས་ནས་ཏོག་ཙམ་རིང་དེ་ལྟར་བྱེད་དགོས། “ང་ལ་བསོད་ནམས་དང་དགེ་བའི་ནུས་པ་ཡོད། ང་ལ་རྣམ་དཔྱོད་ཡོད། ངས་དེ་དག་བེད་སྤྱོད་བྱེད་ཆོག ད་དུང་ཡར་རྒྱས་གོང་འཕེལ་གཏོང་ཐུབ། དེ་ཡང་མི་ལུས་རིན་ཆེན་འཐོབ་པ་དང་རྣམ་དཔྱོད་ཅན་ཞིག་ཆགས་པ་ཙམ་མིན་པར། དཀའ་སྤྱད་མང་པོ་དང་རང་གི་དགེ་བའི་བཤེས་གཉེན་གྱི་བྱིན་རླབས་ལ་བརྟེན་ནས་སངས་རྒྱས་ཀྱི་སྐུ་འཐོབ་རྒྱུ་དེ་རེད།’’ ཐ་ན་དེ་ནི་དེ་ཙམ་ཡིན་ནའང་། དེ་ནི་ཧ་ཅང་ཕན་ཐོགས་ཅན་ཆགས་སྲིད་པ་རེད། གལ་ཏེ་ཁྱེད་རང་རྣམ་པར་གཡེངས་ནས་རང་གི་སེམས་སྟོང་ལྷང་ལྷང་ཆགས་ན། དེ་ནས་ཁྱེད་ཀྱིས་སོ་སོའི་སེམས་ནང་རྟོགས་པ་དེ་སླར་ཡང་བསྐྱར་ཞིབ་བྱེད་དགོས།
དྲི་བ་ཁག
དཔེ་མཚོན་འདིའི་ནང་འགྲོ་བ་མི་དང་འབུ་ཞུ་ལུ་མའི་དབར་གྱི་ཁྱད་པར་དེ་གང་རེད་དམ། (དེ་ཡང་། མི་དང་འབུ་ཞུ་ལུ་མ་གཉིས་ཀ་རེ་རེ་ལ་ཡེ་ཤེས་ལྔ་ཡོད་པ་རེད།)
ཕྱོགས་གཅིག་ནས་བཤད་ན། མི་དང་འབུ་ཞུ་ལུ་མ་གཉིས་ཀར་བྱ་བར་འཇུག་པའི་རྒྱུ་ཆ་གཅིག་པ་ཡོད། འོན་ཀྱང་། འགྲོ་བ་མི་ཡིན་པ་དང་དམིགས་བསལ་མི་ལུས་རིན་ཆེན་ཞིག་ཐོབ་པའི་ཆ་ནས། ང་ཚོར་བྱ་བར་འཇུག་པའི་རྒྱུ་ཆ་འདི་མུ་མཐུད་དེ་འཕེལ་རྒྱས་གཏོང་བའི་འཇོན་ཐང་དང་གོ་སྐབས་མང་བ་ཡོད། འབུ་ཞུ་ལུ་མ་ལ་ནི་དེ་འདྲ་བའི་གནས་སྟངས་དང་གོ་སྐབས་མེད། འབུ་ཞུ་ལུ་མར་མཚོན་ན། ཡེ་ཤེས་ལྔའི་བྱེད་ལས་ནི་འགྲོ་བ་མི་ཞིག་ལས་ཀྱང་རྦད་དེ་ཚད་བཀག་ཆེ་བ་ཡིན་པས། དེ་ནི་རྣམ་དཔྱོད་ཚད་བཀག་ཅན་སོགས་བསྒྲིབས་ནས་ཡོད། ཆོས་ཐམས་ཅད་ལ་གཏི་མུག་དང་གཏི་མུག་ཤུགས་ཆེ་བ་སོགས་ཀྱིས་བསྒྲིབས་ནས་ཡོད།
ང་ཚོས་དགེ་མཚན་དང་དོན་ཕན་ཅན་བྱེད་པའི་སྒོ་ནས་བསོད་ནམས་གང་མང་གསོག་པ་དང་དེ་ལ་ཡེ་ཤེས་གང་མང་གིས་གྲོགས་བྱེད་པར་འབད་པའམ། ཡང་ན་ཡེ་ཤེས་ཀྱི་ཚོགས་གསོག་པར་བསོད་ནམས་ཀྱིས་གྲོགས་བྱེད་པའི་སྐབས། སྡིག་སྒྲིབ་སྦྱོང་བ་དེ་གང་དུ་ཡོད་པ་དང་དེའི་འགན་གང་རེད་དམ།
ཇི་ལྟར་འབུ་ཞུ་ལུ་མའི་དཔེ་མཚོན་ནང་ཞུ་ལུ་མའི་ཆོས་རྣམས་རྟོགས་པའི་ནུས་པ་སྟེ། གནས་ཚུལ་རྟོགས་པ་དང་འགྲོས་རྣམས་མཐོང་བ་སོགས་ནི་ཚད་བཀག་ཡིན་པ་རེད། དེ་ནི་གནད་དོན་མང་དག་གིས་བསྒྲིབས་ནས་ཡོད། དེ་ནི་མ་རིག་པས་བསྒྲིབས་ནས་ཡོད་དེ། ཆོས་རྣམས་ཇི་ལྟར་གྲུབ་པ་མི་ཤེས་པ་ཙམ་དང་རྒྱུ་དང་འབྲས་བུ་མི་ཤེས་པ་སོགས་རེད། དེ་བཞིན་རང་གཅེས་འཛིན་གྱིས་སྒྲིབ་པ་སོགས་དང་མི་ཚེའི་རྣམ་པ་ཧ་ཅང་ཆུང་ཙག་རིགས་ལ་སེམས་ཁུར་བྱེད་པ་བཅས་རེད། དེ་ནི་ང་ཚོ་འགྲོ་བ་མི་ལའང་གཅིག་པ་རེད། དེ་ཡང་རྣམ་དཔྱོད་མེད་པ་དང་། གསལ་པོ་མེད་པ། ལེ་ལོ་མེད་པ། བརྗེད་ངེས་མེད་པ་བཅས་ཀྱིས་བསྒྲིབས་ནས་ཡོད། བསོད་ནམས་ཀྱི་ཚོགས་གསོག་པ་དེ་ནི་འདོད་ཆགས་དང་། ཁོང་ཁྲོ། ཕྲག་དོག རང་འདོད་དོན་གཉེར་སོགས་ཉོན་མོངས་པས་བསྒྲིབས་ནས་ཡོད། དེར་བརྟེན་ང་ཚོས་གང་བྱེད་དགོས་ཀྱི་ཡོད་ཅེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་གསོག་དགོས་པ་དང་སྒྲིབ་བྱེད་ཀྱི་རྐྱེན་རྣམས་སྦྱོང་དགོས། དེ་བས་ང་ཚོས་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་རྒྱུད་རིམ་གཉིས་ལ་འཇུག་དགོས་ཀྱི་ཡོད།
ང་ཚོས་བསོད་ནམས་ཀྱི་ཚོགས་གསོག་པའི་སྐབས་སུ་བཀོལ་སྤྱོད་བྱེད་པའི་རྐྱེན་རྣམས་སྒྲིབ་པ་སྦྱོང་བའི་སྐབས་ཀྱི་རྐྱེན་དང་གཅིག་པ་རེད་དམ།
དྲི་བ་དེ་ལ་ལན་འདེབས་བྱེད་པའི་རིམ་པ་མང་པོ་ཡོད་ངེས་རེད། ང་ཚོས་སྒྲིབ་པ་སྦྱོང་བར་བསམ་བློ་གཏོང་བའི་སྐབས། གནས་སྐབས་རིང་སྒྲིབ་པ་སྦྱོང་བ་དང་དོན་དམ་པའམ་མཐར་ཐུག་གི་སྒྲིབ་སྦྱོང་གཉིས་ཡོད། གནས་སྐབས་ཀྱི་སྒྲིབ་སྦྱོང་ནི་རང་གི་སྐྱོན་དང་ནོར་འཁྲུལ་རྣམས་ཐད་ཀར་ངོས་ལེན་བྱེད་པ་དང་། འགྱོད་པ་སྐྱེ་བ། དེ་དག་ཡང་བསྐྱར་མི་བྱ་བའི་དམ་བཅའ་བ་བཅས་རེད། དེས་བསོད་ནམས་གསོག་གི་ཡོད་དམ། ཕལ་ཆེར་གསོག་གི་ཡོད། དེའི་རྗེས་ཀྱི་གཉེན་པོའི་སྟོབས་ནི་ང་ཚོའི་རྨང་གཞི་ལྟ་བུ་སྐྱབས་འགྲོ་ (མི་ཚེའི་ནང་གི་ཉེན་མེད་ཀྱི་ཁ་ཕྱོགས་) དང་བྱང་ཆུབ་ཀྱི་སེམས་ལ་སླར་ཡང་ངེས་བརྟན་བཟོ་རྒྱུ་དེ་རེད། དེས་བསོད་ནམས་གསོག་གི་ཡོད་དམ། གསོག་གི་ཡོད། ང་ཚོས་བྱས་པའི་མི་དགེ་བའི་ལས་ལ་ཁ་གཏད་ཀྱི་ཚུལ་དུ་གཉེན་པོའི་སྟོབས་ཤིག་བསྟེན་པ་དེ་ལ་ང་ཚོས་གནོད་བྱེད་མི་དགེ་བའི་ཚབ་ལ་ཕན་བྱེད་དགེ་བའི་ལས་ལ་གཞིགས་ནས་བསམས་ན། དེས་བསོད་ནམས་གསོག་པར་ཕན་ངེས་རེད། ཕྱག་འཚལ་བ་དང་རྡོར་སེམས་བསྒོམ་བཟླས་སོགས་བྱེད་པ་སྟེ། ཕྱག་འཚལ་བ་དེ་དགེ་བ་རེད་ཅེས་ཁྱེད་ཀྱི་བརྗོད་དམ། འགྲེལ་བ་མང་ཆེ་བས་དེ་ལྟར་བརྗོད་ངེས་རེད་སྙམ། དེ་དག་ནི་སྡིག་སྒྲིབ་སྦྱོང་བའི་གནས་སྐབས་ཀྱི་ཐབས་རྣམས་རེད། ངའི་བསམ་པར། སྡིག་སྒྲིབ་སྦྱོང་བ་ལ་ནན་བརྗོད་བྱེད་ཀྱི་ཡོད་ནའང་། དེས་བསོད་ནམས་གང་འཚམས་ཤིག་ཀྱང་གསོག་གི་ཡོད། ཡིན་ནའང་། སྡིག་སྒྲིབ་དག་སྦྱོང་མཐར་ཐུག་པ་དེ་ནི་སྟོང་པ་ཉིད་ལ་དམིགས་ནས་བྱེད་དགོས་ཤིང་། དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་གསོག་གི་ཡོད།
ང་ཚོས་སྔོན་འགྲོའི་ཉམས་ལེན་བྱེད་སྐབས། ཉམས་ལེན་ཚད་ལྡན་རྣམ་པ་བཞི་ཡོད། དགེ་ལུགས་པ་ལྟར་ན། དགུ་ཡོད། སྔོན་འགྲོའི་ཉམས་ལེན་ལ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་ནའང་། བཞི་ནི་གང་འཚམས་ཀྱི་ཚད་ལྡན་སྤྱི་ལུགས་ཤིག་རེད། འོན་ཀྱང་། ཕྱག་འཚལ་བ་དང་རྡོར་སེམས་བསྒོམ་བཟླས་ནི་ནམ་རྒྱུན་སྡིག་སྒྲིབ་སྦྱོང་བ་དང་། མཎྜལ་འབུལ་བ། བླ་མའི་རྣལ་འབྱོར་བཅས་བསོད་ནམས་ཀྱི་ཚོགས་གསོག་པ་ལ་གཞིགས་ནས་བསམ་བློ་གཏོང་གི་ཡོད། བྱས་ཙང་། ང་ཚོར་འདིར་རྒྱུད་རིམ་གཉིས་ཡོད། དེ་ལྟ་ནའང་། གལ་ཏེ་ང་ཚོས་བརྟག་དཔྱད་བྱས་ན། ངའི་བསམ་པར། འདི་ནི་སྔོན་འགྲོའི་ཉམས་ལེན་བཞི་པོ་ལ་གང་ནན་བརྗོད་བྱེད་པའི་སྐོར་ཤོད་ཀྱིན་ཡོད། དེ་དག་རེ་རེ་ལ་བསོད་ནམས་ཀྱི་ཚོགས་གསོག་པ་དང་སྡིག་སྒྲིབ་སྦྱོང་བའི་རྣམ་པ་ཞིག་ཡོད།།