དེང་དུས་དྲ་ལམ་ལ་བརྟེན་ནས་ནང་ཆོས་སློབ་གཉེར་བ་ཚོར་རོགས་རམ།

སྐད་ཡིག་གཞན།

ངོ་སྤྲོད།

ནང་པ་སངས་རྒྱས་པའི་ཆོས་དེང་སང་གང་སར་རྒྱ་ཆེར་ཁྱབ་ཡོད་པ་དང་ཡུ་རོབ་ནང་རྩ་འཛུགས་བརྟན་པོ་བྱུང་ཡོད། འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བའི་ནང་དུ་ནང་པའི་ཆོས་ཚོགས་ཁག་མང་པོ་ཞིག་ཡོད་པ་དང་། དེ་དག་ནང་སློབ་གཉེར་རྒྱ་ཆེན་པོ་དང་། ཉམས་ལེན་གྱི་བྱེད་སྒོ་མང་པོ་ཡོད་པ་མ་ཟད། ནང་ཆོས་ཀྱི་སློབ་ཁྲིད་ཁག་ཡིག་ཐོག་ཏུ་བཀོད་པ་དང་། སྒྲ་འཇུག་བྱས་པ། གཟུགས་མཐོང་བརྙན་པར་ནང་ཡོད་པ་སོགས་མང་པོ་དྲྭ་ཐོག་བརྒྱུད་ནས་སློབ་སྦྱོང་བྱེད་རྒྱུ་ཡོད། དེ་ག་ནང་བཞིན་བསྙེན་མཚམས་ཀྱི་མཐུན་རྐྱེན་དང་། དཔེ་བསྐྲུན་ཁང་། ཕྲུ་གུ་ཚོའི་བྱེད་སྒོ་ཁག་དང་འགྲུལ་ཁང་སོགས་ཡོད། སློབ་གཉེར་དང་ཉམས་ལེན་གྱི་རྒྱུ་ཆ་ཁག་ཡུ་རོབ་ཀྱི་སྐད་ཡིག་འདྲ་མིན་ཕལ་ཆེ་བའི་ནང་ཁྱབ་ཆེ་ཆུང་ལ་དཔག་པའི་ཐོག་ཡོད། རྒྱལ་ཁབ་མང་ཆེ་བའི་ནང་དུ་ནང་པའི་མཐུན་གྲོགས་ཡོད་པས། ནང་ཆོས་ཀྱི་སྒྲིག་འཛུགས་འདྲ་མིན་གྱིས་ནང་ཁུལ་ཕན་ཚུན་མཉམ་ལས་བྱེད་པ་དང་། དེ་བཞིན་ཡུ་རོབ་ཀྱི་ནང་པའི་མཐུན་ཚོགས་ཀྱིས་ཁོང་ཚོས་འབད་བརྩོན་ལ་འབྲེལ་མཐུད་བྱེད་ཀྱི་ཡོད།

འདི་ནི་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་འཕེལ་རྒྱས་གང་ཕྱིན་པ་ཚང་མ་རེ་རེ་བཞིན་དུ་ཡིག་ཆའི་སྟེང་ནས་ར་སྤྲོད་བྱེད་ཡག་གི་དུས་ཚོད་ཅིག་མ་རེད། ལས་གཞི་དེ་དག་ཚང་མའི་ནང་ད་དུང་དེ་ལས་མང་བ་བྱེད་ཐུབ་ཅེས་བཤད་ན་འདང་ངེས་རེད། དེ་ལས་ངས་དེའི་ཚབ་ཏུ་མ་འོངས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་། དམིགས་བསལ་ཡུ་རོབ་དང་དེ་བྱིངས་ཀྱི་འཛམ་གླིང་ཁྱོན་ཡོངས་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་གདོང་ལེན་བྱས་ནས་སེལ་དགོས་པའི་གནད་དོན་ཁག་ལ་གཙོ་བོ་དམིགས་ཀྱི་ཡིན། ཕྲན་ལ་ད་དུང་དྲྭ་རྒྱའི་འཕྲུལ་ལས་བེད་སྤྱོད་བྱས་ནས་ཡུ་རོབ་ནང་དུ་ནང་ཆོས་མུ་མཐུད་གོང་འཕེལ་ཡོང་ཆེད་གནད་དོན་དེ་དག་ལས་བྱུང་བའི་གོ་སྐབས་ཁག་ས་བཅད་མ་སྟོང་ཙམ་ཞིག་ཞུ་ཆོག་པའི་རེ་སྐུལ་ཞུ་རྒྱུ་ཡིན། ང་རང་གི་ངོས་ནས་བསམ་ཚུལ་ཞུ་རྒྱུ་ཡོད་པ་མང་པོ་ཞིག་ནི། ང་ཚོས་གདོང་ལེན་བྱེད་དགོས་པའི་གནད་དོན་དེ་དག་གི་ཆེད་དུ་བསྐྲུན་པའི་ཁྱད་ཆོས་ཁག་ལ་གཞི་བཞག་ཡོད་པ་དང། དེ་དག་ཕྲན་གྱི་དྲྭ་ལྗོངས་ berzinarchives.com ནང་ལ་ལག་བསྟར་བྱས་ཟིན་པ་རེད། (དྲྭ་ལྗོངས་འདི་ཕྱི་ལོ་ ༢༠༡༦ ཟླ་ ༥ ནང་ studybuddhism.com “ནང་ཆོས་སྦྱོངས་” ཞེས་པའི་དྲྭ་ལྗོངས་སུ་སླར་ཡང་འགོ་འཛུགས་བྱས་ཡོད།)

གནས་ཚུལ་ཕོན་ཆེན་པོ་ཞིག་ཐོབ་རུང་ཡིན་པ།

ཡིག་སྒྱུར་བྱས་པ་དང་དྲྭ་ཐོག་ཏུ་ཡོད་པའི་ཆོས་ཀྱི་སློབ་ཁྲིད་ཀྱི་ནང་དོན་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། སློབ་གཉེར་བྱེད་མཁན་ཚོས་དེ་དག་གི་རིན་ཐང་འཇལ་ཁག་པོ་ཆགས་ཀྱི་ཡོད། ལྷག་པར་དུ་ནང་ཆོས་ལ་གསར་དུ་ཞུགས་མཁན་ཚོའི་ངོས་ནས་བཤད་ན། ཁོང་ཚོས་ག་ནས་འགོ་འཛུགས་དགོས་མིན་ཐད་མགོ་འཐོམ་པའི་དཀའ་ངལ་འཕྲད་ཀྱི་ཡོད། གལ་སྲིད་མི་ཞིག་གིས་དགོས་རྒུའམ་གྷུ་གྷལ་ནང་ནང་ཆོས་ཀྱི་བརྗོད་གཞི། དཔེར་ན། ལས་ལྟ་བུ་བཙལ་བ་ཡིན་ན། བཤེར་འཚོལ་འཇུག་འབྲས་ས་ཡ་མང་པོ་རྙེད་པ་མ་ཟད། དེ་དག་གི་ནང་ནས་མང་པོ་ཞིག་ནང་ཆོས་དང་འབྲེལ་བ་གང་ཡང་མེད། བྱས་ཙང་། འདིས་དྲྭ་ཐོག་བཤེར་འཚོལ་ཡོ་ཆས་གཙོ་ཁག་བརྒྱུད་ནས་ཡིད་རྟོན་ཆ་འཇོག་བྱེད་ཐུབ་པའི་གནས་ཚུལ་འཚོལ་རྒྱུ་ཧ་ཅང་གི་ཁག་པོ་བཟོ་ཡི་ཡོད། དེར་མ་ཟད། རྒྱུན་སྲོལ་གྱི་ནང་ཆོས་ཚང་མ་ལས་སླ་པོའི་ཐོག་ཐོབ་ཐུབ་པ་དང་། རྒྱུན་དུ་སློབ་གཉེར་བ་ཚོས་སྲོལ་རྒྱུན་གཅིག་ལས་མང་བ་སློབ་སྦྱོང་བྱེད་ཀྱི་ཡོད། འདི་ཡིས་རྒྱུན་དུ་སྲོལ་རྒྱུན་རེ་རེའི་ཁྱད་ཆོས་མི་འདྲ་བ་ཁག་ལ་གོ་རྟོགས་གསལ་པོ་མི་ཆགས་པར། ཚང་མ་མཉམ་བསྲེས་བྱས་པ་ལ་བརྟེན་ནས་མགོ་རྨོངས་འཇུག་གི་ཡོད།

གདོང་ལེན་བྱེད་དགོས་པའི་གནད་དོན་དེ་དག་གིས། ཡུ་རོབ་ཀྱི་སྐད་ཡིག་གི་མངའ་ཁུལ་རེ་རེའི་ནང་དུ་ཡོད་པའི་ནང་པའི་མཐུན་ཚོགས་རྣམས་ནས། རང་སོ་སོའི་སྐད་ཡིག་གི་ནང་དུ་ལོ་རྒྱུས་སྙིང་དོན་འཁོད་པའི་ཐོ་གཞུང་དང་། པར་སྐྲུན་བྱས་པ། དྲྭ་ཐོག་ནས་ཡིག་འབེབས་བྱས་པ། སྒྲ་འཇུག་བྱས་པ། གཟུགས་མཐོང་བརྙན་པར་སོགས་དང་ལྷན་དུ་དེ་དག་གི་གོང་ཚད་དང་བཅས་གསལ་བའི་དྲྭ་ལྗོངས་དང་བཀོལ་སྤྱོད་མཉེན་ཆས་ཀྱི་རིགས་གྲ་སྒྲིག་བྱེད་ཐུབ་པའི་གོ་སྐབས་ཤིག་མཁོ་སྤྲོད་བྱེད་ཀྱི་ཡོད། དེ་ཚོ་བརྗོད་གཞི་སྤྱི་དང་བྱེ་བྲག།། དེ་བཞིན་དཀའ་ཚེགས་ཆེ་ཆུང་གི་རིམ་པ་ལྟར་གོ་རིམ་སྒྲིག་དགོས། དཔེ་ཆ་བཞག་ན། མདོ་དང་། སྔགས། ཕྱག་རྒྱ་ཆེན་པོ། རྫོགས་ཆེན། གནས་བརྟན་པ། ཛཻན་བསམ་གཏན་པ་ལ་སོགས་པ་དང་། མདོའི་ནང་དུའང་ལས་དང་། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ལ་སོགས་པ་ཡོད། དྲྭ་ལྗོངས་དེ་རྩོམ་སྒྲིག་ལས་མི་རྣམས་ཀྱིས་ལྟ་ཞིབ་བྱས་པའི་ཝི་ཀི་རིག་མཛོད་ (Wikipedia) དང་འདྲ་བར་བཀོལ་སྤྱོད་བྱེད་ཐུབ། ལས་བྱེད་ཆེད་ལས་པས་ཡང་དྲྭ་ཐོག་བརྒྱུད་བཤེར་འཚོལ་ཡོ་ཆས་ཀྱིས་དམིགས་བསལ་ནང་ཆོས་ཀྱི་དྲྭ་ལྗོངས་ཁོ་ནའི་ནང་ཡོད་པའི་ཐ་སྙད་གང་དུ་ཡོད་པ་འཚོལ་ཐུབ་པ་བཟོ་ཐུབ།

ཆོས་ཚོགས་ཧ་ཅང་མང་པོ།

དེ་ག་ནང་བཞིན། ཡུ་རོབ་ཀྱི་གྲོང་ཁྱེར་ཁག་གི་ནང་དུ་བོད་བརྒྱུད་ནང་བསྟན་ཙམ་མིན་པར། ནང་པའི་སྲོལ་རྒྱུལ་འདྲ་མིན་གྱི་ཆོས་ཀྱི་ལྟེ་གནས་ཁང་ངམ་ཆོས་ཚོགས་ཧ་ཅང་མང་པོ་ཡོད་པ་ལ་བརྟེན་ནས་གསར་དུ་ཞུགས་མཁན་ཚོས་གང་དུ་འགྲོ་དགོས་མིན་ཐག་གཅོད་བྱ་རྒྱུ་དཀའ་ལས་ཁག་པོ་ཡོད། གལ་སྲིད་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་ནང་པའི་མཐུན་ཚོགས་ཀྱིས་དྲྭ་ཐོག་བརྒྱུད་དྲྭ་ལྗོངས་དང་བཀོལ་སྤྱོད་མཉེན་ཆས་གཉིས་ཀའི་རྣམ་པའི་ཐོག་ནས་རྒྱལ་ཁབ་སོ་སོ་དང་། དྲྭ་ལྗོངས་སོ་སོའི་སྐད་ཡིག་ནང་འཐོབ་རུང་བའི་ནང་པའི་ཆོས་ཚོགས་ཁག་གི་ཐོ་གཞུང་ཙམ་ཞིག་མ་ཡིན་པར། དེ་དག་རེ་རེས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་འགྲེལ་བརྗོད་དང་། བྱེད་སྒོ་ཁག་རེ་རེའི་རིན་གོང་བཀོད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད།

གང་ཡིན་ཟེར་ན། ལྟེ་གནས་ཁང་དང་དྲྭ་ལྗོངས་མང་པོ་ཞིག་གི་འགྲོ་སོང་ནི་ཧ་ཅང་ཆེན་པོ་ཡོད་པ་དང་། ཆོས་སློབ་གཉེར་གྱི་རིན་གོང་སྔར་ལས་གོང་ཚད་ཆེ་བ་ཆགས་ཀྱི་ཡོད། རིན་པ་ཆ་ཚང་སྤྲོད་མི་ཐུབ་མཁན་ཚོར་རིན་གོང་གཅོག་འཕྲི་བྱས་ནའང་། མི་མང་པོ་ཞིག་གིས་ད་དུང་ཡང་མཐུན་རྐྱེན་རིགས་གང་སྦྱོར་ཡོད་པ་དེ་དག་རང་གི་ཁེ་ཕན་གྱི་ཆེད་དུ་བེད་སྤྱོད་གཏོང་བར་རིན་པ་སྤྲོད་ཐུབ་ཀྱི་མེད། ཁོང་ཚོས་ལས་སླ་པོའི་ཐོག་ནས་རིན་པ་སྤྲོད་མི་དགོས་པའི་ཆོས་ཕྱོགས་ཀྱི་ལས་རིམ་བྱེད་སྒོ་ཁག་རྙེད་པ་བྱེད་དགོས་ཀྱི་ཡོད།

ནང་ཆོས་ཀྱི་ཐ་སྙད་ཁག་ཡིག་སྒྱུར་བྱས་པ་རྣམས་རྒྱ་ཆེ་ལ་སྣ་ཚོགས་པ།

གཅིག་བྱས་ན་ཆོས་སློབ་གཉེར་བྱེད་མཁན་ཚོར་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་ནི། སྐད་ཡིག་རེ་རེའི་ནང་དུ་ནང་ཆོས་ཀྱི་ཐུན་མིན་ཐ་སྙད་རྣམས་ཡིག་སྒྱུར་རྒྱ་ཆེ་ལ་སྣ་ཚོགས་པར་བེད་སྤྱོད་བྱེད་པ་དེ་རེད། དཔེར་ན། “ཡེ་ཤེས་”ལྟ་བུ། དེ་གང་རེད་ཟེར་ན། སློབ་ཕྲུག་ཚོས་རང་གིས་བཀླགས་པའམ། ཡང་ན་དགེ་རྒན་དང་ལོ་ཙཱ་བ་ཚོའི་དྲུང་ནས་གོ་བ་དེ་དག་མཉམ་དུ་གུང་བསྒྲིགས་ཐུབ་ཀྱི་མེད། དེར་མ་ཟད། སློབ་ཕྲུག་ཚོར་ནང་ཆོས་ཀྱི་ཐུན་མིན་ཐ་སྙད་ “ཡེ་ཤེས་” ལྟ་བུའི་དོན་དག་ལ་འགྲེལ་བརྗོད་གང་ཡང་མེད་པ་ཞིག་དང་འཕྲད་སྐབས། ཁོང་ཚོས་རྒྱུན་དུ་དེ་གོ་བ་ནོར་ནས་ལེན་གྱི་ཡོད། ད་ལྟ་དྲྭ་ལམ་ཐོག་ཏུ་ཡོད་བཞིན་པའི་མིང་ཚིག་རེའུ་མིག་དང་ཚིག་མཛོད་ཁག་བོད་ཡིག་གི་ཐ་སྙད་གཞི་བཟུང་གོ་རིམ་བསྒྲིགས་ཡོད་པ་དང་། དེ་དག་གིས་ལོ་ཙཱ་བ་ཚོར་གཞན་གྱིས་ཐ་སྙད་དེ་རིགས་ལ་ལྟ་ཚུལ་གང་བཟུང་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱེད་པའི་ཆེད་དུ་དམིགས་ཡོད། བོད་ཡིག་མི་ཤེས་མཁན་གྱི་ནང་ཆོས་སློབ་གཉེར་བྱེད་མཁན་ཚོར་དེ་དག་དེ་ཙམ་བེད་སྤྱོད་མེད།

དཀའ་ངལ་དེ་སེལ་བའི་ཆེད་དུ། ནང་ཆོས་ཀྱི་དགེ་རྒན་དང་ཡུ་རོབ་ཀྱི་སྐད་ཡིག་འདྲ་མིན་ནང་དུ་ཡིག་སྒྱུར་བྱེད་མཁན་གྱི་ལོ་ཙཱ་བ་ཚོས་རང་གིས་བྲིས་པ་ཁག་དང་། དེ་བཞིན་ངག་ཐོག་ནས་གསུང་ཡག་ཁག་ལ་བོད་ཡིག་དང་། གལ་སྲིད་ཐུབ་ན། ཁོང་ཚོས་ཡིག་སྒྱུར་གྱི་ཐ་སྙད་གཙོ་ཆེ་ཁག་བྱེད་སྤྱོད་བྱས་པ་དེ་དག་ལ་ལེགས་སྦྱར་གྱི་ཐ་སྙད་ཡང་མཉམ་དུ་མཁོ་སྤྲོད་བྱེད་དགོས། ཁོང་ཚོའི་ངོས་ནས་ཡིག་སྒྱུར་གྱི་ཐ་སྙད་ཁག་གང་བེད་སྤྱོད་བྱས་པ་དེ་དག་སྔ་ཕྱི་མཐུན་པོ་ཡོང་བའི་འབད་བརྩོན་ངེས་པར་དུ་གནང་དགོས། ཡང་ཐ་སྙད་འདི་དག་གི་མིང་ཚིག་རེའུ་མིག་དང་མཉམ་དུ་འདི་ཚོའི་བོད་ཡིག་དང་ལེགས་སྦྱར་ཐ་སྙད་གང་ཡིན་པ་དང་། དེའི་སྒང་ལ་དེ་དག་གི་མཚན་ཉིད་དང་བཅས་པ་ཕྱོགས་བསྒྲིགས་བྱེད་དགོས།

མིང་ཚིག་གི་རེའུ་མིག་འདི་དག་ལ་གཞི་བཞག་ནས། ཡུ་རོབ་དང་ཨེ་ཤེ་ཡའི་སྐད་ཡིག་གཙོ་ཁག་ནང་ཡོད་པའི་ནང་ཆོས་ཀྱི་ཐུན་མིན་ཐ་སྙད་ཕོན་ཆེན་ཞིག་དང་། འདི་དག་གི་དོན་དག་འགྲེལ་བརྗོད་བཅས་དྲྭ་ཐོག་བརྒྱུད་གཅེས་བསྡུས་གྲངས་མཛོད་ཅིག་དྲྭ་ལྗོངས་དང་བཀོལ་སྤྱོད་མཉེན་ཆས་གཉིས་ཀ་རིན་པ་མེད་པའི་ཐོག་ནས་བཟོ་སྐྲུན་ཐུབ། གཅེས་བསྡུས་གྲངས་མཛོད་གཅིག་གི་ནང་དུ་ཡུ་རོབ་ཀྱི་སྐད་ཡིག་གཙོ་ཁག་སྟེ། ཨིན་སྐད་དང་། ཨུ་རུ་སུའི་སྐད། ཧྥ་རན་སིའི་སྐད། སི་པེན་གྱི་སྐད། པོར་ཊུ་གྷུ་སིའི་སྐད། ཨི་ཊ་ལིའི་སྐད་ཡིག་བཅས་གྲངས་མཛོད་དེའི་ནང་དུ་ཡོད་པ་བྱེད་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་རེད། དེ་ལྟར་བྱེད་དགོས་དོན་གང་རེད་ཟེར་ན། ཡུ་རོབ་ཀྱི་མི་ཚོས་ཐ་སྙད་འགའ་ཤས་ཁོང་ཚོས་སྐད་ཡིག་མི་འདྲ་བའི་ནང་བལྟས་ན་གོ་རྟོགས་ལེགས་པ་ཡོང་གི་ཡོད། གྲངས་མཛོད་ནང་དུ་ཡིག་སྒྱུར་ཐ་སྙད་ཁག་རེ་རེ་བོད་ཡིག་གི་མ་དཔེ་དང་མཐུད་ནས། བེད་སྤྱོད་གཏོང་མཁན་ཚོས་ལོ་ཙཱ་བ་ཞིག་གིས་བྲིས་པ་ཁོང་ཚོས་གང་བཀླགས་པ་དེའི་ནང་དུ་ཡོད་པའི་ཐ་སྙད་ཞིག་ནང་དུ་འཇུག་ནས་ལོ་ཙཱ་བ་གཞན་ཞིག་གི་ཐ་སྙད་གཅིག་པ་དེ་ཡིག་སྒྱུར་དང་འགྲེལ་བཤད་གང་འདྲ་བྱས་ཡོད་པ་འཚོལ་ཐུབ། དེ་ལྟར་བྱུང་ན། ཁོང་ཚོས་ལོ་ཙཱ་བ་དེ་གཉིས་ཀྱིས་གང་བྲིས་ཡོད་པ་དེ་དག་རང་གིས་གང་བཀླགས་པ་རྣམས་མཉམ་དུ་གུང་སྒྲིག་ནས་ཁོང་གཉིས་གནད་དོན་གཅིག་པ་གོ་བསྡུར་བྱེད་ཀྱི་ཡོད་པ་ཤེས་ཐུབ།

སྐད་ཡིག་སྣ་མང་།

ནང་ཆོས་ཀྱི་གསོལ་འདེབས་སྨོན་ལམ་མང་པོ་ཞིག་དང། སྒྲུབ་ཐབས། དེ་ག་ནང་བཞིན་ཆོ་གའི་རིགས་མང་པོ་ཞིག་ནི་ཡུ་རོབ་ཀྱི་སྐད་ཡིག་མང་ཆེ་བའི་ནང་དུ་ཡོད་ཀྱང་། སློབ་གཉེར་གྱི་རྒྱུ་ཆ་མང་པོ་ཞིག་ཡུ་རོབ་ཀྱི་སྐད་ཡིག་གཅིག་གམ། ཡང་ན་མཚམས་རེ་གཉིས་ཀྱི་ནང་མ་གཏོགས་མེད། བྱས་ཙང་། ང་ཚོའི་ངོས་ནས་འབད་བརྩོན་བྱེད་དགོས་པ་ནི། སློབ་གཉེར་གྱི་རྒྱུ་ཆ་དེ་དག་ཡུ་རོབ་ཀྱི་སྐད་ཡིག་གཙོ་ཁག་ཚང་མའི་ནང་དུ་ཡོད་པ་བཟོ་རྒྱུ་དེ་རེད། གལ་སྲིད་དྲྭ་ལྗོངས་གཅིག་གི་ནང་སྐད་ཡིག་དེ་དག་གི་འགྲེལ་ཚུལ་ཚང་མ་དྲྭ་ཐོག་ཏུ་ཡོད་ན། སྐད་ཡིག་སྣ་མང་ཀློག་མཁན་ཚོས་སྐད་ཡིག་འདྲ་མིན་ཕར་ཚུར་བརྗེ་བལྟ་བྱས་ནས་གོ་རྟོགས་རྒྱ་ཆེ་བ་དང་གསལ་བ་ཡོང་ཐུབ།

གཞན་ཡང་། སྒྲ་འཇུག་བྱས་པའི་ཡིག་ཆ་ཁག་དྲྭ་ཐོག་བརྒྱུད་ཡིག་འབེབས་བྱས་ཏེ། གཏན་ཚུགས་སྒྲ་འཇུག་གཏོང་བྱེད་མཁོ་སྤྲོད་བྱེད་པའི་སྐབས། ཉན་མཁན་ཚོས་ཉན་པའི་སྐད་ཡིག་དེ་རང་གི་སྐད་ཡིག་གཉིས་པ་ཡིན་ན། གང་བཤད་པ་དེ་ཚོ་ལས་སླ་པོའི་ཐོག་མགོ་ཚོད་ཐུབ་པ་དང། དེའི་སྒང་ལ་དྲྭ་ཐོག་བརྒྱུད་ཡིག་འབེབས་མཁོ་སྤྲོད་བྱེད་པའི་ཕན་ཐོགས་གཞན་ཞིག་ནི། དེ་དག་བཤེར་འཚོལ་ཡོ་ཆས་ཀྱིས་འཚོལ་ཐུབ་པའི་ཁེ་ཕན་ཡོད། འོན་ཀྱང་སྒྲ་འཇུག་བྱས་པ་དང་བརྙན་པར་གྱི་ཡིག་ཆ་ཁག་གིས་ལྟར་བྱེད་མི་ཐུབ། དེར་མ་ཟད། ཡིག་འབེབས་བྱས་པ་དེས་སློབ་གཉེར་བ་འོན་པ་ཡིན་པ་ཚོ་ལའང་ངག་ཐོག་གི་ཆོས་ཁྲིད་རྣམས་ཀློག་ཐུབ་པར་བྱེད་ཀྱི་ཡོད་པ་དང་། དེ་ལས་སླ་པོའི་ཐོག་སྐད་ཡིག་གཞན་གྱི་ནང་དུ་ཡིག་སྒྱུར་བྱེད་ཐུབ།

ཆོས་ལུགས་མཐུན་སྒྲིལ།

ཆོས་ལུགས་དབར་མཐུན་སྒྲིལ་གོང་འཕེལ་གཏོང་བའི་ཆེད་དུ། ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་རྒྱུན་རེ་རེའི་སྐོར་གྱི་གནས་ཚུལ་ཡང་དག་པ་གཞན་ལ་རག་ཐུབ་པ་བྱེད་དགོས་པའི་བཀའ་སློབ་ནན་པོ་གནང་གི་ཡོད། ཡོ་རོབ་རྒྱལ་ཁབ་ནི། ཆོས་ལུགས་དང་སྐད་ཡིག་སྣ་མང་ལྡན་ཞིང་། དཀྱིལ་ཤར་དང་ཨེ་ཤ་ཡ་ནས་གནས་སྤོ་མཁན་མང་པོ་ཡོད་པའི་གླིང་ཆེན་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་མཐུན་སྒྲིལ་གྱི་དམིགས་དོན་འདི་སྒྲུབ་པའི་ལམ་དུ་འཁྲིད་ཐུབ། ང་ཚོས་ནང་ཆོས་ཀྱི་སྐོར་གྱི་རྒྱུ་ཆ་ཁ་ཆེའི་རྒྱལ་ཁབ་འདྲ་མིན་གྱི་སྐད་ཡིག་ནང་དང་། ནང་པའི་རྒྱུན་སྲོལ་སྣ་མང་དར་བའི་ལྷོ་ཤར་ཨེ་ཤེ་ཡ་དང་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་འདྲ་མིན་གྱི་སྐད་ཡིག་ནང་དུ་ཡིག་བསྒྱུར་དགོས་ཀྱི་ཡོད། ཡིག་སྒྱུར་དེ་དག་གི་ནང་དུ་རྒྱ་གར་གྱི་བཀའ་བསྟན་ཁག་་དང་བོད་ཀྱི་དགོངས་འགྲེལ་ཁག་ཚུད་པར་བྱེད་དགོས་པ་མ་ཟད། དེང་དུས་ཀྱི་སློབ་དཔོན་ཚོས་སློབ་ཁྲིད་བྱས་པ་ཁག་ཀྱང་ཚུད་པར་བྱེད་དགོས། གང་ཡིན་ཟེར་ན། དེ་དག་ནི་རྒྱུན་དུ་སྐྱ་བོ་མི་ནག་ཚོ་ལ་གོ་བདེ་བ་ཡོད།

བོད་མིའི་སྤྱི་ཚོགས།

ྋགོང་ས་མཆོག་གིས་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་དང་བོད་མིའི་ངོ་བོ་མི་ཉམས་རྒྱུད་འཛིན་བྱེད་དགོས་པའི་བཀའ་སློབ་ཀྱང་ནན་པོ་གནང་གི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ནང་དང་། ལྷག་པར་དུ་སུད་སིའི་རྒྱལ་ཁབ་ཀྱི་ནང་དུ་ད་ལྟ་བོད་མི་མང་པོ་གནས་སྤོས་བྱས་ནས་ཡོད་དུས། གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཆེ་ཤོས་ཤིག་ནི། བོད་མི་གཞོན་སྐྱེས་ཚོ་ལ་སྙོབ་ཐུབ་པ་བྱ་རྒྱུ་དེ་རེད། དེ་ཡང་ཁོང་ཚོའི་ཆེད་དུ་གོ་བདེ་པོ་ཡོད་པའི་ཆོས་ཀྱི་དེབ་དང་། ཡུ་རོབ་ཀྱི་སྐད་ཡིག་ཁག་གི་ནང་དུ་ཡིག་འབེབས་བྱས་པའི་ཆོས་ཁྲིད་རྣམས་བོད་སྐད་དུ་བསྒྱུར་ཟིན་པ་ཁག་དྲྭ་ཐོག་ཏུ་བཞག་ན་ྋགོང་ས་མཆོག་གི་ཐུགས་འདུན་སྒྲུབ་ཆེད་ཕན་ཐོགས་ཡོད།

འདི་ལོའི་དབྱར་ཁར་ནིའུ་ཡོག་ཏུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་མཐོ་སློབ་ཁག་ཏུ་ཡོད་པའི་བོད་རིགས་དང་། ཧི་མ་ལ་ཡ། དེ་བཞིན་སོག་པོའི་རིགས་རྒྱུད་ཡིན་པའི་སློབ་ཕྲུག་ཚོར་ལོ་རེའི་ནང་ཆོས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་དེ་གོ་སྒྲིག་གནང་གི་ཡོད། འདི་ག་ཡུ་རོབ་ནང་དུའང་དེ་འདྲ་བའི་སློབ་གཉེར་གྱི་ལས་འཆར་རིགས་གལ་སྲིད་ཡོད་ན། དྲྭ་ཐོག་ཏུ་ཡོད་པའི་ཡུ་རོབ་ཀྱི་སྐད་ཡིག་འདྲ་མིན་དང་། དེ་བཞིན་བོད་སྐད་དང་སོག་པོའི་སྐད་ཡིག་ཁག་ནང་དུ་ཡོད་པའི་ནང་ཆོས་ཀྱི་རྒྱུ་ཆ་རྣམས་སློབ་ཕྲུག་ཚོས་ཟབ་སྦྱོང་སྐབས་བེད་སྤྱོད་གཏོང་ཐུབ་པ་མ་ཟད། ཟབ་སྦྱོང་གྲ་སྒྲིག་ཆེད་དུ་དང་། ཁོང་ཚོས་སློབ་སྦྱོང་བྱས་པའི་ཆོས་དང་སྐད་ཡིག་གཉིས་ཀ་རང་ཁྱིམ་དུ་ལོག་པའི་རྗེས་སུའང་མུ་མཐུད་བརྒྱུད་འཛིན་བྱེད་རྒྱུར་ཕན་ཐོགས་ཆེ།

བསམ་ཚུལ་ཁ་ཤས་བཏོན་པ་དེ་དག་ལས་ཁྱེད་ཀྱིས་མཁྱེན་ཐུབ་པ་བཞིན། དེང་དུས་གནས་ཚུལ་གྱི་འཕྲུལ་ལས་རིག་པ་བེད་སྤྱོད་བྱས་ནས་ཡུ་རོབ་ནང་ནང་ཆོས་སློབ་སྦྱོང་དང་ཉམས་ལེན་གྱི་ཆེད་དུ་མཐུན་རྐྱེན་སྦྱར་ནས་ལས་དོན་མང་པོ་ཞིག་སྒྲུབ་ཐུབ། ངས་རང་ཉིད་ཀྱི་དྲྭ་ལྗོངས་བེད་སྤྱོད་བྱས་ནས་མིག་སྟོན་བྱས་པ་བཞིན། གཞི་རྒྱ་ཆེ་བའི་དྲྭ་ཐོག་གི་ལས་གཞི་དེ་འདྲའི་རིགས་བྱེད་ཐུབ་པ་ཙམ་མ་ཟད། དེ་དག་ཞལ་འདེབས་ཁོ་ན་ལ་བརྟེན་ནས་ལེགས་གྲུབ་ཡོང་ཐུབ་པ་ཞིག་ཡིན། དེ་ལྟར་བྱུང་ན་འགྲོ་བ་མིའི་རིགས་ཚང་མའི་ཁེ་ཕན་གྱི་ཆེད་དུ་འཛམ་གླིང་ཁྱོན་ཡོངས་ལ་རིན་མེད་ཐོག་འབུལ་ཐུབ་པ་ཡོང་གི་རེད། ཐུགས་རྗེ་ཆེ།།

Top