ལོ་རྒྱུས་ལྟར་ན། རྒྱ་ནག་དང་། བོད་དབུས། ཨ་མདོ། ཁམས། ཀན་སུའུ་ཞིང་ཆེན། ནང་སོག ཤར་ཏུར་ཀིའམ་ཤིན་ཅང་། དེ་བཞིན་དེ་སྔོན་མན་ཇུའི་ནང་ཚུད་པའི་ཆ་ཤས་ཆུང་ངུ་དང་བཅས་ཀྱི་ནང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་མང་པོ་ཡོད་པ་རེད། ཕྱི་ལོ་ ༡༩༤༥ ལོར་རུ་སུའི་དམག་དཔུང་གིས་མན་ཇུ་དེ་ཉི་ཧོང་གི་དབང་སྒྱུར་འོག་ནས་འགྲོལ་བར་བྱས་ཤིང་། ཨུ་རུ་སུ་དང་སོག་ཡུལ་ནང་སི་ཏ་ལིན་གྱི་སྲིད་བྱུས་རྗེས་སུ་འབྲངས་ཏེ། ཁོང་ཚོས་མན་ཇུའི་དགོན་པ་མང་པོ་གཏོར་བཤིག་བཏང་བ་རེད། ཕྱི་ལོ་ ༡༩༥༨ ལོར་གཞུང་ལ་རྒྱབ་འགལ་གྱི་ལས་འགུལ་སྐབས་སུ་དགོན་པ་མང་པོ་ཞིག་ནི་རྦད་དེ་སྣང་མེད་དུ་བསྐྱུར་བ་རེད། ཨ་མདོ་དང་ཁམས་ཀྱི་ནང་ཡོད་པའི་དགོན་པ་མང་ཆེ་བ་ཞིག་ཀྱང་ཕྱི་ལོ་ ༡༩༥༨ ནས་འགོ་བཙུགས་ཏེ་གཏོར་བཤིག་བཏང་ཡོད་པ་དང་། བོད་དབུས་སུ་དགོན་པ་གཏོར་བཤིག་དེ་ཕྱི་ལོ་ ༡༩༥༩ ལོ་ནས་འགོ་ཚུགས་ཡོད། དམིགས་བསལ་ཕྱི་ལོ་ ༡༩༦༢ ལོ་ནས་བཏང་ཡོད།
དེར་བརྟེན་རིག་གནས་གསར་བརྗེའི་ (༡༩༦༦-༡༩༧༦) སྔོན་ནས་བོད་དང་མན་ཇུ་ནང་ཡོད་པའི་དགོན་པ་མང་ཆེ་བ་གཏོར་བཤིག་བཏང་ཟིན་པ་དང་། ཤར་ཏུར་ཀི་དང་ནང་སོག་ནང་གི་དགོན་པ་མང་ཆེ་བ་རིག་གནས་གསར་བརྗེའི་བར་དུ་གཏོར་བཤིག་བཏང་མེད། རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ནག་གི་དགོན་པ་དང་ཁ་ཆེའི་ལྷ་ཁང་རྣམས་ཀྱང་གཏོར་བཤིག་བཏང་ཡོད་ནའང་། དེ་ནི་བོད་སོག་ནང་པའི་དགོན་སྡེ་ཁག་གཏོར་བཤིག་བཏང་བ་ནང་བཞིན་མང་པོ་དེ་འདྲ་བཏང་མེད།
ད་ལྟ་ཕྱི་ལོ་ ༡༩༩༤ ལོར་ནང་པ་ཚོས་དགོན་པ་རྙིང་པ་རྣམས་སླར་གསོ་བྱེད་ཆོག་ནའང་། གསར་དུ་རྒྱག་ཆོག་གི་མེད། ཁ་ཆེ་ཚོས་ལྷ་ཁང་གསར་རྒྱག་དང་སླར་གསོ་གཉིས་ཀ་བྱེད་ཆོག་གི་ཡོད། སྲིད་བྱུས་ནང་གི་ཁྱད་པར་འདི་ནི་དབུས་ཤར་རྒྱལ་ཁབ་ཁག་ནས་གནོན་ཤུགས་སྤྲད་ཡོད་པ་དང་རྒྱ་ནག་གིས་ས་ཁུལ་དེ་དང་དཔལ་འབྱོར་གྱི་འབྲེལ་བ་གལ་ཆེན་པོ་བརྩི་བའི་འབྲས་བུ་ཡིན་པ་ལྟར་སྣང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ཁ་ཆེའི་ལྷ་ཁང་ཡོད་པ་ལས་མང་བ་ཕྱི་ལོ་ ༡༩༩༤ ལོར་ཡོད་པ་རེད།།