ཚོགས་དུས་བཞི་པ། ཉིན་གཉིས་པ། འདུལ་རྒྱུད་ཀྱི་ལོ་རྒྱུས།
ཨོ་སི་ཊྲེ་ལི་ཡའི་ Australia གྲོང་ཁྱེར་སི་ཌི་ནིའི་ Sydney སན་ཏི་ Santi ནགས་དགོན་གྱི་མཁན་པོ་དགེ་སློང་སུ་ཇཱ་ཏོའི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “གནས་བརྟན་སྡེ་པ་དང་། ཆོས་སྲུང་སྡེ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བཅས་ད་ཡོད་ཀྱི་འདུལ་རྒྱུད་གསུམ་གྱི་ཐོག་མའི་བྱུང་རབས།”
སྔར་སྲོལ་ལ་དགའ་ཞེན་ཅན་གྱི་གནས་བརྟན་པས་རྒྱབ་སྐྱོར་བྱེད་པ་ལྟར། གནའ་བོའི་ཤྲཱི་ལངྐའི་ལོ་རྒྱུས་དེབ་ཐེར་ཆེན་མོ་མཚོ་གླིང་རིཌ་རྒྱུད་ Dipavamsa ནང་འགལ་ཟླ་བྱུང་ཚུལ་བརྗོད་ནའང་། རྒྱ་གར་གྱི་སྡོམ་པ་འབོག་འཇོག་གི་རྒྱུད་པ་ནི་དགེ་འདུན་གྱི་སྡེའི་ནང་ལམ་ལུགས་ལྟར་ཆོས་ལུགས་ཟུར་གྱེས་ཕྱིན་པ་ལ་བརྟེན་ནས་ཡར་རྒྱས་སོང་མེད། མ་ཟད་དེར་ཐེག་ཆེན་གྱི་འདུལ་བའམ་སྡོམ་རྒྱུན་རྩ་བ་ནས་མེད། སྡོམ་རྒྱུན་ནི་གནས་བརྟན་སྡེ་པ་ལས་བརྒྱུད་པའམ་ཡང་ན་དེ་དང་འབྲེལ་ནས་གྱེས་པ་དང་ཁ་ཐོར་བའི་ས་བབས་གནས་སྟངས་ཀྱི་རྐྱེན་པས་ཡར་རྒྱས་ཕྱིན། གནས་བརྟན་སྡེ་པ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་བུ་དབང་ཆེན་ Mahinda དང་བུ་མོ་དགེ་འདུན་བཤེས་མོ་ Sanghamitta གཉིས་ཀྱི་ཆོས་ལུགས་སྤེལ་ཐབས་ལས་ཤྲཱི་ལངྐའི་ནང་དར། ཨོ་སི་ཊྲི་ཡའི་མཁས་དབང་ཨེ་རིག་ཧྥོ་རོ་ཝལ་ནར་ Erich Frauwallner ལ་གཞིགས་ན། ཆོས་སྲུང་སྡེ་པ་ནི་བྷེག་ཏྲི་ཡ་ Bactria དང་རྒྱ་གར་ནུབ་བྱང་གི་མཚམས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱི་གཅེན་པོ་ཊི་སྶས་ Tissa སྐད་སྒྱུར་བྱས་ཏེ། གྷི་རིག་ Greek གྲྭ་པ་ཡོ་ན་ཀ་ཆོས་སྐྱོང་ Yonaka Dhammarakkhita གི་ཆོས་ལུགས་སྤེལ་ཐབས་ལས་བྱུང་བར་གྲགས། ཆོས་སྲུང་སྡེ་པའི་ཆོས་རྣམས་གནས་བརྟན་སྡེ་པའི་ཆོས་དང་ཧ་ཅང་འདྲ་པོ་ཡོད་ཅིང་། ཧ་ལམ་ནུབ་བྱང་དུ་ཡོད་པའི་གནས་བརྟན་སྡེ་པའི་ཡན་ལག་ལྟ་བུར་བརྩིས་ཡོད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ནི་དུས་རབས་བརྒྱད་པའི་འགོ་སྟོད་དུ་བྱུང་ཀྱང་། སྐུ་ཞབས་ཧྥོ་རོ་ཝལ་ནར་གཞིགས་ན། དེའི་གདན་ས་ནི་བཅོམ་རླག་ Mathura ཡིན། གྲུབ་མཐའ་འདི་ཀཥྨིར་དང་འབྲེལ་བའི་དུམ་བུར་ཕྱིས་སུ་ཁ་སྣོན་བྱས། བཅོམ་རླག་ནི་ད་དུང་གནས་བརྟན་སྡེ་པ་དང་ཆོས་སྲུང་སྡེ་པའི་ཉམས་ལེན་པ་རྣམས་ཀྱི་སྒོམ་སྒྲུབ་བྱ་ཡུལ་ཞིག་ཡིན། གཞི་སྨྲའི་ཆོས་ཅུང་མི་འདྲ་བ་ཡོད་ཀྱང་། འདུལ་བའི་སྡེ་གསུམ་པོ་བཅོམ་རླག་ནང་མཛའ་མཐུན་ངང་མཉམ་དུ་གནས། དེ་ལྟའི་མཛའ་མཐུན་ནི་ད་ལྟའི་ཆར་མུ་མཐུད་དགོས་ཤིང་། སྡོམ་པ་འབོག་པའི་ཆོ་གའི་རྒྱུད་རིམ་ལ་ཁྱད་པར་ཡོད་པ་དེ་ཧ་ཅང་གལ་གནད་དུ་བརྩི་རྒྱུ་མེད་པ་གལ་ཆེ།
ཤྲཱི་ལངྐའི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་གཙོ་འཛིན་དང་ཡུལ་དེའི་ཀེ་ལ་ནི་ཡའི་ Kelaniya གཙུག་ལག་སློབ་ཁང་ཆེན་མོའི་ དབུ་འཛིན་གོང་མ་འབུམ་རམས་པ་ཧེ་མ་གུ་ན་ཊི་ལ་ཀེའི་ Hema Goonatilake གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “དུས་རབས་གསུམ་པ་ནས་བཅུ་གཅིག་བར་སིན་ཧཱ་ལིའི་ Sinhalese དགེ་སློང་མའི་རྒྱུན་མི་ཆད་པར་གནས་པ།”
ཤྲཱི་ལངྐའི་ནང་ཆོས་རྒྱལ་མྱ་ངན་མེད་ཀྱི་བུ་མོ་དགེ་འདུན་བཤེས་མོས་ Sanghamitta སྤེལ་བའི་དགེ་སློང་མའི་སྡོམ་རྒྱུན་དེ་ནི། ཕྱི་ལོ་ ༡༠༡༧ བར་ཟམ་མ་ཆད་པར་དར། དེར་བརྟེན་ཕྱི་ལོ་ ༤༣༣ ལོར་ནཱན་ཅིང་ Nanjing དུ་རྒྱ་ནག་གི་བཙུན་མ་ཚོར་གཉིས་ཚོགས་ཀྱི་དགེ་སློང་མའི་སྡོམ་པ་མནོས་པའི་སྐབས་ཤྲཱི་ལངྐའི་དགེ་སློང་མས་ཆ་ཤས་བླངས་པ་རྣམས་ལ་རྒྱུད་པ་མི་ཆད་པ་ཡོད། དེའི་སྔོན་དུ་རྒྱ་ནག་གི་དགེ་སློང་མ་རྣམས་ཆོས་སྲུང་སྡེ་པའི་དགེ་སློང་ཕ་ཁོ་ན་ཐེ་བའི་དགེ་འདུན་རྐྱང་པའི་སྡེ་ལས་རབ་ཏུ་བྱུང་།
ཤྲཱི་ལངྐའི་ནང་མ་དགོན་ཆེ་ཁག་བཞི་ཡོད་པའི་ནང་གནས་བརྟན་སྡེ་པའི་འདུལ་བའི་ལུགས་བཞི་ཡོད་པའི་ནང་ལུགས་སོ་སོར་དགེ་སློང་ཕའི་སྡོམ་པར་འགྲེལ་པ་ཅུང་ཟད་མི་འདྲ་བ་ཡོད་པ་བཞིན་དུ། ཕལ་ཆེར་དགེ་སློང་མའི་རྒྱུད་པའང་ཅུང་མི་འདྲ་བ་ཡོད། ཤྲཱི་ལངྐའི་ནང་གནས་བརྟན་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པའི་ཁྲོད་དགེ་སློང་མ་རྣམས་ལ་ཆོས་སྲུང་སྡེ་པ་ནས་གནས་བརྟན་སྡེ་པར་དགེ་སློང་མར་སྡོམ་པ་བསྐྱར་དུ་འབོག་པ་ཚུད་ཡོད། ཤྲཱི་ལངྐའི་ནང་གི་གནས་བརྟན་སྡེ་པའི་དགེ་སློང་ཕའི་འདུས་པ་བཞིའི་ནང་ཉམས་ལེན་བྱེད་པའི་ད་ལྷི་ཀ་མྨ་ (ལས་བརྟན་) dalhikamma ཞེས་པའི་ཆོ་ག་ལ་གཞིགས་ན། དགེ་འདུན་རྐྱང་པའི་ཆོ་གའི་ཐོག་ནས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུ་རན་འཚམས་ཡོང་ངེས།
ཝི་ཊི་ནམ་ Vietnam གྲོང་ཁྱེར་ཧོ་ཆི་མིན་ Ho Chi Minh City གྱི་ཝི་ཏི་ནམ་ནང་པའི་གཙུག་ལག་སློབ་ཁང་ཆེན་མོའི་མཁས་དབང་འབུམ་རམས་པ་ལེ་མཱན་ཐེཊའི་ Le Manh That གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཝི་ཊི་ནམ་ནང་གི་ནང་པའི་རབ་བྱུང་མའི་རྒྱུད་པའི་ལོ་རྒྱུས།”
ཝི་ཊི་ནམ་གྱི་དགེ་སློང་མའི་ལོ་རྒྱུས་ཀྱི་འགྲེལ་བརྗོད་ནི་ཆ་ཤས་ཙམ་གྱི་རང་བཞིན་ལས་མ་འདས། ལོ་རྒྱུས་ཀྱི་དུས་རིམ་མང་པོ་ནང་དགེ་སློང་མའི་གནས་ཚུལ་ཕྲན་བུ་ལས་མི་མངོན། ཡིག་ཆ་སྔ་ཤོས་ནི་དུས་རབས་གཉིས་པའི་ནང་ཡིན། འོན་ཀྱང་ལོ་རྒྱུས་ཀྱི་ཐོག་མཐའ་བར་གསུམ་དུ་ཝི་ཊི་ནམ་ནང་རབ་ཏུ་བྱུང་བའི་བུད་མེད་མང་ཆེ་བ་གྲལ་རིམ་གོང་མ་ནས་ཡིན་ཅིང་། ཁོང་ཚོས་རབ་ཏུ་མ་བྱུང་གོང་སྔོན་ཚུད་ནས་ཁྱིམ་པའི་མི་ཚེ་བསྐྱལ་ཡོད།
ཨ་རིའི་སོ་ནམ་ཞིང་ལས་སྡེ་ཚན་གྱི་ཕྱིའི་སོ་ནམ་ཞབས་ཞུ་ཁང་གི་སྐུ་ཞབས་རོ་སི་ཨན་ཧྥི་རི་སེའི་ Roseanne Freese གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཤར་ཨེ་ཤི་ཡའི་ནང་གི་དགེ་སློང་མའི་སྡོམ་རྒྱུན་དང་པོ། མི་ཚེ་སྐྱེལ་སྟངས་གསར་པ་ཞིག་འགོ་འཛུགས་པ།”
རྒྱ་ནག་ནང་བརྩམས་པའི་རྩ་འཛིན་ལག་དེབ་ལ་གཞི་བཞག་ན། རབ་བྱུང་ཕོ་མོའི་འདུལ་བའི་གཞུང་རྒྱ་ནག་ནང་དུས་གཅིག་ཏུ་དར་བ་དང་། དགེ་སློང་ཕ་མའི་སྡོམ་པ་ནི་དེའི་སྔོན་ནས་དར་ཟིན། ཕྱི་ལོ་༣༥༧ ཡེ་ཤུ་དུས་སྐབས་སུ། དགེ་འདུན་ཕལ་ཆེན་སྡེ་པའི་དགེ་སློང་མའི་འདུལ་གཞུང་གསར་དུ་ཡིག་སྒྱུར་ཞུས་པར་གཞིགས་ན། རྒྱ་ནག་གི་དགེ་སློང་མ་དང་པོ་དེ་དགེ་འདུན་རྐྱང་པའི་དྲུང་ནས་སྡོམ་པ་བླངས་པར་གྲགས། འོན་ཏེ་སྡོམ་པ་དེའི་ཁུངས་ཐུབ་ཀྱི་རང་བཞིན་ལ་སྐབས་དེར་རྡའོ་ཆང་ Dao Chang གིས་འགལ་ཟླར་ལངས།
རྒྱ་ནག་ནང་ནང་ཆོས་དར་ནས་ལོ་ངོ་ ༣༠༠ ལྷག་གི་རྗེས་ཕྱི་ལོ་ ༣༨༢ ལོར་སྡེ་སྣོད་གསུམ་རྒྱ་སྐད་ནང་ཡིག་སྒྱུར་ཆ་ཚང་ཞུས་ཟིན། དེའི་རྗེས་ཆོས་སྲུང་སྡེ་པའི་འདུལ་བའི་གཞུང་རྣམས་རྒྱ་སྐད་ནང་མཇལ་རྒྱུ་ཡོད། ཤྲཱི་ལངྐ་དང་རྒྱ་ནག་གི་ཆོས་སྲུང་སྡེ་པའི་དགེ་སློང་ཕས་བསྐྱངས་ནས། ཤྲཱི་ལངྐའི་དགེ་སློང་མ་བསླེབས་པ་དང་ཕྱི་ལོ་ ༤༣༤ ལོར་རྒྱ་ནག་གི་བུད་མེད་ ༣༠༠ ལ་དགེ་འདུན་གཉིས་ཚོགས་ཀྱིས་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་མནོས་པ་དང་སྦྲགས། སྡོམ་རྒྱུན་དེའི་ཁུངས་ཐུབ་ཀྱི་རང་བཞིན་ལ་འགལ་ཟླ་གང་ཡང་མ་བྱུང་།
ཐེ་ཝན་གྱི་གྲོང་ཁྱེར་ཤིན་ཅུ་ Hsinchu ཚིང་ཧུའ་ Tsing Hua གཙུག་ལག་སློབ་ཁང་ཆེན་མོའི་མཁས་དབང་འབུམ་རམས་པ་ཡུ་ཆེན་ཡིའི་ Yu-chen Yi གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “སྔོན་གྱི་རྒྱ་ནག་གོང་མའི་སྡོམ་པ་འབོག་འཇོག་གི་ལམ་སྲོལ།”
རྒྱལ་རབས་དྲུག་གི་དུས་ཡུན་སྐབས་ (༣༡༧ ནས་ ༥༨༩ བར་) རྒྱ་ནག་གི་ནང་པའི་སྡེ་ལ་གོང་མའི་སྦྱིན་བདག་ཐོབ། སུའེ་ Sui དང་ཐང་ Tang རྒྱལ་རབས་སྐབས། (༥༨༡ ནས་ ༩༠༧ བར་) དབུས་སྲིད་གཞུང་གིས་དཔོན་དབང་སྲིད་གཞུང་སྒྲོམ་གཞི་ཞིག་བཙུགས་ནས་རབ་བྱུང་ཕོ་མོ་རྣམས་ཐོ་འགོད་བྱེད་པ་དང་དགོན་སྡེའི་གནད་དོན་ཐོག་ལམ་སྟོན་བྱེད་ཀྱི་ཡོད། དེས་ན་རབ་བྱུང་ཕོ་མོ་རྣམས་རྒྱལ་ཡོངས་མདོ་ཆོས་ཀྱི་ཡིག་རྒྱུགས་ལོན་པ་དང་སྡོམ་པ་ལེན་ཆོག་པའི་ལག་ཁྱེར་སྤྲད་རྗེས་དགེ་སློང་གི་སྡོམ་པ་ལེན་ཆོག་གི་ཡོད། ལག་ཁྱེར་དེ་དག་ནི་དོ་བདག་ལ་ས་ཞིང་ལྟ་བུར་བེད་སྤྱོད་ཆོག་པའི་དབང་སྤྲད་པ་དང་མི་རིང་བར་སྡོམ་པ་ལེན་ཆོག་པའི་ལག་ཁྱེར་དེ་དངུལ་གྱི་ཚབ་ཏུ་གྱུར།
རྒྱལ་རབས་ལྔ་དང་སོང་ Song དུས་ཡུན་སྐབས། (༩༠༧ ནས་ ༡༢༠༦ བར།) སྲིད་གཞུང་གིས་རྒྱལ་ཡོངས་ཀྱིས་སྡོམ་པ་འབོག་པའི་སྡིངས་ཆ་བསྐྲུན་པ་དང་བཙུན་པ་དང་བཙུན་མ་ཚོས་རིན་གོང་ཆེན་པོ་སྤྲད་དེ་ལག་ཁྱེར་ཁག་གསུམ་ཉོ་སྒྲུབ་བྱེད་དགོས་པ་ཡིན། སྲིད་གཞུང་གི་ད་དུང་དགེ་ཚུལ་དང་། དགེ་སློང་། བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་སའི་སྡིངས་ཆ་གསུམ་ལོགས་སུ་བཙུཌ་ནས་སྡོམ་པ་རེ་རེར་དངུལ་སྤྲོད་དགོས་ཀྱི་ཡོད། ཡུའན་ Yuan རྒྱལ་རབས་སྐབས། (༡༢༠༦ ནས་ ༡༣༦༨ བར།) སོག་པོའི་དབང་འཛིན་པ་ཚོས་ཧན་རྒྱ་རིགས་ཀྱི་དགེ་སློང་ཕ་མ་རྣམས་ཧན་རིགས་མ་ཡིན་པའི་དགོན་སྡེ་ལས་དབྱེ་འབྱེད་གཏོང་ཕྱིར་ཁོང་ཚོའི་མགོ་ཐོག་ཏུ་རྒྱ་སྤོས་གསུམ་ནས་བཅུ་གཉིས་བར་མེ་སྤར་ནས་འཛུགས་སྲོལ་འགོ་བརྩམས་ཡོད།
མིང་ Ming རྒྱལ་རབས་ (༡༣༦༨ ནས་ ༡༦༤༤ བར་) སྐབས། དགེ་སློང་ཕ་མའི་སྡོམ་པ་ལེན་མཁན་ཚོས་སྡོམ་པ་ལེན་པའི་ལག་ཁྱེར་དངུལ་ཕོན་ཆེན་སྤྲད་དེ་ཉོ་དགོས་ཀྱི་ཡོད། འོན་ཀྱང་ཆིང་ Qing རྒྱལ་རབས་ (༡༦༤༤ ནས་ ༡༩༡༡ བར་) སྐབས། སྲིད་གཞུང་གིས་སྡོམ་པའི་ལག་ཁྱེར་ཉོ་བའི་སྲོལ་ངན་དེ་རྩ་མེད་བཏང་བ་དང་སྡོམ་པ་འབོག་པའི་ལམ་སྲོལ་ཐད་དབང་ཚད་ཕྱོགས་བགོས་བཏང་། དེ་ལྟར་ནའང་། སྡོམ་པ་འབོག་པའི་ཆོ་གའི་ཐད་གཞུང་འབྲེལ་གྱི་ཐོག་ནས་དབང་ཚད་ངེས་ཅན་ཞིག་དབུས་གཞུང་གིས་མུ་མཐུད་སྟངས་འཛིན་བྱས་ཡོད། ས་གནས་དགོན་སྡེ་ཁག་གིས་སྡོམ་པ་འབོག་པའི་སྡིངས་ཆ་གསར་བཟོ་བྱས་པ་དང་། ཁོ་རང་ཚོ་རང་གིས་མནོས་པའི་སྡོམ་པ་འབོག་འཇོག་གི་རིན་གོང་མཐོ་རུ་བཏང་། བུད་མེད་རྣམས་རང་ལོ་བཞི་བཅུ་མ་ལོན་ཚེ་སྡོམ་པ་ལེན་ཆོག་གི་མེད། བཙུན་མ་རྣམས་གཞུང་འབྲེལ་གྱི་ཐོག་ནས་ཐོ་འགོད་བྱེད་དགོས་པ་དང་དེས་ཁོང་ཚོ་རང་ཉིད་དང་ཁོང་ཚོའི་ཐོབ་ཐང་སྲུང་སྐྱོབ་ཆེད་རོགས་རམ་བྱས་ཡོད།
རྒྱ་ནག་གི་ལུགས་སྲོལ་དེ་དག་གི་ཁྲོད་ནས་གལ་སྲིད་གཞུང་འབྲེལ་གྱི་སྡོམ་པ་འབོག་པའི་ཟིན་ཐོ་རྣམས་བོད་པ་ཚོས་མ་འོངས་པར་ཉར་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་ངེས་ཡིན།
ཨ་རིའི་གྲོང་ཁྱེར་ཇོར་ཇི་ཡའི་ Georgia ཨ་ཐན་སིའི་ Athens ཇོར་ཇི་ཡ་གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་ཧྱང་སུན་ཡིའི་ Hyangsoon Yi གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཆོ་སོན་ Choson ཀོ་རི་ཡའི་སྐབས་ནང་པའི་བཙུན་མ་རྣམས་ཀྱི་རྒྱུད་པའི་ཁྲོད་ཀྱི་འགྱུར་ལྡོག”
མ་མཐར་ཡང་ཕྱི་ལོ་ ༥༨༨ ལོར་ཀོ་རི་ཡའི་རྒྱལ་ཁམས་པེག་ཆེའི་ Paekche (ཡེ་ཤུ་སྔོན་གྱི་དུས་སྐབས་ཀྱི་ལོ་ ༡༨ ནས་ཡེ་ཤུ་དུས་སྐབས་ཀྱི་ལོ་ ༦༦༠ བར་) ནང་གཉིས་ཚོགས་ཀྱི་ཆོས་སྲུང་སྡེ་པའི་སྡོམ་པ་འབོག་འཇོག་འགོ་བཙུགས་ཡོད། སྐབས་དེ་དུས་ཉི་ཧོང་གི་དགེ་སློང་མ་ཐོག་མ་རྣམས་བརྒྱུད་རིམ་དེའི་ཐོག་ནས་སྡོམ་པ་མནོས་ཡོད། སི་ལླ་ Silla (ཡེ་ཤུ་སྔོན་གྱི་དུས་སྐབས་ཀྱི་ལོ་ ༥༧ ནས་ཡེ་ཤུ་དུས་སྐབས་ཀྱི་ལོ་ ༩༣༥ བར་) དང་ཀོ་གུ་ཡོའི་ Koguyo (ཡེ་ཤུ་སྔོན་གྱི་དུས་སྐབས་ཀྱི་ལོ་ ༣༧ ནས་ཡེ་ཤུ་དུས་སྐབས་ཀྱི་ལོ་ ༦༦༨ བར་) རྒྱལ་ཁམས་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་སོགས་མིག་སྔར་མཐོང་རྒྱུ་མེད། ཀོར་ཡོའི་ Koryo (༩༡༨ ནས་ ༡༣༩༢ བར་) རྒྱལ་རབས་སྐབས། ནང་ཆོས་ནི་རྒྱལ་ཁབ་ཀྱི་ཆོས་ཡིན་ཅིང་། སྐབས་དེ་དུས་གཉིས་ཚོགས་ཀྱིས་དགེ་སློང་མའི་སྡོམ་པ་འབོག་པའི་ཆོ་གའི་བརྒྱུད་རིམ་ཉར་ཚགས་བྱས་ཡོད། ཆོ་སོན་གྱི་ Choson (༡༣༩༢ ནས་ ༡༩༡༠ བར་) རྒྱལ་རབས་སྐབས། ཁུང་ཙི་ Confucian ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེ་བའི་རྐྱེན་གྱིས་ནང་ཆོས་ལ་དམ་བསྒྲགས་ཚབས་ཆེ་བྱས། དགེ་སློང་རྣམས་རྒྱལ་སའི་ནང་འཛུལ་མི་ཆོག་པ་དང་སྡོམ་པ་ལེན་པར་དངུལ་སྤྲོད་དགོས་ཀྱི་ཡོད། གཉེན་སྒྲིག་མ་བྱས་པའི་བུ་ཕྲུག་མེད་པ་དང་ལོ་གསུམ་གྱི་མྱ་ངན་བྱས་ཚར་བའི་ཡུགས་མོ་ཁོ་ན་རབ་བྱུང་མ་བྱེད་ཆོག་གི་ཡོད། གཉེན་སྒྲིག་མ་བྱས་པའི་བུད་མེད་རྣམས་རབ་ཏུ་བྱུང་མི་ཆོག་པ་དང་སྤྱིར་བཏང་བུད་མེད་རྣམས་ལྷ་ཁང་ནང་འགྲོ་སྐྱོད་ཆོག་གི་མེད། དགེ་སློང་མའི་སྡོམ་རྒྱུན་མུ་མཐུད་གནས་ཀྱང་སྔོན་འགྲོའི་དགེ་སློབ་མའི་ཆོ་ག་མི་དགོས་པར་དགེ་འདུན་གྱི་སྡེ་རྐྱང་པས་ཆོ་ག་བསྒྲུབས་ཡོད། རབ་བྱུང་མའི་དགེ་རྒན་དང་སློབ་མའི་དབར་གྱི་འབྲེལ་ལམ་ནི་ཁུང་ཙི་ཆོས་ལུགས་ནང་གི་རང་གི་ཕ་མ་རྒན་རབས་ཚོར་གུས་བརྩི་དགོས་པའི་ཐོག་ལ་དཔེ་བྱས་ཡོད།
ཐོག་མར་འཇར་མན་གྱི་ཧམ་བྷུརྒ་ Hamburg གཙུག་ལག་སློབ་ཁང་ཆེན་མོ་དང་། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ New York གི་རུ་བིན་ Rubin སྒྱུ་རྩལ་འགྲེམས་སྟོན་ཁང་གི་དོ་དམ་པ་མཁས་དབང་འབུམ་རམས་པ་ཌེ་ཝིཌ་ཇེག་སན་ David Jackson གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ས་སྐྱའི་ཆོས་བརྒྱུད་ནང་འཇིག་ལ་ཉེ་བའི་སྡོམ་པ་འབོག་འཇོག་གི་སྲོལ་རྒྱུན་གཅེས་སྲུང་བྱེད་ཕྱོགས་ཀྱི་འཆར་གཞི།”
བོད་བརྒྱུད་ནང་བསྟན་གྱི་ཡ་གྱལ་ས་སྐྱའི་སྲོལ་རྒྱུན་གྱིས་ཀཥ་མིར་གྱི་མཁན་ཆེན་ཤཀྱཱ་ཤྲཱི་བཟང་པོ་ (༡༡༤༠ ནས་ ༡༢༢༥ བར་) བརྒྱུད་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སྡོམ་རྒྱུན་གཉིས་མི་ཉམས་རྒྱུད་འཛིན་བྱས་ཡོད། སྡོམ་རྒྱུན་གཅིག་ནི་མཐར་ས་སྐྱའི་དགེ་འདུན་གྱི་སྡེ་བཞིའི་ནང་ཁྱབ་པ་དང་གཞན་དེ་ས་སྐྱ་པཎྜི་ཏར་གཏད་ཡོད། སྐབས་རེ་ནང་གསེས་ཀྱི་རྒྱུད་པ་ཕན་ཚུན་དཀོན་པོ་ཆགས་ཀྱི་ཡོད། དེ་མི་ཉམས་རྒྱུད་འཛིན་བྱེད་པར། དགེ་སློང་ཕ་རྣམས་ཀྱིས་སོ་སོའི་སྡོམ་པ་རྙིང་པ་བཏང་ནས་རྒྱུད་པ་དཀོན་པོ་འདིའི་ནང་སྡོམ་པ་གསར་པ་ལེན་དགོས། དཔེར་ན། དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་ས་སྐྱའི་སློབ་དཔོན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གནད་དོན་ལྟ་བུ། དེ་ནི་གནས་བརྟན་སྡེ་པའི་ལུགས་ཀྱི་སྡོམ་པ་འབོག་པའི་ཆོ་ག་ད་ལྷི་ཀ་མྨ་ dalhikama ཞེས་པ་དང་འགལ་ཟླར་གྱུར་ཞིང་སྔོན་ཡོད་ཀྱི་སྡོམ་པ་མ་བཏང་བར་དེས་དགེ་སློང་ཕའི་སྡོམ་པ་གཉིས་པ་ཞིག་ལེན་པའི་གནང་བ་སྦྱིན་ཡོད། གནད་དོན་ཁ་ཤས་ཁྲོད་ས་སྐྱའི་སློབ་དཔོན་རྣམས་ཀྱིས་འཇིགས་སུ་རུང་བའི་གནས་སྟངས་འོག་ནས་རྒྱུད་པ་དེ་གཅེས་སྲུང་བྱ་ཕྱིར་མི་འདོད་བཞིན་དུ་སྒྲིག་སྲོལ་དེ་ཁས་ལེན་བྱས་ཡོད། དཔེར་ན། སྡོམ་པ་འབོག་འཇོག་སྐབས་དགེ་སློང་ལྔ་དགོས་པའི་ཚབ་ཏུ་བཞི་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལྟའི་སྡོམ་པ་འབོག་འཇོག་སྤྱིར་བཏང་ནས་ཁས་ལེན་བྱེད་པ་དང་། དེ་ལྟ་བུའི་གུ་ཡངས་ཀྱི་སྤྱོད་ཚུལ་དེ་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་ཕྱོགས་ཐད་ལའང་དགོས་ཀྱི་ཡོད།
ཌེན་མག་ Denmark གི་ཁོ་ཕན་ཧ་གན་ Copenhagen གཙུག་ལག་སློབ་ཁང་ཆེན་མོའི་མཁས་དབང་འབུམ་རམས་པ་ཇན་ཨུལ་རིག་སོ་བི་ཤེའི་ Jan-Ulrich Sobisch གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “དགེ་སློང་མའི་སྡོམ་པ། སྡོམ་རྒྱུན་དང་རྒྱུད་རིམ་ནི་སྟོབས་ཤུགས་ཀྱི་ལག་ཆ་ལྟ་བུ་ཡིན།”
སངས་རྒྱས་ཉིད་ཀྱིས་སྔོན་གྱི་སྡོམ་རྒྱུན་དེ་ཁུངས་ལྡན་མིན་པའི་རྒྱུ་མཚན་མ་གསུངས་པར་སྡོམ་པ་འབོག་འཇོག་གི་བརྒྱུད་རིམ་ཐེངས་འགའ་འགྱུར་བ་མཛད་པ་ནས་བཟུང་། འདུལ་ཁྲིམས་ཐོག་ནས་ཡང་དག་པར་གཏན་ལ་ཕབ་པ་བཞིན་སྡོམ་རྒྱུན་ལག་བསྟར་མཛད་ཡོད། གཞན་ཡང་གལ་སྲིད་འདུལ་ཁྲིམས་ཁུངས་བཙན་པོས་འགྱུར་ལྡོག་ཕྱིན་ན། བརྒྱུད་རིམ་གསར་པ་དེ་སྔོན་མ་ལྟར་ཡང་དག་པ་ཞིག་ཡིན།
རྒྱ་གར་གྱི་བྱུང་རབས་ཐད་ནས་སྟོང་ཆ་མེད་པར་དགེ་སློང་ཕའི་རྒྱུད་པ་རྣམས་རྗེས་གཅོད་བྱེད་ཐུབ་མེད། རྒྱུད་འཛིན་པ་ཉུང་ཤས་ཤིག་གིས་ལོ་ངོ་སྟོང་ཕྲག་རིང་རྒྱུད་པ་ཟམ་མ་ཆད་པར་འཛིན་ཕྱིར་ཡིད་ཆེས་བརྟན་པོས་རྒྱུད་འཛིན་གྱི་བྱ་གཞག་ཁྲོད་དུ་ཐོན་ཡོད། དོན་དངོས་སུ་དགེ་འདུན་པ་འགའ་ཞིག་གིས་བཙུན་མའི་རྒྱུད་པར་རྗེས་གཅོད་དགོས་འདུན་འདོན་པ་ནི་ཕྱོགས་གཅིག་ནས་རང་ཉིད་ཀྱི་རྒྱུད་པའི་འབྱུང་ཁུངས་ཐད་ཤེས་རྒྱ་དམན་པའམ་ཡང་ན་དབང་ཆ་གཅིག་པུའི་ཐོག་ནས་གནས་བབས་དགོས་འདུན་འདོན་པ་དེ་ནི་དྲང་པོ་མ་ཡིན། རྩ་འཛུགས་བྱས་ཟིན་པའི་དགེ་འདུན་གྱི་སྡེ་གང་ཡང་རུང་བ་ཞིག་གིས་རང་དབང་དང་དབང་ཚད་ཀྱི་ཐོག་ནས་གཏན་འབེབས་བྱས་པའི་སྡོམ་པ་འབོག་པའི་ཆོ་གའི་ཁུངས་ཐུབ་ཀྱི་རང་བཞིན་ཐོག་ལ་གཞི་བཞག་ན་དྲང་བདེན་ཡིན། གང་ཡིན་ཞེ་ན། དེ་ལྟར་དགེ་འདུན་ཕའི་སྡེ་པའི་ཁོངས་ཐེངས་མང་བྱུང་མྱོང་བའི་གནད་དོན་ཞིག་ཡིན།
ཚོགས་དུས་ལྔ་པ། ཉིན་གཉིས་པ། སྲོལ་རྒྱུན་དང་དེང་དུས་ཀྱི་དགོས་མཁོའི་དབར་གྱི་འགལ་ཟླ། དུམ་ཚན་དང་པོ།
འཇར་མན་གྱི་གྲོང་ཁྱེར་མུ་ནིག་ Munich གི་ལུ་དེ་ཝིག་མེག་སེ་མི་ལེན་སེ་ Ludwig-Maximilians གཙུག་ལག་ སློབ་ཁང་ཆེན་མོའི་མཁས་དབང་འབུམ་རམས་པ་ཇེནྶ་ཨུ་ཝེ་ཧར་ཌེ་མན་ Jens-Uwe Hartmann གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ལོ་རྒྱུས་དང་དེང་རབས་དབར་གྱི་འདུལ་བའི་ཐད་སྤྱིར་བཏང་གི་བསམ་ཞིབ་འགའ།”
གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་ཕྱོགས་ཐད་ཀྱི་ཁྲིམས་ཐོག་གི་རྩོད་གླེང་ནང་ང་ཚོ་མ་ཚུད་པ་བྱེད་དགོས། གང་ཡིན་ཞེ་ན། དེས་ཐག་གཅོད་བྱེད་པར་ཕྱི་བཤོལ་གཏོང་གི་ཡོད། ལོ་རྒྱུས་ཐོག་འདུལ་སྡེར་འགྱུར་ལྡོག་ཐེངས་མང་བྱུང་ཞིང་རྒྱ་སྐྱེད་ཕྱིན་ཡོད། འདུལ་ལུགས་མི་འདྲ་བ་ཁག་བདུན་གྱི་དཔེ་གཞུང་ཆ་ཚང་ད་དུང་མིག་སྔར་མཇལ་རྒྱུ་ཡོད། དེ་དག་ཚང་མ་སངས་རྒྱས་ཀྱི་གསུངས་པ་རེད་ཅེས་བརྗོད་རྒྱུ་ཅུང་ཁག་པོ་རེད། དེར་བརྟེན་གནས་སྟངས་མི་འདྲ་བ་དང་བསྟུན་ནས་རིམ་གྱིས་བཅོས་སྒྱུར་བྱས་པ་ཞིག་རེད་བརྗོད་ན་དོན་ཆེ་བ་ཡོད། མི་སུ་གཅིག་གིས་ཀྱང་རང་གི་རྒྱུད་པ་དེ་གཞན་ལས་ཁུངས་དག་པ་ཡོད་ཅེས་བརྗོད་མི་ཐུབ། དེ་བཞིན་གཞན་གྱི་རྒྱུད་པར་དོགས་ཟ་བྱེད་པ་དང་རང་གི་རྒྱུད་པར་ཕྱོགས་འཛིན་པའི་ཆེད་དུ་རྒྱུ་མཚན་བཀོལ་སྤྱོད་བྱེད་མི་ཐུབ། སངས་རྒྱས་ནི་རྒྱུ་མཚན་གྱི་རྗེས་སུ་འབྲངས་ནས་གནད་དོན་ཐག་གཅོད་གནང་མཁན་ཞིག་ཡིན་པས། ང་ཚོས་ཀྱང་དེ་བཞིན་འབད་བརྩོན་བསྟེན་དགོས་པ་ལས་རྒྱུད་པ་མི་འདྲ་བ་གཉིས་ལས་གཉིས་ཚོགས་ཀྱི་སྡོམ་པ་ཁུངས་ལྡན་དགོས་ཕྱོགས་ཐད་སེམས་འཁྲལ་བྱེད་མི་ཉན།
ཐོག་མར་ཤྲཱི་ལངྐའི་གྲོང་ཁྱེར་ཀན་ཌིའི་ Kandy ནང་པའི་པར་སྐྲུན་ཁང་གི་རྩོམ་སྒྲིག་པ་དང་། ཕྱིས་སུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཆུའང་ཡེན་ Chuang Yen དགོན་པའི་དགེ་སློང་འབུམ་རམས་པ་བོ་དྷིའི་ Bodhi གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “གནས་བརྟན་སྡེ་པའི་སྲོལ་རྒྱུན་ཁྲོད་དགེ་སློང་མའི་སྡོམ་རྒྱུན་སླར་གསོ།”
གནས་བརྟན་སྡེ་པའི་འདུལ་བ་ནི་གང་ཟག་གཅིག་གིས་འགྲེལ་བརྗོད་ཇི་ལྟར་བྱེད་མིན་ལ་ལྟོས་ནས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར་གནང་བ་སྤྲོད་པའམ་འགོག་རྒོལ་བྱེད་པ་ལྟ་བུར་མངོན་ཆོག །གནད་དོན་དེ་ནི་ཁྲིམས་ཀྱི་འདོད་ཚུལ་ཐོག་ནས་ཐག་གཅོད་བྱེད་མི་ཐུབ། སླར་གསོ་བྱེད་པའི་ཁ་གཏད་དུ་ལངས་མཁན་གྱི་སྔར་སྲོལ་ལ་དགའ་ཞེན་ཆེ་བའི་དགེ་སློང་ཕ་མང་པོར། ཁོ་རང་ཚོའི་འགོག་རྒོལ་ནི་སེམས་ཚོར་དང་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཐོག་ནས་ཐོན་ཡོང་གི་ཡོད་པ་ལྟར་སྣང་། གལ་སྲིད་སངས་རྒྱས་བཞུཌ་ཡོད་ན། སྙིང་རྗེ་དང་ཐབས་མཁས་ཐུགས་རྗེའི་ཐོག་ནས་ཁོང་གིས་སླར་གསོ་བྱ་རྒྱུར་གདམ་ཀ་གནང་ངེས་ཡིན་པ་གསལ་པོ་རེད།
ལྷོ་ཀོ་རི་ཡའི་གྲོང་ཁྱེར་སེའོལ་ Seoul གྱི་རྡུང་གུག་ Dongguk གཙུག་ལག་སློབ་ཁང་ཆེན་མོའི་མཁས་དབང་འབུམ་རམས་པ་ ཧའེ་ཇུ་ཇེའོན་སུ་ནིམ་ Hae-ju Jeon Sunim གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཀོ་རི་ཡའི་ཇོ་རྒྱེ་ Jogye ནང་པའི་རྒྱུད་པ་དང་ཆོས་སྲུང་སྡེ་པའི་འདུལ་བའི་ནང་གཉིས་ཚོགས་ཀྱི་སྡོམ་རྒྱུན།”
ཕྱི་ལོ་ ༡༩༨༢ ཡེ་ཤུ་དུས་སྐབས་སུ་ཀོ་རི་ཡའི་ཇོ་རྒྱེ་ནང་པའི་རྒྱུད་པའི་ནང་ཆོས་སྲུང་སྡེ་པའི་ལུགས་ཀྱི་གཉིས་ཚོགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་མཛད་ཡོད་ནའང་། ད་དུང་དཀའ་ངལ་ཡོད། ཡོངས་གྲགས་སུ་མི་འགའ་ཞིག་གིས་དགེ་སློང་ཕ་མི་དགོས་པར་དགེ་སློང་མ་གཅིག་པུས་སྡོམ་པ་འབོག་འཇོག་བྱེད་རྒྱུར་དགའ་མོས་བྱེད་པ་དང་། ཁ་ཤས་ཀྱི་ལྕི་བའི་ཆོས་བརྒྱད་ལ་ངོ་རྒོལ་བྱེད་ཀྱི་ཡོད། འགའ་ཞིག་གིས་ཚངས་པའི་དྲྭ་བའི་མདོ་ལས་དུས་གཅིག་ཏུ་དགེ་སློང་མའི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ་གནང་ཕྱོཌ་སྐོར་དྲི་བ་འདོན་གྱི་ཡོད།
འདྲ་མཚུངས་ཀྱི་ཚོགས་དུས་དྲུག་པ། ཉིན་གཉིས་པ། སྲོལ་རྒྱུན་དང་དེང་དུས་ཀྱི་དགོས་མཁོའི་དབར་གྱི་འགལ་ཟླ། དུམ་ཚན་གཉིས་པ།
རྒྱ་གར་བཀྲིས་ལྗོངས་དོན་རྒྱུད་དགའ་ཚལ་གླིང་གི་དབུ་འཛིན་དགེ་སློང་མ་བསྟན་འཛིན་དཔལ་མོའི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “བོད་བརྒྱུད་ནང་བསྟན་ནང་བཙུན་མའི་གནས་སྟངས་སྐོར་སྤྱི་ཁོག་སྙིང་བསྡུས།”
ལོ་རྒྱུས་ཀྱི་ནང་བོད་པའི་རབ་བྱུང་མ་རྣམས་ལ་སློབ་གཉེར་བྱེད་པའི་གོ་སྐབས་དམན་ཅིང་གནས་སྟངས་ཁག་པོ་བྱུང་ཡོད། བོད་ནང་ཁོང་ཚོས་ཡང་ནས་ཡང་དུ་སོ་སོའི་ཁྱིམ་དུ་ལོག་ནས་ནང་མི་རྒན་གཞོན་ཚོར་ལྟ་རྟོག་བྱེད་ཀྱི་ཡོད། རྒྱ་གར་བོད་མིའི་བཙན་བྱོལ་གྱི་སྤྱི་ཚོགས་ནང་། བཙུན་མའི་དགོན་པ་ཁ་ཤས་གསར་བཞེངས་གནང་ཡོད་ནའང་ཚང་མ་ཁེངས་ཡོད། བོད་ཀྱི་བཙུན་མའི་ལས་འཆར་མཐུན་ཚོགས་ཀྱིས་ཁོང་ཚོར་རོགས་རམ་བྱེད་ཀྱི་ཡོད། འོན་ཀྱང་བཙུན་དགོན་མང་ཆེ་བས་བཙུན་མ་རྣམས་ལ་མཐུན་འགྱུར་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད་ནའང་ཚད་ལྡན་གྱི་དགེ་རྒན་ལ་གསོལ་ཕོགས་འབུལ་ཐུབ་ཀྱི་མེད། ཐ་ན་བཙུན་དགོན་དེ་དག་ནང་བཙུན་མ་ཚོས་དགེ་བཤེས་མ་དང་མཁན་མོ་བྱ་རྒྱུ་གྲ་སྒྲིག་བྱེད་ཐུབ་ནའང་། དགེ་སློང་མའི་སྡོམ་པ་མ་ཐོབ་སྔོན་འདུལ་བའི་གཞུང་ཁག་ཅིག་སློབ་གཉེར་བྱེད་མི་ཆོག་པའི་ཁྲིམས་ཀྱིས་གནས་ཚད་དེར་སྐྱོད་ཐུབ་པའི་ཁོང་ཚོའི་འཇོན་ཐང་ལ་བཀག་འགོག་བྱེད་ཀྱི་ཡོད། བོད་རིགས་བཙུན་མ་ཚོའི་གནས་བབས་མཐོ་རུ་གཏོང་བར། གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པ་ཙམ་མ་ཡིན་པར། ད་དུང་དགེ་སློང་མ་ལས་དང་པོ་ཚོས་ལྕི་བའི་ཆོས་བརྒྱད་སྲུང་དགོས་ཀྱི་མེད། གང་ལྟར་ཆོས་བརྒྱད་ནི་ཁྱིམ་པའི་སྤྱི་ཚོགས་ཀྱི་ངོས་ནས་མ་གུས་པ་དང་འགོག་རྐྱེན་མི་ཡོང་བའི་དམིགས་ཡུལ་རང་གི་ཆེད་དུ་བསྡམས་ཡོད། དེང་སང་གི་འཛམ་གླིང་ནང་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་མི་འཇུག་པ་དང་ཆོས་བརྒྱད་ལ་ཆེ་བསྟོད་བྱེད་པ་ནི་འགོག་རྐྱེན་ངོ་མ་དེ་ཡིན།
ཨ་རིའི་གྲོང་ཁྱེར་མེ་ས་ཆུ་སེ་ཚེའི་ Massachusetts ཁེམ་བི་རཱི་ཇིའི་ Cambridge ཧར་ཝརྡ་ Harvard གཙུག་ལག་སློབ་ཁང་ཆེན་མོའི་ཆོས་ལུགས་སློབ་གྲྭའི་ Divinity School མཁས་དབང་འབུམ་རམས་པ་ཇེ་ནེཊ་རྒྱ་མཚོའི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “དགེ་སློང་མའི་སྡོམ་རྒྱུན་གྱི་མ་འོངས་པའི་ལྟ་ཚུལ་དང་དགོས་མཁོ།”
ནང་པའི་སྤྱི་ཚོགས་ནང་དགེ་སློང་མའི་གནས་བབས་ཉམས་རྒུད་དུ་སོང་བ་ནི་རྩ་བའི་ཆ་ནས་རིག་གཞུང་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱིས་རྐྱེན་པས་ཡིན། དེར་བརྟེན་ནང་པའི་སྐྱ་བོའི་སྤྱི་ཚོགས་སྤྱི་ཡོངས་ནས་དགེ་སློང་མའི་སྡོམ་པ་མང་མོས་ཀྱིས་ཁས་ལེན་བྱ་རྒྱུ་ནི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུར་འགན་འཁྲི་ཡོད། དེ་ནི་ཤྲཱི་ལངྐའི་ནང་མཐོང་ཆོས་སུ་ཡོད་དེ། དེར་དགེ་སློང་ཕའི་ཀུན་སྤྱོད་ཐད་ཁྱིམ་པ་ཕོ་མོ་ཚོས་ཡི་མ་རངས་པར། ཁོང་ཚོའི་ཁྱིམ་ཚང་ནང་མི་འདས་གྲོངས་སུ་གྱུར་བའི་སྐབས་ཆོས་ཕྱོགས་ཀྱི་མཆོད་འབུལ་ཞབས་བརྟན་སྒྲུབ་པར་དགེ་སློང་མ་རྣམས་གདན་འདྲེན་ཞུ་གི་ཡོད།
གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱེད་སླད་འདུལ་ཁྲིམས་འགའ་ཞིག་དང་། སྡོམ་པ་འབོག་པའི་ཆོ་གའི་ཆ་ཤས་མ་ཡིན་པའི་ཉེ་རིང་གི་གོམས་སྲོལ་ངེས་ཅན་ཞིག་ཧ་ལམ་བཅོས་བསྒྱུར་གཏོང་དགོས། དཔེར་ན། ལྕི་བའི་ཆོས་བརྒྱད་ལ་མོས་མཐུན་བྱེད་པ་ལྟ་བུ་མཚམས་འཇོག་དགོས། དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས་ནི་ཕོ་མོ་འདྲ་མཉམ་གྱི་ཐོག་གཞི་འཇོག་དགོས་པ་ཧ་ལས་པའི་གལ་ཆེན་པོ་ཡིན། མདོར་ན། མི་མང་གི་བསམ་བློ་དང་ཚོར་བ་དང་བསྟུན་ནས་འདུལ་བའི་བསླབ་ཁྲིམས་སྙོམ་སྒྲིག་བྱེད་ཕྱོགས་ཐད་སངས་རྒྱས་ཉིད་ཀྱིས་སྟབས་བསྟུན་ཧ་ཅང་བདེ་པོ་བཀའ་གནང་ཡོད། སྡོམ་རྒྱུན་དེ་དག་ལ་མོས་མཐུན་བྱེད་པ་དང་འབྱུང་འགྱུར་ནང་པའི་བུད་མེད་ཀྱི་དགེ་འདུན་གྱི་སྡེ་དར་རྒྱས་སོང་བ་ན། འཛམ་གླིང་ནང་བུད་མེད་ཀྱི་ཆེ་མཐོང་གཟེངས་སུ་ཐོན་ཐུབ། དེ་ལ་བརྟེན་ནས་མྱོང་ཚོར་ཆ་སྙོམ་པ་དང་རང་སྒྲིག་རང་སྲུང་ཐོག་གཞི་བཞག་ནས་འཛམ་གླིང་གི་ཞི་བདེ་དང་མཛའ་མཐུན་གྱི་ཁོར་ཡུག་སྐྲུན་པར་ནང་ཆོས་ཀྱི་ངོས་ནས་ལེགས་སྐྱེས་དེ་བས་རླབས་ཆེ་བ་འབུལ་ཐུབ།
ཐེ་ཝན་གྱི་ཤིའང་ཀུའང་ Hsiang Kuang གཙུག་ལག་ཁང་གི་ནང་པའི་གཙུག་ལག་ཁང་གི་གཙོ་འཛིན་དང་ཐེ་ཝན་གྱི་འོད་མདངས་ཅན་གྱི་ནང་པའི་རྒྱལ་སྤྱིའི་མཐུན་ཚོགས་ Luminary Buddhist International Society ཀྱི་མཁན་མོ་དགེ་སློང་མ་ཝུ་ཡིང་ Wu Yin གི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “བོད་བརྒྱུད་ནང་པའི་སྤྱི་ཚོགས་ཀྱི་རླབས་ཆེན་གྱི་བྱ་གཞག་ནི་དགེ་སློང་མའི་རྒྱུད་པ་སླར་གསོ་བྱ་རྒྱུ་དེ་ཡིན།”
གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུ་ནི་དགེ་འདུན་གྱི་སྡེ་ཆ་ཚང་བའི་ཐོག་ནས་ནང་པའི་བསྟན་པ་རིན་པོ་ཆེ་གོང་འཕེལ་འགྲོ་བར་དགོས་གལ་ཤིན་ཏུ་ཆེ། དེ་ནི་གང་ཡང་རུང་བ་ཞིག་གསར་བཟོ་བྱེད་པའི་གནད་དོན་མ་ཡིན། སྡོམ་རྒྱུན་སླར་གསོ་བྱེད་སྟངས་སྣ་ཚོགས་ཡོད་པ་ལས། དགེ་འདུན་རྐྱང་པའི་ཐབས་ལམ་མ་གཞི་ཡང་དག་པ་ཞིག་མ་ཡིན་ཀྱང་། གདམ་ཀ་ལེགས་ཤོས་ཡིན་པར་སྣང་། ད་ནི་དུས་ལ་བབས་ཡོད། འོན་ཀྱང་དེ་ནི་བོད་པའི་དགེ་སློང་ཕ་འདུལ་བ་འཛིན་པ་རྣམས་ཀྱི་ཐུགས་འདོད་ཉག་གཅིག་ལ་རག་ལས་ཡོད།
ཐེ་ལན་ཌིའི་སོང་དྷ་མ་ཀལ་ཡཱ་ནི་ Song-dhamma-kalyani བཙུན་དགོན་གྱི་མཁན་མོ་དགེ་སློང་མ་དྷ་མ་ནན་ཌཱའམ། Dhammananda མཚན་གཞན་ལ་མཁས་དབང་འབུམ་རམས་པ་ཆ་ཚུ་མན་ཀཱ་བིལ་སིང་ Chatsumarn Kabilsingh གི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “སྡེ་སྣོད་གསུམ་གྱི་གྲགས་ཆེན་གྱི་འགྲེལ་བར་ (གནས་བརྟན་སྡེ་པའི་གཞུང་) གཟིགས་དགོས་པ།”
དགེ་སློང་མའི་སྡོམ་རྒྱུན་ནི་ཐེ་ལན་ཌིའི་ནང་རྩ་བ་ནས་བྱུང་མེད། སྡོམ་པ་བརྒྱད་ལྡན་གྱི་མའེ་ཇི་བཙུན་མ་ maeji སྲོལ་རྒྱུན་ནང་། མགོ་སྐྲ་བྲེགས་པ་དང་། ཆས་གོས་དཀར་པོ་གྱོན་པ། གང་ལ་གང་འཚམས་ཆོས་དང་མཐུན་པའི་མི་ཚེ་སྐྱེལ་ནས་སྡོད་མཁན་ནི་ཉུང་མཐར་དུས་རབས་བཞི་ཙམ་གྱི་རིང་བྱུང་ཡོད། མའེ་ཇི་བཙུན་མ་སྲོལ་རྒྱུན་ལ་སྲིད་གཞུང་གི་ངོས་འཛིན་དང་རྒྱབ་སྐྱོར་ཅི་ཡང་མེད། ཕྱི་ལོ་ ༡༧༨༢ ལོར་ཐེ་ལན་ཌིའི་རྒྱལ་པོ་རཱ་མཱ་དང་པོས་ King Rama I ཐེ་ལན་ཌིའི་གཞུང་གི་དགེ་འདུན་གྱི་ཁྲིམས་ཡིག་བཀའ་རྩ་ཁྱབ་བསྒྲགས་གནང་བས་དགེ་འདུན་ཞེས་དགེ་འདུན་ཕོ་ཁོ་ན་འགྲེལ་བརྗོད་བྱས་ཡོད། དེར་མ་ཟད། འདུལ་བའི་གཞུང་དང་རྒྱབ་འགལ་ཡིན་ནའང་། ཕྱི་ལོ་ ༡༩༢༨ ལོར་སངྒྷ་རཱ་ཇ་ཇི་ན་ཝོར་ནི་སི་རི་རཏྣས་ Sangharaja Jinavornsiriratna འདུལ་ཁྲིམས་དང་འགལ་མིན་མ་ལྟོས་པར། ཐེ་ལན་ཌིའི་དགེ་སློང་ཕས་བུད་མེད་ལ་སྡོམ་པ་གནང་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད། ཁྲིམས་དེ་ད་དུང་གནས་ཡོད། འོན་ཀྱང་ཐེ་ལན་ཌིའི་དགེ་སློང་མ་དང་པོ་རྣམས་ཕྱི་ལོ་ ༢༠༠༣ ལོར་ཤྲི་ལངྐའི་ནང་གནས་བརྟན་སྡེ་པའི་ལུགས་ཀྱི་སྡོམ་པ་འབོགས་ཡོད། ད་ལྟའི་ཆར་ཕྱི་ལོ་ ༢༠༠༧ ལོར་ཐེའེ་དགེ་སློང་མ་བརྒྱད་དང་ཨིན་ཌོ་ནི་ཤི་ཡའི་གནས་བརྟན་སྡེ་པའི་དགེ་སློང་མ་གཉིས་ཡོད། མི་མང་དང་སྲིད་གཞུང་གི་ངོས་འཛིན་ག་ལེར་ཆེ་རུ་འགྲོ་བཞིན་ཡོད། ཨིན་ཌོ་ནི་ཤི་ཡའི་ནང་གནས་བརྟན་སྡེ་པའི་དགེ་སློང་མ་རྣམས་ཀྱིས་ནང་པའི་ལྷ་ཁང་ནང་ཆོས་བཤད་བྱ་རྒྱུ་བཀག་སྡོམ་བྱས་ཡོད།
བསྟན་བཅོས་ཁག་ནང་ཞིབ་མོར་ལྟ་སྐབས་གནས་བརྟན་སྡེ་པས་བུད་མེད་ཚོར་ཕྱོགས་ལྷུང་ཡོད་པར་རྒྱབ་སྐྱོར་ཡོད་པ་ཡང་ཡང་གསལ་བས་དེར་འགྲེལ་བརྗོད་ལོག་པ་ཡོད་པ་སྟོན་གྱི་ཡོད། སངས་རྒྱས་ཀྱིས་སྐྱེ་དགུའི་བདག་མོར་སྡོམ་པ་ནོད་པར་ཐུགས་མ་བདེ་བ་གནང་བ་ནི་མོས་མཐུན་མེད་པ་མིན། འོན་ཀྱང་སངས་རྒྱས་ཀྱིས་ཁོ་མོར་རབ་བྱུང་གི་མི་ཚེར་དགའ་མོས་དེ་ཙམ་མི་བྱེད་ཅེས་བཀའ་སློབ་བསྩལ་བ་ཡིན། ཀུན་དགའ་བོས་སངས་རྒྱས་ཀྱི་ཐུགས་མི་བདེ་བ་མཛད་པ་དེ་བུད་མེད་རྣམས་ཀྱིས་ཐར་པའི་གོ་འཕང་སྒྲུབ་མི་ནུས་པའི་དོན་ཡིན་ནམ་ཞེས་བཀའ་འདྲི་ཞུས་པའི་རྗེས་སངས་རྒྱས་ཀྱིས་ཁོ་མོར་སྡོམ་པ་བསྩལ། སངས་རྒྱས་ཀྱིས་བུད་མེད་རྣམས་ཀྱིས་ཞུགས་གནས་བཞི་སྟེ། རྒྱུན་ཞུགས་ཞུགས་པ་དང་། ཕྱིར་འོང་ཞུགས་པ། ཕྱིར་མི་འོང་ཞུགས་པ། དགྲ་བཅོམ་པ་བཅས་ཀྱི་ས་ལམ་འགྲིམས་ནས་ཐར་པ་འཐོབ་ནུས་པ་ཡིན་ཞེས་བཀའ་ལན་གནང་།
བུད་མེད་རྣམས་ལ་སྡོམ་པ་འབོག་པས་དགེ་འདུན་སྡེ་ཞན་དུ་གཏོང་བ་དང་སངས་རྒྱས་ཀྱི་བསྟན་པ་ལོ་ ༡༠༠༠ ནས་ ༥༠༠ བར་ཐུང་དུ་གཏོང་གི་རེད་ཅེས་པའི་སངས་རྒྱས་ཀྱི་གསུང་དེ་གའི་མཇུག་གི་བརྗོད་པའི་ནང་། སངས་རྒྱས་ཀྱིས་ལྕི་བའི་ཆོས་བརྒྱད་གཏན་ལ་ཕབ་ནས་ཁ་སྣོན་མཛད་ནས་དེ་ལྟའི་ཉམས་རྒུད་མེད་པར་གསུངས། གཞན་ཡང་སངས་རྒྱས་དགོངས་པ་གཞན་དོན་དུ་མ་གཤེཌ་གོང་། གང་གི་ཞལ་ནས། གལ་ཏེ་འདུལ་བའི་ཁྲིམས་ཆུང་ཙག་རིགས་དཀའ་ངལ་ཅན་ཞིག་ཏུ་དགེ་འདུན་བྱིངས་ཀྱིས་གཟིགས་ན། དེ་ལ་འགྱུར་བའམ་ཕྱིར་བསྡུ་བྱེད་ན་ཆོག་ཅེས་བཀའ་བསྩལ་ཡོད། བཀའ་བསྡུ་རིམ་པ་དང་པོའི་སྐབས་འདུལ་ཁྲིམས་གང་ཞིག་ཆུང་ཙག་ཡིན་མིན་ཐག་གཅོད་ཐུབ་མེད། དེར་བརྟེན་འོད་སྲུང་ཆེན་པོས་ཁ་སྣོན་དང་ཕྱིར་བསྡུ་སོཌ་གང་ཡང་མི་དགོས་པར་འདུལ་ཁྲིམས་ ཚང་མ་ཉར་ཚགས་དགོས་པའི་གྲོས་འདོན་བཏོན། དུས་དེ་ནས་བཟུང་སྔར་སྲོལ་ལ་དགའ་ཞེན་ཆེ་བའི་ཐབས་ལམ་དེ་མུ་མཐུད་ལག་བསྟར་བྱས་ཡོད།
ཤྲཱི་ལངྐའི་གྲོང་ཁྱེར་དྷེ་ཧི་ཝ་ལའི་ Dehiwala ནང་པའི་རིག་གཞུང་བསྟི་གནས་ཁང་གི་ངེས་སྟོན་པ་དགེ་སློང་ཕ་ཀི་རཱ་མ་ཝི་མ་ལ་ཇོ་ཐི་ཐེ་རའི་ Kirama Wimalajothi Thera གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཤྲཱི་ལངྐའི་ནང་གི་དགེ་སློང་མའི་རྒྱུད་པའི་ཐོག་ད་ལྟའི་རིག་གཞུང་བསྐྱར་དུ་དར་རྒྱས་ཕྱིན་པ་དང་དེའི་ཤུགས་རྐྱེན།”
ཉེ་བའི་ལོ་ཤས་ནང་། ཤྲཱི་ལངྐའི་ནང་དགེ་སློང་ཕའི་ཁ་གྲངས་འདང་ངེས་མེད་པའི་རྐྱེན་གྱིས་ལྷ་ཁང་སྟོང་ཚོ་གཉིས་ལྷག་སྒོ་བརྒྱབ་ཡོད། དེས་ན་གནས་བརྟན་སྡེ་པའི་དགེ་སློང་མ་སླར་གསོ་བྱེད་པས་ཤྲཱི་ལངྐའི་ནང་ནང་ཆོས་གོང་མཐོར་གཏོང་བར་རོགས་རམ་བྱེད་པ་ཡིན། ཤྲཱི་ལངྐའི་ནང་པའི་མཁན་པོའི་ངོས་ནས་དགེ་སློང་མའི་སྡོམ་པ་གསར་དུ་ལེན་མཁན་ཚོར་ངན་ཕྱོགས་ཀྱི་ཡ་ལན་གང་ཡང་མེད་པ་དང་། སྡོམ་པ་འབོག་འཇོག་ཐད་དགག་པ་གང་ཡང་མེད། མི་མང་གིས་སོ་སོའི་ཁྱིམ་ཚང་ནང་ནང་མི་འདས་གྲོངས་སུ་འགྱུར་བའི་སྐབས་མཆོད་འབུལ་སྨོན་ལམ་གསུང་དོན་དུ་དགེ་སློང་མ་ཡང་ནས་ཡང་དུ་གདན་འདྲེན་ཞུ་གི་ཡོད་པས། ཁོང་ཚོས་དགེ་སློང་མ་ཁས་ལེན་བྱས་ཡོད། དགེ་སློང་ཕ་མ་གཉིས་ཀྱི་འབྲེལ་བ་ནི་ལྷག་བསམ་ཟོལ་མེད་ཡིན་ཅིང་། དགེ་སློང་ཕ་རྣམས་ཀྱིས་དགེ་སློང་མ་རྣམས་ལྷ་ཁང་དུ་མི་མང་ལ་ཆོས་བཤད་བྱེད་པར་གདན་འདྲེན་ཞུ་གི་ཡོད། འོན་ཀྱང་ནང་ཆོས་སློབ་གཉེར་གཅིག་པུའི་ཆེད་དུ་མ་ཡིན་པར། ད་དུང་མི་མང་ལ་རོགས་རམ་སླད་སློབ་སྟོན་ཐུབ་ཕྱིར་བཙུན་མའི་ཤེས་ཡོན་བསྟི་གནས་མང་ཙམ་འཛུགས་སྐྲུན་བྱ་གལ་ཆེ།
འཇར་མན་གྱི་ཧམ་བྷུརྒ་གཙུག་ལག་སློབ་ཁང་ཆེན་མོའི་མཁས་དབང་ཟུར་པ་མཁས་དབང་འབུམ་རམས་པ་སྦ་རེནྜ་ཇེན་ཊེར་ཝིལ་ Barend Jan Terwiel གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཐེ་ལན་ཌིའི་ནང་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་སློང་མའི་སྡེ་བསྐྱར་གསོ་བྱེད་ཕྱོགས་ཐད་ཀྱི་དཀའ་ངལ།”
ཐེ་ལན་ཌིའི་ནང་གནས་བརྟན་སྡེ་པའི་དགེ་སློང་མ་སླར་གསོ་བྱེད་ཕྱོཌ་ཀྱི་དཀའ་ངལ་གཙོ་བོ་གཅིག་ནི་ཐེ་ལན་ཌིའི་ནང་པ་ཚོས་མངོན་གསལ་དོད་པོས་སྒྱུ་མའི་ཉམས་ལེན་བྱེད་ཀྱི་ཡོད། གྲྭ་པ་དང་ཁོང་ཚོའི་ཆས་གོས་གསེར་པོ་དེ་ཐེ་ལན་ཌིའི་མི་མང་མང་ཆེ་བས་རླུང་རྟ་འཁྱེར་ཡོང་མཁན་ཞིག་ཏུ་བརྩི་གི་ཡོད། དེའི་འབྲས་བུར་གྲྭ་པས་སྲུང་མདུད་བརྒྱ་ཕྲག་མང་པོར་བྱིན་རླབས་གནང་ནས་བགོ་འགྲེམས་བྱས་ཏེ་མི་མང་བྱིངས་ཀྱིས་གྱོན་གྱི་ཡོད། འོན་ཀྱང་ཐེ་ལེན་ཌིའི་སྤྱི་ཚོགས་ནང་བུད་མེད་དང་ཐ་ན་སེམས་ཅན་མོ་དང་འབྲེལ་བ་བྱེད་ཕྱོགས་གང་གི་ཐད་ནས་ཀྱང་གྲྭ་པ་རྣམས་ལ་སྐྱོན་ཞུགས་པར་བརྩི་གི་ཡོད། དེ་ལྟའི་འབྲེལ་ལམ་ལ་བརྟེན་ནས་གྲྭ་པ་ཚོས་སྒོམ་སྒྲུབ་དང་འཁྲིག་སྤྱོད་སྲུང་སྡོམ་ལས་ཐོབ་པའི་རང་གི་རྟོགས་པའི་ཡོན་ཏན་རྣམས་རྨེག་མེད་དུ་བཅོམ། བུད་མེད་རྣམས་སྐྱེས་པའི་ཡོད་སའི་ཐོག་རྩེག་སྒང་ནས་འགྲོ་བའི་ཚེ་སྐྱེས་པར་སྐྱོན་མ་གོས་པའི་སླད། ཐ་ན་ཕོ་བྲང་རྣམས་ལའང་སྲོལ་རྒྱུན་དུ་ཐོག་རྩེག་གཅིག་ལས་མེད། འབར་མ་དང་ཤྲཱི་ལངྐའི་ནང་པའི་ཁྲོད་དེ་ལྟའི་རྣམ་རྟོག་མེད། དེང་དུས་ཀྱི་ཐེ་ལན་ཌིའི་ནང་ཐོག་རྩེག་མང་པོ་ཅན་གྱི་ཁང་པ་གསར་རྒྱག་བྱས་པ་དང་མཉམ་དུ་བུད་མེད་ལ་ཕྱོགས་ལྷུང་བྱེད་པའི་ལུགས་ངན་དེ་དག་རིམ་གྱིས་ཡལ་འགོ་འཛུགས་བཞིན་ཡོད་ནའང་། ད་དུང་ལུགས་ངན་དེའི་ཤན་ཞུགས་པའི་རྐྱེན་གྱིས་ཐེ་ལེན་ཌིའི་དགེ་འདུན་གྱི་སྡེའི་ནང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ཐད་ངོ་རྒོལ་འབྱུང་བཞིན་ཡོད།
དབྱིན་ཡུལ་ England ལཱིཌ་སི་ Leeds གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་མར་ཊིན་སི་གར་ Martin Seeger གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཐེ་ལན་ཌིའི་ནང་གནས་བརྟན་སྡེ་པའི་ལུགས་ཀྱི་རབ་བྱུང་མའི་རྒྱུད་པ་སླར་གསོ་ནི་གསུང་རབ་ཀྱི་ལུང་དང་རིག་གཞུང་གི་འགོག་རྒོལ་ཐུག་ཡོད།”
ཐེ་ལན་ཌིའི་ནང་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་སློང་མ་སླར་གསོ་བྱེད་པར་ད་དུང་འགོག་རྒོལ་ཤུགས་ཆེ་ཡོད་ནའང་། སྡོམ་པ་བརྒྱད་ལྡན་མའེ་ཇི་བཙུན་མར་ maejis དེ་སྔོན་དང་མི་འདྲ་བར་མི་མང་གི་ངོས་ལེན་བྱེད་ཤུགས་རིམ་གྱིས་འཕེལ་རྒྱས་འགྲོ་བཞིན་ཡོད། འོན་ཀྱང་མའེ་ཇི་བཙུན་མ་ཉུང་ཤས་ཤིག་ལས་ཡིད་དབང་འགུགས་ནུས་ཀྱི་དགེ་རྒན་ཆགས་མེད་པ་དང་། མའེ་ཇི་བཙུན་མ་སྤྱི་ཡོངས་ལ་དེ་ལྟའི་ཁྱད་ཆོས་མེད། གང་ལྟར་ཡོངས་གྲགས་སུ་ཁོང་ཚོའི་གནས་བབས་དམའ་ནའང་། མིག་སྔར་ཉིན་རེ་ལས་མ་བསྡད་པར་མང་དུ་འགྲོ་བཞིན་པའི་མའེ་ཇི་བཙུན་མ་རྣམས་ཀྱི་གནས་བབས་མཐོ་རུ་ཕྱིན་པ་དང་། གནད་དོན་འགའ་ཞིག་གི་ཁྲོད་ཁོང་ཚོར་སྟོབས་ཤུགས་ཆེ་བའི་མོས་གུས་བྱེད་མི་དང་སློབ་མ་ཧ་ཅང་མང་པོ་ཐོབ་ཡོད། མའེ་ཇི་བཙུན་མ་མང་པོ་ཞིག་ནི་སྔོན་དུ་ཐེ་ལན་ཌིའི་འབྱོར་འབྲིང་གྲལ་རིམ་གྱི་ཁོངས་མི་ཡིན་ཅིང་། ཁོང་ཚོའི་རྗེས་འཇུག་པ་དང་རྒྱབ་སྐྱོར་བྱེད་མི་རྣམས་ཀྱང་གནད་དོན་མང་པོའི་འབྱོར་འབྲིང་གྲལ་རིམ་ནས་ཡིན། ཉེ་བའི་དུས་སུ་ཧ་ལམ་ཐེ་ལན་ཌིའི་ལྷ་ཁང་ ༧༠༠༠ ཙམ་བསྐྱུར་བ་དང་ཆབས་ཅིག་བུད་མེད་རྣམས་ཀྱི་ཁྲོད་ནས་སྡོམ་པ་ལེན་འདོད་ཡོད་པ་ཇེ་མང་དུ་ཕྱིན་ཡོད། ཐེ་ལན་ཌིའི་གནས་བརྟན་སྡེ་པའི་ནང་ཆོས་ཀྱི་བསྟི་གནས་ནང་གོ་སྐབས་ཕྲན་བུ་ལས་མེད་སྟབས། ཐེ་ལན་ཌིའི་བུད་མེད་ཚོས་སྡོམ་པ་ལེན་ཆེད་ཆོས་རྒྱུད་གཞན་ལ་ཁ་ཕྱོགས་བཞིན་ཡོད། དཔེར་ན། ཐིག་ན་ཧཱན་ Thich Nhat Hahn གྱི་ཝི་ཊི་ནམ་གྱི་སྲོལ་རྒྱུན་ནམ་ཐེ་ཝན་གྱི་ཧྥོ་གུའང་ཤཱན་ Fo Guang Shan ཆོས་རྒྱུད་ལྟ་བུ། དེའི་ཡན་ལག་ལྷ་ཁང་ནི་བྷེང་ཀོག་ Bangkok ནང་ཡོད། གལ་ཏེ་ཐེ་ལན་ཌིའི་ནང་པའི་ཆེས་མཐོའི་ལྷན་ཚོགས་དང་ཐེ་ལན་ཌིའི་ནང་པའི་གཙུག་ལག་སློབ་ཁང་ཆེན་མོ་གཙོ་བོ་གཉིས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་གྱི་དཀའ་ངལ་སེལ་ཐབས་འཚོལ་སྒྲུབ་བྱ་རྒྱུར་མུ་མཐུད་གཡོལ་བ་ན། ཐེ་ལན་ཌིའི་ནང་བསྟན་གྱི་སྲོལ་རྒྱུད་ལ་ཉམས་རྒུད་འཕར་མ་འབྱུང་རྒྱུ་ཉག་ཅིག་ཡིན། གང་ལྟར་ཐེ་ལན་ཌིའི་ནང་པའི་བུད་མེད་ཚོར་གལ་གནད་འཛིན་པས་ཐེ་ལན་ཌིའི་ནང་སྤྱི་ཡོངས་ནས་ནང་པའི་བསྟན་པ་ཕྱོགས་ཀུན་ནས་དར་རྒྱས་ཡོང་བར་ཕན་རླབས་ཤིན་ཏུ་ཆེ།
ཨོ་སི་ཊྲེ་ལི་ཡའི་གྲོང་ཁྱེར་ཁེན་སྦེ་རར་ Canberra ཆགས་པའི་ཝཱན་ཧཱན་ Van Hanh དགོན་པ་དང་རྒྱལ་ས་སི་ཌི་ནི་ Sydney དུ་ཡོད་པའི་ངུ་ཡེན་ཐིའུ་ Nguyen Thieu དགོན་པའི་མཁན་པོ་དགེ་སློང་ཐིག་ཁུའང་སྦའི་ Thich Quang Ba གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཝི་ཊི་ནམ་དང་ཨོ་སི་ཊྲེ་ལི་ཡའི་ནང་དགེ་སློང་མའི་འདུས་པ་དང་། དེའི་ལོ་རྒྱུས་དང་དུས་མཚུངས་ཀྱི་ཡར་རྒྱས་སྐོར་སྤྱི་ཁོག་སྙིང་བསྡུས།”
ཝི་ཊི་ནམ་གྱི་སྐྱབས་བཅོལ་བ་རྣམས་ཀྱིས་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་ལྷ་ཁང་འཛུགས་སྐྲུན་དང་དགེ་སློང་ཕ་མ་གཉིས་ཀྱི་སྡོམ་པ་ནོད་པར་བསྟུད་མར་འབད་བརྩོན་བསྟེན་ཡོད། ད་ལྟའི་ཆར་ཝི་ཏི་ནམ་གྱི་སྤྱི་ཚོགས་ནང་དགེ་སློང་ཕ་མ་གཉིས་ཀྱི་སྙོམ་ཚད་ཀྱི་བརྒྱ་ཆ་ནི་གསུམ་དང་གཉིས་ཡིན། དེ་བཞིན་བོད་པ་ཚོ་དང་། ཐེ་ལན་ཌིའི་མི་རིགས། འབར་མ་བཅས་ཀྱི་ནང་རང་རང་གི་ཆོས་རྒྱུད་ཁོངས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་དེང་སྐབས་འཛམ་གླིང་གི་ས་ཁུལ་མང་པོའི་ནང་ནང་ཆོས་ཀྱི་གནས་བབས་ཐད་ཉེན་ཚབས་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར་ཧ་ཅང་གལ་གནད་ཆེ། དེའི་ཕྱིར་དགེ་སློང་མའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་སྐོང་འཚོགས་ཐུབ་ན། རྒྱུད་རིམ་འདི་གོང་འཕེལ་ཡོང་བར་ཕན་ཐོགས་སྲིད།
བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་སྒྲོལ་མ་གླིང་བཙུན་དགོན་ནས་དགེ་བཤེས་ལྷ་རམས་པ་དགེ་སློང་རིན་ཆེན་དངོས་གྲུབ་ལགས་ཀྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “དགེ་སློང་ཕའི་འདུས་པ་རྐྱང་པར་བརྟེན་ནས་དགེ་སློང་མའི་སྡོམ་རྒྱུན་ལྷད་མེད་ཅིག”
འདུལ་བ་ལུང་ཕྲན་ཚེགས་ནང་སངས་རྒྱས་ཀྱི་ཞལ་ནས། དགེ་བསྙེན་མ་དང་། དགེ་ཚུལ་མ། དགེ་སློབ་མ། ཚངས་སྤྱོད་མ་བཅས་ཀྱི་སྡོམ་པ་ནི་རིམ་བཞིན་དགེ་སློང་མས་གནང་དགོས་ཞེས་བཀའ་བསྩལ་ཡོད། འོན་ཀྱང་དབྱར་གནས་ཀྱི་གདམས་པར་གཞིགས་ན། སངས་རྒྱས་ཀྱི་ཞལ་ནས། ཅི་སྟེ་དགེ་ཚུལ་མའམ་དགེ་སློབ་མ་ཞིག་གིས་དགེ་སློང་མའི་སྡོམ་པ་གནང་རོགས་ཞེས་དགེ་སློང་ཕར་གསོལ་བ་བཏབ་ན། དགེ་སློང་ཕ་དེས་ངེས་པར་དུ་ཚུལ་བཞིན་དུ་དབྱར་གནས་ལས་གཟའ་འཁོར་གཅིག་རིང་བཀའ་འཁྲོལ་ཞུས་ཏེ་སྡོམ་པ་གནང་ན་འགྲིགས་ཞེས་གསུངས་ཡོད། གནས་སྐབས་འདི་རིགས་ཁྲོད། གསུང་གཉིས་པ་འདི་ལ་གཟིགས་ན། གལ་སྲིད་དགེ་འདུན་གཉིས་ཚོགས་ཁ་སྐོང་ཕྱིར་དགེ་སློང་མ་མེད་ཚེ། དགེ་སློང་ཕ་གཅིག་པུས་དགེ་འདུན་རྐྱང་པའི་ཆོ་གའི་ཐོག་ནས་དགེ་སློང་མའི་སྡོམ་པ་འབོག་ཆོག་པར་སྟོན་གྱི་ཡོད། དེ་ལའང་འདུལ་བ་མདོ་རྩའི་ནང་། དགེ་སློང་ཕས་ཚངས་སྤྱོད་ཀྱི་སྡོམ་པ་འབོག་ཆོག་ཅེས་སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གིས་རྒྱབ་སྐྱོར་ཞུས་ཡོད། རྒྱུ་མཚན་ནི་དགེ་སློང་མའི་སྡོམ་པ་འབོག་པའི་ཉིན་དེ་གར་ཚངས་སྤྱོད་ཀྱི་སྡོམ་པ་ལེན་དགོས་པ་ཡིན། དེར་བརྟེན་དགེ་སློང་ཕས་དགེ་འདུན་རྐྱང་པའི་ཆོ་གའི་ཐོག་ནས་དགེ་སློང་མའི་སྡོམ་པ་འབོག་ཆོག་གི་ཡོད། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། གལ་ཏེ་བུད་མེད་མཚན་ཉིད་ཚང་བ་ཞིག་གིས་དགེ་སློང་མ་བྱེད་འདོད་པ་དང་དགེ་འདུན་གྱི་སྡེས་ཁོ་མོར་སྡོམ་པ་མ་གནང་ཚེ། དགེ་སློང་ཕར་ལྟུང་བ་འབྱུང་ཞེས་གསུངས་ཡོད། དེས་ན། དགེ་འདུན་གྱི་སྡེ་རྐྱང་པས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར་གཞུང་ནང་གནང་བ་བསྩལ་ཡོད་པ་དང་། ཐབས་ལམ་དེ་བརྒྱུད་སྡོམ་པ་གནང་མཁན་གྱི་མཁན་པོར་ལྟུང་བ་ཕྲན་ཚེགས་ཀྱང་འབྱུང་གི་མེད།
འདྲ་མཚུངས་ཀྱི་ཚོགས་དུས་དྲུག་པ། ཉིན་གཉིས་པ། སྲོལ་རྒྱུན་དང་དེང་དུས་ཀྱི་དགོས་མཁོའི་དབར་གྱི་འགལ་ཟླ། དུམ་ཚན་གསུམ་པ། ཤྲཱི་ལངྐ་དང་། འབར་མ། ཐེ་ལན་ཌི། བྷང་ལ་རྡེ་ཤི་བཅས་ཀྱི་ནང་གནས་བརྟན་སྡེ་པ།
ཤྲཱི་ལངྐའི་ཨ་མ་ར་པུ་ར་དྷརྨ་རཀྴི་ཏའི་ Amarapura Dharmarakshita ཆོས་རྒྱུད་ཀྱི་དགེ་འདུན་འདྲེན་པ་ Sangha Nayaka དགེ་སློང་འབུམ་རམས་པ་དྷ་མ་བི་ཧཱ་རིའི་ Dhammavihari གསུང་བཤད་ཕྱོཌ་བསྡོམས།
བརྗོད་གཞི། “ཆོས་ལུགས་ཤིག་ཡིན་པའི་ཆ་ནས་ནང་ཆོས་ནང་རང་གི་ཐར་པ་རང་གིས་འཐོབ་དགོས་པའི་བརྒྱུད་རིམ་ཁྲོད་ཕོ་མོའི་ཁྱད་པར་ནི་གནད་དོན་ཆེ་བ་ཞིག་མ་ཡིན།”
ཆོས་ཕྱོགས་ཀྱི་བསྒྲུབ་བྱ་སྒྲུབ་ཕྱིར་སྐྱེས་པ་དང་བུད་མེད་གཉིས་ཀར་ཁྱད་ཆོས་གཅིག་མཚུངས་ལྡན་པ་བཞིན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དང་ཐར་པ་དོན་གཉེར་གྱི་བུད་མེད་ཚང་མར་སྡོམ་པའི་རིམ་པ་ཚང་མ་སྟབས་བདེ་པོ་བཟོ་དགོས་པ་ཡིན། སྡོམ་པ་བླངས་པའི་རྗེས་དགེ་སློང་མ་རྣམས་ལ་ནང་ཆོས་སློབ་གཉེར་ཆེད་ཤེས་ཡོན་གྱི་བསྟི་གནས་ཤིག་འཛུཌ་སྐྲུན་དགོས་པ་དང་། གདམས་ངག་ཆ་ཚང་བ་ཡོད་པའི་ཐོག་ནས་ཁོང་ཚོར་སྒོམ་སྒྲུབ་ཀྱི་མཐུན་རྐྱེན་མཁོ་སྤྲོད་དགོས།
ཨ་རིའི་གྲོང་ཁྱེར་ཁེལ་ཧྥོར་ནི་ཡའི་ California རི་ཝེར་སའི་ཌ་ Riverside ནང་རྟེན་གཞི་བྱས་པའི་ཐན་ཊི་ཐིཏ་སར་ Thanti-Thitsar ལྷག་མཐོང་སྒོམ་སྒྲུབ་ལྟེ་གནས་ཁང་གི་དགེ་སློང་མ་ཨ་ཡཱ་གུ་ཎ་སཱ་རིའི་ Ayya Gunasari གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཡུལ་འདྲ་མིན་ནང་གནས་བརྟན་སྡེ་པའི་དགེ་སློང་མའི་ཆེད་འབྲེལ་མཐུད་ཀྱི་ཟམ་པ་འཛུགས་པ།”
ད་ལྟའི་ཆར་ཧ་ལམ་འབར་མའི་ནང་གི་བུད་མེད་རྣམས་སྡོམ་པ་བརྒྱད་ལྡན་གྱི་སི་ལ་ཤིན་ silashin ༼ཚུལ་ཁྲིམས་ཅན་མ་༽ གཅིག་པུ་ཆགས་ཡོད། འབར་མའི་ནང་ནང་ཆོས་ཚུལ་བཞིན་ཏུ་དར་ཁྱབ་ཡོང་སླད། སི་ལ་ཤིན་རྣམས་མ་ཟད་བུད་མེད་ནང་བསྟན་ཞབས་ཞུ་མ་དང་། འབྱུང་འགྱུར་རབ་ཏུ་འབྱུང་ངེས་པའི་བུད་མེད་རྣམས་ལ་ཤེས་ཡོན་དང་སྦྱོང་བརྡར་སྤྲོད་དགོས། དམིགས་ཡུལ་དེའི་ཕྱིར། ཕར་ཕྱིན་བཅུས་དགེ་འདུན་གྱི་ཕོ་མོའི་སྡེ་དང་ནང་བསྟན་ཞབས་ཞུ་བའི་དབར་མཉམ་རུབ་ཀྱི་གཞི་རྟེན་ཞིག་སྐྲུན་ཐུབ།
ཉི་ཧོང་གྱི་གྲོང་ཁྱེར་ཆི་བཱའི་ Chiba ནང་གི་ཀན་ཌ་ Kanda རྒྱལ་སྤྱིའི་སློབ་སྦྱོང་གི་གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་ ཏོ་མོ་མི་ཨི་ཏོའི་ Tomomi Ito གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “གནས་བརྟན་སྡེའི་ནང་པའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ནི་དགེ་སློང་མ་ལས་དང་པོ་བ་ཚོའི་ཁུངས་ལྡན་གྱི་གཞི་མ་ཡིན།”
ཐེ་ལན་ཌིའི་སྤྱི་ཚོགས་ཀྱི་ངོས་ནས་ཐེ་ལན་ཌིའི་བུད་མེད་ཚོའི་ཆེད་དུ་དགེ་སློང་མའི་སྡོམ་པ་དེ་ཡང་དག་པ་ཞིག་ཏུ་བརྩི་བའི་གདམ་ཀ་གཅིག་པུ་དེ་ནི། ཁོང་ཚོར་སྡོམ་པ་དེ་རིགས་ཤྲཱི་ལངྐའི་ནང་གི་གནས་བརྟན་སྡེ་པའི་དགེ་སློང་ཕ་མ་གཉིས་འདུས་པའི་གཉིས་ཚོགས་ཀྱི་དྲུང་ནས་སྡོམ་པ་འཐོབ་རྒྱུ་དེ་ཡིན། འོན་ཏེ་དེ་ལྟའི་བརྒྱུད་རིམ་ཁྲོད་དཔལ་འབྱོར་གྱི་དཀའ་ངལ་དང་། དེ་བཞིན་སྐད་ཡིག་དང་རིག་གཞུང་གི་ཁྱད་པར། ལོ་ཚད་ཀྱི་རྐྱེན་བཅས་ཀྱིས་བར་ཆད་བྱེད་ཀྱི་ཡོད། ཐེ་ལན་ཌིའི་དགེ་ཚུལ་མ་ཁ་ཤས་ལ་ཕྱི་ལོ་ ༢༠༠༥ ནས་འགོ་ཚུགས་ཏེ་ཐེ་ལན་ཌིའི་ནང་གི་གནས་བརྟན་སྡེ་པའི་དགེ་འདུན་གཅིག་པུ་འདུས་པའི་དྲུང་ནས་དགེ་སློང་མའི་སྡོམ་པ་ཐོབ་ཡོད་པ་དང་། བསྐྱར་དུ་རྒྱལ་སྤྱིའི་དགེ་འདུན་གཉིས་ཚོགས་ཀྱི་དྲུང་ནས་ཕྱི་ལོ་ ༢༠༠༦ ལོར་ཐོབ་ཡོད། འོན་ཀྱང་ཁོང་ཚོས་ཐེ་ལན་ཌིའི་དགོན་པའི་ནང་ཆོས་ཞུགས་ཆོག་པའི་གསོལ་བ་བཏབ་པར་ཐེ་ལན་ཌིའི་མཁན་པོ་རྣམས་ཀྱིས་ཁོང་ཚོར་ཤྲཱི་ལངྐའི་ནང་ནས་སྡོམ་པ་ཚུལ་བཞིན་དུ་ཐོབ་མེད་པའི་རྒྱུ་མཚན་བརྗོད་དེ་མོས་མཐུན་བྱས་མེད། གང་ལྟར་རྒྱུ་མཚན་དེ་རིགས་ནང་ལྐོག་ཏུ་གྱུར་བའི་རིག་གཞུང་གི་ཤུགས་རྐྱེན་ཚུད་པ་རྣམས་ཧ་ལམ་སྦས་སྐུང་བྱས་ཡོད། ཐེ་ལན་ཌིའི་དགེ་སློང་མ་ལས་དང་པོ་བ་རྣམས་སྡེ་པ་ཞིག་ཏུ་བཅའ་སྡོད་བྱས་ནས་སྲ་བརྟན་གྱི་རྒྱུད་པ་ཞིག་ཏུ་ཡར་རྒྱས་གཏོང་དགོས་པ་ཡིན། དེ་ཡང་སྤྱི་ཚོགས་ཀྱི་ངོས་ནས་ཡིད་ཆེས་འཐོབ་ཕྱིར་དང་དེ་ལས་ཁོང་ཚོའི་སྡོམ་རྒྱུན་ཁྲིམས་མཐུན་ཡོང་ཐུབ་ཀྱི་ཡོད།
ཨོ་སི་ཊྲེ་ལི་ཡའི་གྲོང་ཁྱེར་ཨ་ཌེ་ལཱ་ཌིའི་ Adelaide ཧྥི་ལིན་ཌེར་སིའི་ Flinders གཙུག་ལག་སློབ་ཁང་ཆེན་མོ་དང་མེལ་སྦརྣའི་ Melbourne གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་སྦར་སྦ་ར་ཀ་མེ་ཨར་ Barbara Kameiar གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “གྲོང་གསེབ་ཀྱི་འཚོ་བ་དང་། སྡོམ་རྩོད། ཐེ་ལན་ཌིའི་མའེ་ཇི་བཙུན་མ། Thai Maeji”
སྤྱིར་ཐེ་ལན་ཌིའི་ཁྱིམ་པའི་སྤྱི་ཚོགས་དང་དགེ་སློང་ཕ་རྣམས་ཀྱིས་མའེ་ཇི་བཙུན་མ་ཚོར་གུས་བརྩི་བྱེད་ཀྱི་མེད། མའེ་ཇི་བཙུན་མ་རྣམས་ཆོས་ཀྱི་ལམ་དམན་པ་ཞིག་ཏུ་བརྩི་བའི་དམའ་འབེབས་ཀྱི་བསམ་ཚུལ་དེར་ནུབ་ཕྱོགས་ཀྱི་མཁས་དབང་ཚོས་མུ་མཐུད་གཞོགས་འདེགས་བྱེད་པ་མཚམས་འཇོག་བྱ་རྒྱུ་གལ་ཆེན་པོ་ཡིན། ཐེ་ལན་ཌིའི་ནང་གི་བུད་མེད་མང་པོས་གནོན་ཤུགས་ཆེ་བའི་གནས་སྟངས་འོག་ལུས་ཟུངས་སླར་སོ་བྱ་ཕྱིར་ནང་པའི་དགོན་པར་ (wat) འགྲོ་གི་ཡོད། ཁོང་ཚོར་དགེ་སློང་མ་བྱ་རྒྱུ་གཅིག་པུ་མིན་པར་ད་དུང་མའེ་ཇི་བཙུན་མ་བྱ་རྒྱུར་གདམ་ཀ་འབེལ་པོ་དགོས་ཀྱི་ཡོད། མའེ་ཇི་བཙུན་མ་ནི་ཐེའེ་སྤྱི་ཚོགས་ནང་གུས་བརྩི་ཆེན་པོ་ཡོད་པའི་ཆོས་ལུགས་ཀྱི་ལམ་ཞིག་ཡིན།
ཨ་རིའི་གྲོང་ཁྱེར་ཁེལ་ཧྥོར་ནི་ཡའི་ཧྥི་རི་མོཎྚ་ Freemont ཡོད་པའི་དྷ་མ་དྷ་རི་ནི་ཝི་ཧཱ་རའི་ Dhammadharini Vihara མཁན་མོ་དགེ་སློང་ཨ་ཡཱ་ཊ་ཐ་ཨ་ལོ་ཀའི་ AyyaTathaaloka གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “གསེར་འདོན་པ་ལྟ་བུའི་དགེ་སློང་མའི་སྡེའི་གལ་ཆེའི་རང་བཞིན་དང་དགོས་དོན་ཐད་འོད་སྟོང་ལྡན་པའི་མཐོང་སྣང་དང་བརྟག་ཞིབ།”
འདས་པའི་དུས་ཀྱི་སངས་རྒྱས་ཀྱི་སྐབས་དགེ་སློང་མའི་སྡེ་ཡོད་པ་དང་སངས་རྒྱས་ཤཀྱཱ་ཐུབ་པ་གང་གིས་དགེ་སློང་མ་ཐོག་མ་དེར་སྡོམ་པ་བསྩལ། སངས་རྒྱས་ལ་བློ་གྲོས་ཀྱི་རྩལ་ཤིན་ཏུ་ཆེ་ཞིང་སད་རྟོགས་ཀྱི་ཡོན་ཏན་ལྡན་པའི་འདུལ་བྱ་དགེ་སློང་མ་མང་པོ་ཡོད། ཆོས་ལུགས་ཁྲོད་དགེ་སློང་མའི་གནས་བབས་དམན་པའི་ལོག་ལྟ་རྒྱ་ཁྱབ་ཏུ་ཡོད་པ་དེ་བཀའ་བསྟན་གྱི་ལུང་གི་ཐོག་ནས་འགོག་དགོས་པ་ཡིན། རྒྱ་ནག་དང་ཤྲཱི་ལངྐའི་དགེ་འདུན་གྱི་རོགས་རམ་དང་སྦྲགས་ཀོ་རི་ཡའི་དམག་འཁྲུག་སྐབས་རྐྱེན་ལམ་དུ་བཏང་བའི་དགེ་སློང་ཕ་མའི་སྡེ་རྣམས་སླར་གསོ་མཛད་དེ་ད་ལྟའི་ཆར་ལྷོ་ཀོ་རི་ཡའི་ནང་དགེ་སློང་ཕ་ ༡༠༠༠༠ དང་དགེ་སློང་མ་ ༡༠༠༠༠ ལྷག་བཞུགས་ཡོད། དེར་བརྟེན་ཐེའེ་ལན་ཚུད་དགའ་མོས་ཡོད་པའི་ལུང་པ་གཞན་གྱི་ནང་དགེ་སློང་མའི་སྡེ་བསྐྱར་གསོ་བྱེད་དགོས་པ་ཡིན།
དབྱིན་ཡུལ་ལཱི་ཛེ་ Leeds གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་ཨེམ་མཱ་ཏོ་མ་ལིན་ Emma Tomalin གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཐེ་ལན་ཌིའི་དགེ་སློང་མའི་ལས་འགུལ་དང་བུད་མེད་ཀྱི་སྟོབས་ཤུགས།”
སྤྱིར་ཐེ་ལན་ཌིའི་སྤྱི་ཚོགས་ནང་བུད་མེད་ཀྱི་གནས་བབས་ཞན་པ་དང་སྒོས་སུ་ཐེ་ལན་ཌིའི་ནང་པའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་གནས་བབས་དམན་པ་གཉིས་ནི་འབྲེལ་ཡོད་ཀྱི་གནད་དོན་ཞིག་ཡིན། ཆོས་ལུགས་དང་སྤྱིར་བཏང་ཤེས་ཡོན་དག་ལོ་ན་གཞོན་པའི་བུ་རྣམས་ལ་རང་དབང་ངང་སློབ་གཉེར་བྱེད་རྒྱུ་ཡོད་པ་ནང་བཞིན་ཅི་སྟེ་ན་ཆུང་བུད་མེད་རྣམས་ལ་ཡོད་ན། དེ་ལ་བརྟེན་ནས་ན་ཆུང་བུད་མེད་རྣམས་ཚུལ་མིན་འཁྲིག་སྤྱོད་ཀྱི་ལམ་ནས་མི་ཚོང་བྱེད་པའི་རིགས་ཉུང་དུ་འགྲོ་བར་རོགས་རམ་ཆེ། ཐེ་ལན་ཌིའི་ནང་དགེ་སློང་མའི་སྡོམ་རྒྱུན་གསར་འཛུཌ་བྱེད་པས་ཐེ་ལན་ཌིའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མེད་པའི་གནས་སྟངས་སྙོམ་པོ་བཟོ་བར་ཕན་རླབས་ཆེན་པོ་ཡོད། དེས་ན། ཆོས་ལུགས་ཀྱི་མོ་ཆོས་རིང་ལུགས་ཀྱིས་ཐེ་ལན་ཌིའི་ནང་བུད་མེད་ཀྱི་སྟོབས་ཤུགས་སྤེལ་བར་མཐུན་རྐྱེན་སྦྱོར་སྲིད་པ་ཡིན།
བྷང་ལ་རྡེ་ཤིའི་ནང་ཅི་ཏ་གོང་ Chittagong གཙུག་ལག་སློབ་ཁང་ཆེན་མོའི་འཛམ་གླིང་ཞི་བདེའི་མཆོད་རྟེན་ཆེན་མོའི་ Pagoda མཁན་པོ་དགེ་སློང་པྲ་ཛྙཱ་སྦང་ཤའི་ Prajna Bangsha གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “བྷང་ལ་རྡེ་ཤིའི་ནང་གནས་བརྟན་པའི་ནང་པའི་སྲོལ་རྒྱུན་ཁྲོད་དགེ་སློང་མའི་སྡོམ་རྒྱུན་གསར་འཛུགས་དང་འབྲེལ་བའི་གནད་དོན། ད་ལྟའི་ཆར་བྷང་ལ་རྡེ་ཤིའི་ནང་དེ་མེད།”
དུས་རབས་བཅུ་གཉིས་པ་བར་བྷེང་གྷལ་ Bengal ནང་དགེ་སློང་མའི་སྡེ་ཞིག་བཞུགས་ཡོད། འོན་ཀྱང་ཁོང་ཚོའི་བྱེད་སྒོའི་ཐད་ཀྱི་གནས་ཚུལ་ཏག་ཏག་ཅིག་མཐོང་ཆོས་སུ་མེད། དེའི་རྗེས་བྷེངྒལ་ནང་ནང་ཆོས་ཀྱི་ཆ་ཤས་ཕྲན་བུ་གཅིག་ལས་གནས་ཐུབ་མེད། དེའང་རྩ་བའི་ཆ་ནས་བྷང་ལ་རྡེ་ཤིའི་ནང་གི་ཅི་ཏ་གོང་དང་ཅི་ཊ་གོང་རི་བོའི་རྐང་ལམ་ཁུལ་དུ་ཡིན། ཕྱི་ལོ་ ༡༨༦༤ ལོར་འབར་མའི་མཚོ་བརྒྱུད་ཀྱི་ཨ་ར་ཀན་ Arakan རྫོང་གི་གྲྭ་པ་ཞིག་གི་སྣེ་ཁྲིད་དེ་རི་བརྒྱུད་ས་ཁུལ་དེ་དག་གི་ནང་པའི་རྡོ་རྗེ་ཐེག་པའི་སྤྱི་ཚོཌ་ནང་གནས་བརྟན་སྡེ་པའི་ཆོས་སྲོལ་གསར་འཛུགས་ཞུས་ཏེ། དུས་ད་ལྟ་བར་ས་ཁུལ་དེ་དག་ནང་གནས་བརྟན་སྡེ་པའི་ནང་ཆོས་ཀྱི་ཉམས་ལེན་མུ་མཐུད་ནས་ཡོད།
བྷང་ལ་རྡེ་ཤིའི་ནང་རོབ་བརྩིས་བྱས་ན་ནང་པ་ཁ་གྲངས་ས་ཡ་གཅིག་ཙམ་དང་ཁྱོན་བསྡོམས་མི་འབོར་གྱི་བརྒྱ་ཆ་གཅིག་ཡོད་ནའང་། དགོན་སྡེ་འདྲ་མིན་ནང་བུད་མེད་ཉུང་ཤས་ཤིག་གིས་མ་གཏོགས་སྡོམ་པ་བརྒྱད་ཉམས་ལེན་བྱེད་ཀྱི་མེད། བྷང་ལ་རྡེ་ཤིའི་སྤྱི་ཚོགས་དང་སྣེ་ཁྲིད་མཁན་གྲྭ་པ་མང་པོ་ཞིག་གིས་གནས་བརྟན་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་མེད་ནའང་། བཀུར་འོས་བཱ་ན་བྷཱན་ཏེ་སཱ་དྷ་ནཱནྡ་མ་ཧཱ་ཐེ་རོ་ Bana Bhante Sadhananda Mahathero མཆོག་གིས་བྷང་ལ་རྡེ་ཤིའི་བུད་མེད་ཚོས་ངས་བྷངྒལ་སྐད་དུ་ཡིག་སྒྱུར་ཞུས་པའི་གཞི་རྩའི་འདུལ་བའི་གཞུང་ལ་ཐོས་བསམ་སློབ་གཉེར་ཟིན་པའི་རྗེས་ཁོང་ཚོར་དགེ་སློང་མའི་སྡོམ་པ་འབོག་འདོད་གནང་གི་ཡོད།
འདྲ་མཚུངས་ཀྱི་ཚོགས་དུས་དྲུག་པ། ཉིན་གཉིས་པ། སྲོལ་རྒྱུན་དང་དེང་དུས་ཀྱི་དགོས་མཁོའི་དབར་གྱི་འགལ་ཟླ། དུམ་ཚན་བཞི་པ། རྒྱ་ནག་དང་། ཝི་ཏི་ནམ། ཀོ་རི་ཡ། བོད། ཐེ་ལན་ཌི་བཅས་ཀྱི་ནང་ཐེག་ཆེན་གྱི་བསྟན་པ།
ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་གི་ཐེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་ཁི་རི་སྟི་ཡུ་ལིང་ཆང་ Christie Yu-ling Chang གི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཨ་ནེ་ལགས་ Anila ནས་དགེ་སློང་མར། མིང་འདོགས་པ། སྐད་ཡིག །ཕོ་མོ་འདྲ་མཉམ།”
ཐེ་ཝན་ནང་མིང་ཏག་ཏག་འདོགས་པའི་ལས་འགུལ་གྱིས་བཙུན་མ་ཚོ་དང་གྲངས་ཉུང་མི་རིགས་ཁག་ལ་དམའ་འབེབས་ཀྱིས་མིང་འདོགས་བྱེད་པ་བཀག་འགོག་བྱེད་དགོས་པ་དང་། དེ་ལས་ལྡོག་སྟེ་ཡ་རབས་གུས་ཞབས་ལྡན་པའི་མིང་ཚིག་བེད་སྤྱོད་གཏོང་དགོས་སྐོར་ཐད་མི་རྣམས་ལ་སློབ་སྦྱོང་སྤྲོད་པའི་ལས་དོན་སྒྲུབ་ཀྱིན་ཡོད། སྤྱི་ཚོགས་བྱེ་བྲག་པ་ཞིག་གི་ནང་མི་སྡེ་གང་ཡང་རུང་བར་དམའ་འབེབས་ཀྱི་མིང་བེད་སྤྱོད་བྱེད་པ་ནི་དྲག་སྤྱོད་ཀྱི་མཚོན་རྟགས་ཤིག་ཡིན། དེས་ན། ལས་འགུལ་དེའི་དམིགས་ཡུལ་ཁྲོད། ཨ་ནེའི་ auntie དོན་ལྡན་པའི་རྒྱ་སྐད་ཀྱི་ཚིག་ནི་གུ་ nigu ཞེས་པ་བརྗེ་སྒྱུར་བྱས་ཏེ་བི་ཆིའུ་ནི་ biqiuni ཞེས་པའི་དགེ་སློང་མའི་མཚན་ཡང་དག་པ་འདི་བཀོལ་སྤྱོད་དགོས་པར་མི་མང་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་ཤེས་ཡོན་ལམ་སྟོན་བྱེད་པར་འབད་བརྩོན་བསྟེན་ཡོད། འབད་བརྩོན་དེར་རྒྱ་ནག་གི་ནང་པའི་དགེ་སློང་མའི་མཐུན་ཚོགས་ཙམ་མིན་པར་ད་དུང་ཐེ་ཝན་དགེ་སློང་ཕའི་མཐུན་ཚོགས་འདྲ་མིན་ནས་ཀྱང་རྒྱབ་སྐྱོར་ཐོབ་ཡོད། ལས་འགུལ་དེའི་ངོ་རྒོལ་ལ་གྲུབ་འབྲས་གང་ལ་གང་འཚམ་བྱུང་ཡོད། དེ་བཞིན་བོད་པའི་སྤྱི་ཚོགས་ནང་རབ་བྱུང་མ་རྣམས་ལ་ཨ་ནེ་ལགས་ཞེས་པའི་ཐ་སྙད་སྤྱོད་རྒྱུའི་ཚབ་ཏུ་ཆོས་ལགས་དང་དགེ་སློང་མ་ཞེས་པའི་བེད་སྤྱོད་དགོས་པར་སྐུལ་འདེད་ཕྱིར་གཅིག་མཚུངས་ཀྱི་ལས་འགུལ་ཞིག་སྤེལ་བའི་དུས་ལ་བབས་ཡོད།
དབྱིན་ཡུལ་ལནྜན་ London གྱི་གཙུག་ལག་སློབ་ཁང་ཆེན་མོའི་ཨ་ཧྥེ་རི་ཁ་དང་ཤར་ཕྱོགས་རིག་པའི་སྡེ་ཚན་གྱི་འབུམ་རམས་པའི་འོས་མི་སེ་ཊེ་ཧྥ་ནི་ཡཱ་ཊྲེ་ཝགྣིན་ Stefania Travagnin གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “རྒན་མ་གོང་གཱའི་ Elder Gongga མི་ཚེ་དང་ཆོས་ལུགས་ཁྱབ་སྤེལ། (༡༩༠༣ ནས་ ༡༩༩༧།) ནང་ཆོས་ཀྱི་སྲོལ་རྒྱུན་དང་ཕོ་མོ་དབྱེ་འབྱེད་ལས་འདས་པ་གཉིས་ལ་འབྲེལ་མཐུད་ཀྱི་ཟམ་པ་འཛུགས་པ།”
ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་དར་ཁྱབ་ནི་དུས་ཡུན་གཉིས་རིང་བྱུང་ཡོད་དེ། ཕྱི་ལོ་ ༡༩༥༠ ནས་༡༩༨༢ བར་བོད་རིགས་རབ་བྱུང་དང་སོག་པོའི་བླ་མ་ཁ་ཤས་དང་མཉམ་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཁྱིམ་པ་མང་ཆེ་བ་ཐེ་ཝན་དུ་བསྐྱོད་ཡོད། ཕྱི་ལོ་ ༡༩༨༢ ནས་བཟུང་རིམ་གྱིས་བོད་རིགས་དགེ་འདུན་མང་པོ་ཞིག་ཕྱིན་ཡོད། ཕྱི་ལོ་ ༡༩༥༨ བར་རྒྱ་ནག་སྐམ་ས་ཆེན་པོའི་ནང་བོད་བརྒྱུད་ནང་བསྟན་གྱི་ཡ་གྱལ་བཀའ་རྒྱུད་ཀྱི་ཆོས་དར་ཁྱབ་ཐོག་མར་གཏོང་མཁན་ནི་རྒྱ་ནག་གི་བུད་མེད་རྒན་མ་གོང་གཱ་ Elder Gongga ཞེས་པ་དེ་ཡིན། དེ་རྗེས་ཐེ་ཝན་ནང་སྤེལ་ཡོད། རྒྱ་ནག་དང་བོད་ཀྱི་ནང་པའི་ངོ་བོ་གཉིས་ཀ་བསྲེས་ཐུབ་པ་བྱུང་ནས། ཁོ་མོས་ཐོག་མར་ཁྱིམ་པའི་རྟེན་ཅན་དུ་ཆོས་བཤད་བྱས་པ་དང་དེ་རྗེས་ཕྱི་ལོ་ ༡༩༨༢ ལོར་དགེ་སློང་མའི་སྡོམ་པ་བླངས། ཁོ་མོའི་སྐུ་ལུས་བདག་སྲུང་བྱས་པ་དེར་རྒྱ་ཁྱབ་ཀྱིས་གུས་བརྩི་བྱེད་པ་དང་རིང་བསྲེལ་མང་པོ་བཟོས་ཡོད། གཞན་ཡང་ (༡༩༠༩ ནས་ ༢༠༠༦ བར་) རྒྱ་ནག་གི་བཙུན་མ་ལོང་ལིའན་ Longlian ཞེས་པས་མོ་རང་གི་ཡིག་སྒྱུར་བྱ་གཞག་ལ་བརྟེན་ནས་རྒྱ་རིགས་ཀྱི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་ཡ་གྱལ་དགེ་ལུགས་ཀྱི་བསྟན་པ་དེ་དར་ཁྱབ་ཆེན་པོ་བཏང་།
ཝི་ཊི་ནམ་གྱི་གྲོང་ཁྱེར་ཐོང་ནཊ་ Thong Nhat ཡོད་པའི་དབུས་ཝི་ཊི་ནམ་ནང་པའི་མཐུན་ཚོགས་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་གཞོན་པ་དགེ་སློང་མ་ཐི་ཁུ་ནུ་ཧུའེ་ཧུའོང་ Thich Nu Hue Huong གི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ནང་པའི་དགེ་འདུན་གྱི་སྡེའི་ནང་བུད་མེད་ཀྱི་ལས་འགན།”
སྙིང་རྗེའི་དབང་གིས་སངས་རྒྱས་ཀྱིས་བུད་མེད་རྣམས་ལ་ལྕི་བའི་ཆོས་བརྒྱད་བཀའ་བསྩལ་ཞིང་། དེ་དག་ནི་སྐྱེ་དགུའི་བདག་མོ་དང་འཁོར་རྣམས་རྒྱལ་པོའི་སྐུ་འཁོར་གྱི་ཆ་ཤས་ཡིན་པར་རློམ་པའི་རང་རྒྱུད་ཀྱི་ཁེངས་པ་ཟློག་ཕྱིར་དགོས་ངེས་ཤིག་ཆགས་ཡོད། དེ་བཞིན་བཙུན་མ་རྣམས་གནོད་འཚེ་ལས་སྲུང་སྐྱོབ་ཆེད་དགོས་ཀྱི་ཡོད། ཝི་ཏི་ནམ་ནང་ནང་པའི་བསྟན་པར་དགེ་སློང་མ་རྣམས་ཀྱིས་ལེཌ་སྐྱེས་རླབས་ཆེན་ཕུལ་ཡོད། ཕྱི་ལོ་ ༡༩༥༦ ལོར་དགེ་སློང་མ་ནུ་ཐཱན་ Nhu Thanh གྱིས་ཝི་ཊི་ནམ་ཐེག་ཆེན་བཙུན་མའི་མཐུན་ཚོགས་དབུ་བཙུགས་ཡོད། བྱང་དང་ལྷོ་ཝི་ཏི་ནམ་གཉིས་སླར་མཉམ་འཛོམས་བྱུང་བ་དང་། རྒྱལ་ཁབ་ནང་ནང་པའི་ཉམས་ལེན་ཚད་མཐོ་རུ་གཏོང་བ་དང་སྟངས་འཛིན་བྱ་ཕྱིར། དགེ་སློང་ཕ་མ་གཉིས་ཟུང་འབྲེལ་ཐོག་ཕྱི་ལོ་ ༡༩༨༡ ལོར་ཝི་ཊི་ནམ་ནང་པའི་མཐུན་ཚོགས་དབུ་བརྙེས། དེས་དགེ་འདུན་གྱི་སྡེའི་ནང་མཛའ་མཐུན་མུ་མཐུད་གནས་པ་དང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ངེས་བརྟན་བཟོས། གལ་ཏེ་ལྕི་བའི་ཆོས་བརྒྱད་དང་དགེ་སློང་མའི་འདུལ་བ་རྣམས་ནང་པའི་རྒྱལ་ཁབ་གཞན་གྱི་ནང་ཚུལ་བཞིན་དུ་གཅེས་སྲུང་བྱས་མེད་ན། དགེ་སློང་མ་རྣམས་ལ་བཙན་ཤེད་ཀྱིས་ཚུལ་ཁྲིམས་འཆལ་པའི་དགེ་སློང་ཕར་གུས་བརྩི་བྱེད་བཅུག་ཡོད་ངེས་ཡིན། དགེ་སློང་ཕའི་སྤྱོད་ཚུལ་ལ་དགེ་འདོན་སྐྱོན་སེལ་བྱེད་དགོས་ཀྱི་ཡོད། ལྕི་བའི་ཆོས་བརྒྱད་ཚུལ་བཞིན་དུ་ལག་བསྟར་བྱས་པ་དང་འཛིན་པས་དགེ་སློང་མ་ཐར་པར་བགྲོད་པའི་གྲུ་གཟིངས་ལྟ་བུའི་དགོས་མཁོ་སྒྲུབ་ཀྱི་ཡོད།
ཨ་རིའི་གྲོང་ཁྱེར་ཁེལ་ཧྥོར་ནི་ཡའི་ཧྥི་རི་མོཎྚ་ Freemont ལ་འཛམ་གླིང་ཞི་བདེའི་ཐེབས་རྩ་ཁང་གི་སྲོལ་གཏོད་པ་པོ་ཐི་ཁུ་ནུ་ཧཱན་ཊི་རི་ Thich Nu Hahn Tri མིང་གཞན་འབུམ་རམས་པ་ལཱ་ནི་ཧཱཎྚར་ Lani Hunter གྱི་གསུང་བཤད་ཕྱོཌ་བསྡོམས།
བརྗོད་གཞི། “ནང་པའི་བཙུན་མའི་སྡོམ་པ་དང་དགེ་རྩའི་ལས་དོན།”
འདུལ་བའི་གཞུང་དང་བསྟུན་ནས་བསླབ་ཁྲིམས་ཚང་མ་ཚུལ་བཞིན་དུ་སྲུང་བའི་སྒོ་ནས་དགེ་རྩའི་ལས་དོན་ལ་འཇུག་རྒྱུ་ནི་དགེ་སློང་མ་རྣམས་ལ་དཀའ་ཚེགས་ཆེན་པོ་ཡིན། འོན་ཀྱང་ཕར་ཕྱིན་དྲུག་གི་དང་པོ་སྦྱིན་པའི་ཕར་ཕྱིན་ཉམས་ལེན་གཞི་བཞག་སྟེ་ལས་དོན་སྒྲུབ་སྲིད་པ་ཞིག་ཡིན།
རྒྱ་གར་དྷ་སའི་བོད་ཀྱི་བཙུན་མའི་ལས་འཆར་གྱི་མཉམ་འབྲེལ་དབུ་འཛིན་སྐུ་ཞབས་བློ་བཟང་བདེ་ཆེན་གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “བོད་པའི་བཙུན་མ་དང་དགེ་སློང་མའི་སྡོམ་རྒྱུན།”
བོད་ནང་དགེ་སློང་མའི་སྡོམ་རྒྱུན་རྩ་བ་ནས་བྱུང་མེད་པ་དང་དགེ་ཚུལ་མ་འབའ་ཞིག་བྱུང་ཡོད་ཀྱང་། དུས་རབས་བཅུ་གཅིག་པའི་ནང་མ་ཅིག་ལབ་སྒྲོན་ནས་འགོ་ཚུགས་ཏེ། བོད་རིགས་བུད་མེད་ཉམས་ལེན་མ་གྲགས་ཅན་དེ་འདྲ་མང་པོ་བྱུང་ཡོད། དགེ་འདུན་གྱི་སྡེ་རྐྱང་པའི་ཐོག་ནས་དུས་རབས་བཅུ་གསུམ་པའི་ནང་དགེ་སློང་མའི་སྡོམ་རྒྱུན་འགོ་འཛུགས་ཐབས་བྱས་ཡོད་ཀྱང་མུ་མཐུད་ཐུབ་མེད། དུས་རབས་བཅོ་ལྔ་པའི་ནང་སྲས་མོ་ཆོས་ཀྱི་སྒྲོན་མེ་མཆོག་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་དུ་ངོས་འཛིན་ཞུས་ཏེ། བསམ་ལྡིང་རྡོ་རྗེ་ཕག་མོ་ཞེས་གྲགས་པ་དང་བུད་མེད་ཀྱི་སྤྲུལ་སྐུའི་རྒྱུད་པ་ཐོག་མ་དེ་འགོ་ཚུགས། ད་ལྟའི་ཆར་བོད་ནང་དེའི་རྒྱུད་པ་བཅུ་གཉིས་བྱུང་ཡོད། དེ་མིན་བུད་མེད་སྤྲུལ་སྐུ་ནི་ཤུག་གསེབ་རྗེ་བཙུན་མ་རིན་པོ་ཆེ་ཡིན་ཅིང་དུས་རབས་བཅུ་དགུ་པའི་ནང་བྱུང་།
བོད་ཀྱི་དགེ་ཚུལ་མ་རྣམས་མང་ཆེ་བ་ལ་ནང་པའི་ལྟ་གྲུབ་དང་གཏན་ཚིག་རིག་པ་སློབ་གཉེར་བྱ་རྒྱུར་སྲོལ་རྒྱུན་དུ་གོ་སྐབས་བྱུང་མེད་ནའང་། དམིགས་བསལ་དུས་རབས་བཅུ་བདུན་པའི་ནང་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་ནང་པའི་གཞུང་ལ་ཐོས་བསམ་སློབ་གཉེར་མཐིལ་ཕྱིན་གནང་བའི་བུད་མེད་འགའ་བྱུང་ཡོད། འོན་ཀྱང་ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་བོད་པའི་བཙུན་དགོན་ཁག་ནང་ནང་པའི་ལྟ་གྲུབ་དང་གཏན་ཚིག་རིག་པ་སློབ་གཉེར་བྱ་རྒྱུའི་སྲོལ་བཟང་དབུ་བཙུགས། དེར་བརྟེན་བཙུན་མ་མི་ཉུང་བ་ཞིག་ད་ཆ་བོད་པའི་སློབ་གྲྭ་ཁག་གི་ནང་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་དང་འགའ་ཞིག་བོད་ལུགས་ཀྱི་སྨན་པ་ཆགས་ཡོད། གང་ལྟར་བཙུན་མ་མང་པོ་ཞིག་སྲོལ་རྒྱུན་གྱི་དགེ་བཤེས་དང་མཁན་མོའི་མཚན་གནས་དང་མཉམ་པའི་ནང་པའི་ལྟ་གྲུབ་ཀྱི་ཐོག་ལ་བསླབ་པ་སློབ་གཉེར་གཟེངས་སུ་ཐོན་པ་བྱུང་ཡོད། འོན་ཀྱང་ཁོང་ཚོར་འདུལ་བའི་གཞུང་ཆ་ཚང་བ་སློབ་གཉེར་མེད་སྟབས་མཇུག་ཐོན་པ་བྱུང་ཐུབ་མེད། དགེ་ཚུལ་མ་ཞིག་ཡིན་པའི་ཆ་ནས།དགེ་ཚུལ་མའི་སྐོར་གྱི་འདུལ་བའི་བསླབ་པ་ཁོ་ན་སློབ་སྦྱོང་བྱེད་ཆོག་གི་ཡོད་པ་ལས་དགེ་སློང་མའི་བསླབ་གཞི་སྦྱོང་ཆོག་གི་མེད། གང་ལྟར་བཀག་སྡོམ་དེ་ལ་བརྟེན་ནས་བོད་ནང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་དགོས་པའི་གལ་གནད་ངོས་འཛིན་ཐུབ་པར་ཁོང་ཚོར་ཕན་ཐོགས་བྱུང་ཡོད།
༸སྤྱི་ནོར་གོང་ས་༸སྐྱབས་མགོན་མཆོག་གི་ལམ་སྟོན་དང་དབུ་ཁྲིད་འོག་སྡོམ་རྒྱུན་དེ་དང་འབྲེལ་བའི་ཞིབ་འཇུག་ལོ་མང་བྱས་པ་དང་བརྗོད་གཞི་དེ་གའི་ཐོག་ཚོགས་ཆེན་ཐེངས་མང་ཚོགས་པའི་མཐུ་ལས་འདུལ་བ་འཛིན་པའི་དགེ་སློང་ཕ་མང་པོ་ཞིག་ལ་དགེ་སློང་མའི་སྡོམ་རྒྱུན་བསྐྱར་འཛུགས་དགོས་པའི་གལ་གནད་དང་སྒྲུབ་ཐུབ་པའི་གནད་འགག་ལ་ངེས་ཤེས་རྙེད་ཐུབ་པ་བྱུང་ཡོད། བོད་པའི་དགེ་ཚུལ་མ་རྣམས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་འཐོབ་པར་རེ་བ་བྱེད་པ་ནི་མྱུར་དུ་མངོན་འགྱུར་ཡོང་སྲིད་པ་དང་། དེ་ཡང་གཞི་སྨྲའི་ལུཌ་ཀྱི་དགེ་སློང་ཕ་སྡེ་ཚུད་པའི་དགེ་འདུན་གྱི་སྡེ་ལས་སྡོམ་པ་འབོག་འཇོག་ཡོང་བར་རེ་སྨོན་བྱེད་ཀྱིན་ཡོད།
ཨ་རིའི་གྲོང་ཁྱེར་མེ་ས་ཆུ་སེ་ཚེའི་ Massachusetts ཝི་ལྱིམ་སི་ཊཱའོན་ Williamstown གྱི་ཝི་ལྱིམ་སི་ Williams མཐོ་སློབ་ཀྱི་འབུམ་རམས་པ་ཀིམ་རྒི་ཏི་ཆོ་ Kim Gitschow དང་རྒྱ་གར་ཟངས་དཀར་གྱི་བཙུན་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ལྷ་མོའི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཟངས་དཀར་ནང་སྡོམ་རྒྱུན་དང་གནས་བབས།”
དུས་རབས་བཅུ་གཅིག་པའི་ནང་དུ་ཧི་མ་ལ་ཡའི་ས་ཁུལ་གྱི་ཡུལ་སྤི་ཏི་དང་གུ་གེའི་ནང་ནང་པའི་བཙུན་མ་བྱུང་ཡོད། འོན་ཀྱང་ཁོང་ཚོ་དགེ་སློང་ངམ་དགེ་ཚུལ་མ་གང་ཡིན་གསལ་པོ་མེད། དཔེར་ན། དུས་རབས་བཅུ་པའི་དུས་མཇུག་ཏུ་ཡེ་ཤེས་འོད་ཀྱིས་གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕའི་སྡོམ་པ་འབོག་ཆེད་རྒྱ་གར་ཤར་ཕྱོགས་ནས་སློབ་དཔོན་དྷ་རྨ་པཱ་ལ་དང་། ཁོང་གི་སློབ་མ་ཁ་ཤས་བོད་ཀྱི་ནུབ་ཕྱོགས་གུ་གེའི་ཡུལ་དུ་གདན་དྲངས། སྐབས་དེ་དུས་ཡེ་ཤེས་འོད་ཀྱི་སྲས་མོས་སྡོམ་པ་བླངས། འོན་ཏེ་དགེ་ཚུལ་མའམ་དགེ་སློང་མའི་སྡོམ་པ་གང་ཡིན་གསལ་ཁ་མེད།
ཟངས་དཀར་ནང་བཙུན་མའི་དགོན་པ་རྙིང་ཤོས་དེ་དུས་རབས་བཅོ་ལྔ་པའི་སྟོད་ཆའི་དུས་དཀྱིལ་དུ་ཆགས་པ་དང་བོད་ཀྱི་སྲོལ་རྒྱུན་ཉམས་བཞེས་གནང་བཞིན་དགེ་ཚུལ་མ་གཅིག་པུ་ཡོད། དུས་རབས་བཅོ་བརྒྱད་པ་ནས་འགོ་ཚུགས་ཏེ་ལ་དྭགས་ནང་འདྲ་མཚུངས་ཀྱི་བཙུན་དགོན་བཞེངས། ད་ལྟའི་ཆར་ཟངས་དཀར་ནང་བཙུན་དགོན་བཅུ་ཡོད་ཅིང་། རོབ་བརྩིས་བྱས་ན་ཁྱོན་བསྡོམས་བཙུན་མ་གྲངས་ ༡༢༠ ཙམ་བཞུགས་པ་དང་། གྲྭ་པ་ ༣༠༠ ཙམ་ཡོད་པའི་དགོན་པ་བརྒྱད་ཡོད། བཙུན་པ་དང་བསྡུར་ན་བཙུན་མ་ཚོར་ས་ཞིང་ཉུང་ཞིང་དཔལ་འབྱོར་གྱི་རྒྱབ་རྟེན་དེ་བས་དཀོན་པ་ཡོད། ཕྱི་ལོ་ ༡༩༩༦ ལོར་ལ་དྭགས་བཙུན་མའི་མཐུན་ཚོགས་དང་། ཕྱི་ལོ་ ༢༠༠༦ ལོར་ཟངས་དཀར་བཙུན་མའི་མཐུན་ཚོགས་དབུ་བརྙེས་པ་ནས་བཟུང་ཟངས་དཀར་དང་ལ་དྭགས་ནང་གི་བཙུན་དགོན་གྱི་ཤེས་ཡོན་དང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཕྱིན་ཡོད།
ཐེ་ལན་ཌིའི་ནང་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་ཐོབ་མཁན་ཐེ་ལན་ཌིའི་བུད་མེད་དང་པོ་སློབ་དཔོན་ཤི་ཀུའང་སེང་ Shi Kuang Seng གི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ནང་པའི་སྤྱི་ཚོགས་ལ་མ་ཡི་བྱམས་སྐྱོང་ལག་བསྟར་བྱེད་པ།”
དགེ་སློང་མའི་སྡོམ་རྒྱུན་སླར་གསོ་མཛད་པ་དང་མཉམ་དུ་དགེ་སློང་མ་རྣམས་ཀྱིས་བུད་མེད་དང་ཕྲུ་གུ་ཚོ་དང་། ལྷག་པར་དུ་ལོག་སྤྱོད་ཀྱི་ཡུལ་དུ་གྱུར་བ་རྣམས་ལ་ཆོས་ཕྱོགས་ནས་བདེ་ཐབས་མཁོ་སྤྲོད་བྱེད་པའི་མ་ཡི་བྱེད་སྒོ་ཚུལ་བཞིན་དུ་ལག་བསྟར་ཐུབ།
ཚོགས་དུས་བདུན་པ། ཉིན་གཉིས་པ། དགེ་འདུན་གཉིས་ཚོགས་ཀྱི་སྡོམ་པ་འབོག་འཇོག་དང་འདུལ་བའི་ཉམས་ལེན་སླར་གསོའི་དཔེ་མཚོན་ཁག
ལྷོ་ཀོ་རི་ཡའི་ཕ་ལམ་འདུལ་བའི་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་དང་། ལྷོ་ཀོ་རི་ཡའི་གྲོང་ཁྱེར་སུ་ཝོན་ Suwon གྱི་བཙུན་མའི་པོང་ནྱོང་སཱ་ Pongnyongsa ཆོས་རིག་སློབ་གཉེར་ཁང་གི་དབུ་འཛིན་དགེ་སློང་མ་མྱུམ་སུ་ནིམ་ Myoom Sunim གྱི་ གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཀོ་རི་ཡ་ནང་པོང་ནྱོང་སཱ་བཙུན་དགོན་གྱི་དགེ་སློང་མའི་འདུལ་བའི་ཤེས་ཡོན་བསྟི་གནས་ཁང་གི་བཀོད་པ་དང་གཏན་འབེབས་སློབ་ཚན།”
ཕྱི་ལོ་ ༡༩༡༠ ནས་ ༡༩༤༥ བར་ཉི་ཧོང་གིས་ཀོ་རི་ཡ་དབང་སྒྱུར་བྱས་པའི་སྐབས། གཉེན་སྒྲིག་ཟིན་པའི་མཆོད་དཔོན་ཡོད་པའི་ཉི་ཧོང་གི་ནང་པའི་གོམས་སྲོལ་གྱི་ཤུགས་རྐྱེན་འོག་དགེ་སློང་ཕ་མང་པོ་ཞིག་དྲག་ཤུགས་ཀྱིས་ཚུལ་འཆལ་དུ་གྱུར། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བ་དང་། འདུལ་བའི་གཞུང་སློབ་གཉེར་བྱེད་མྱོང་ཡོད་པའི་ཀོ་རི་ཡའི་དགེ་སློང་ཕ་ཉུང་ཤས་ཤིག་ལས་ལྷག་མེད། ཕྱི་ལོ་ ༡༩༥༠ ནས་ ༡༩༥༣ བར་གྱི་ཀོ་རི་ཡའི་དམག་འཁྲུག་གིས་རྐྱེན་པས་དགེ་འདུན་གྱི་རྒྱུད་པར་ཉམས་ཉེས་ཆེན་པོ་བྱུང་། རིམ་གྱིས་ཕྱི་ལོ་ ༡༩༨༢ ལོ་ནས་འདུལ་བའི་གཞུང་སྟོབས་ཤུགས་འཕེལ་བ་དང་ཇོ་རྒྱེ་ Jogye རྒྱུད་པའི་ནང་དགེ་སློང་མའི་ཆེད་དུ་དགེ་འདུན་གཉིས་ཚོགས་སྡོམ་པ་འབོག་འཇོག་སླར་གསོ་མཛད་ཡོད། ཕྱི་ལོ་ ༡༩༩༩ ལོར་ཕ་ལམ་འདུལ་བའི་ཤེས་ཡོན་བསྟི་གནས་ཁང་དེ་ཡང་སྒྲིག་དམ་པོའི་དུས་ཚོད་དང་གཏན་འབེབས་སློབ་ཚན་རྒྱ་ཆེར་གཞིགས་ཏེ་དགེ་སློང་མ་རྣམས་ལ་ཤེས་ཡོན་སྤྲོད་སླད་གསར་བཞེངས་གནང་། ཕྱི་ལོ་ ༢༠༠༧ ལོར་དགེ་སློང་མའི་འདུལ་རྒྱུད་དེ་དགེ་སློང་མ་གཅིག་ནས་གཞན་ཞིག་ལ་བརྒྱུད་སྤྲོད་ཐེངས་དང་པོ་བྱས།
ཨ་རིའི་གྲོང་ཁྱེར་ཝ་ཤིང་ཊོན་ Washington ནེའུ་པོར་ཊི་ Newport ལ་རྟེན་གཞི་བྱས་པའི་གཉན་ཡོད་བཙུན་མའི་ཆོས་སྡེའི་ Sravasti Abbey མཁན་མོ་དགེ་སློང་མ་ཐུབ་བསྟན་ཆོས་སྒྲོན་གྱི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་ཕ་དང་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་འབོག་འཇོག་ཐད་སྲོལ་རྒྱུན་སྣ་འཛོམས་ཐོག་སྡོམ་པ་འབོག་འཇོག་མཛད་པའི་བོད་ཀྱི་ཕྱག་སྲོལ་ལ་རྒྱབ་སྐྱོར།”
དུས་རབས་དགུ་པའི་དུས་དཀྱིལ་ལམ་བཅུ་པའི་འགོ་སྟོད་དུ་རྒྱལ་པོ་གླང་དར་མས་བོད་དབུས་སུ་ནང་པའི་བསྟན་པ་བསྣུབས་པའི་རྗེས། གཙང་རབ་གསལ་གྱིས་སྣེ་ཁྲིད་དེ་གཞི་སྨྲའི་ལུགས་ཀྱི་བོད་པའི་དགེ་སློང་གསུམ་མདོ་སྨད་དུ་བྲོས་བྱོལ་དུ་སོང་སྟེ། དེ་གར་རྒྱ་རིགས་དགེ་སློང་ཕ་གཉིས་ཀྱི་རོགས་རམ་དང་མཉམ་དུ་ཁོང་ཚོས་དགོངས་པ་རབ་གསལ་ལ་དགེ་སློང་ཕའི་སྡོམ་པ་ཆ་ཚང་མནོས། རྒྱ་རིགས་དགེ་སློང་གཉིས་ཀྱིས་སྡོམ་རྒྱུན་གང་ཞིག་ཉམས་ལེན་བྱེད་སྐོར་གྱི་གནད་དོན་འདིའི་ཐད་སྔར་སྲོལ་ལ་དགའ་ཞེན་ཅན་གྱི་བོད་པའི་མཁས་པ་ཚོས་གཞི་སྨྲའི་རྒྱུད་པ་རེད་ཅེས་ཟེར་བའི་ནན་རྩོད་ལ་ལོ་རྒྱུས་ཀྱི་གཞི་རྟེན་གང་ཡང་མེད།
དུས་རབས་གསུམ་པའི་དཀྱིལ་ནས་ལྔ་པའི་འགོ་སྟོད་བར། རྒྱ་རིགས་དགེ་སློང་ཕ་རྣམས་ཆོས་སྲུང་སྡེ་པའི་ལུགས་ཀྱི་ཆོ་ག་ལྟར་སྡོམ་པ་ཞུས། འོན་ཀྱང་ཁོང་ཚོའི་ཉིན་རེའི་མི་ཚེའི་ནང་དགེ་འདུན་ཕལ་ཆེན་སྡེ་པའི་ལུགས་ཀྱི་སོ་ཐར་གྱི་སྡོམ་པ་ཉམས་ལེན་བྱས་ཡོད། འོས་འཚམས་ཀྱི་གཞུང་ཁག་རྒྱ་སྐད་དུ་ཡིག་སྒྱུར་བྱས་རྗེས་དུས་རབས་ལྔ་པའི་འགོ་སྟོད་ནས་བདུན་པའི་དུས་དཀྱིལ་བར། དགེ་སློང་ཕ་རྣམས་ད་དུང་ཆོས་སྲུང་སྡེ་པའི་ལུགས་ཀྱི་འདུལ་གཞུང་ལྟར་སྡོམ་པ་ཞུ་ཡི་ཡོད། འོན་ཀྱང་རྒྱ་ནག་གི་ས་ཁུལ་གང་སར་དགེ་སློང་ཕ་རྣམས་ཀྱིས་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དང་། ཆོས་སྲུང་སྡེ་པ། དགེ་འདུན་ཕལ་ཆེན་པའི་སྡེ་པ། ས་སྟོན་སྡེ་པ་བཅས་ཀྱི་རྗེས་སུ་འབྲངས་ཡོད།
དུས་རབས་བདུན་པའི་དུས་དཀྱིལ་ནང་རྒྱ་ནག་གི་འདུལ་བའི་སྡེའི་མཁན་པོ་དང་པོ་ཌའོ་ཤུའན་ Daoxuan གྱིས་ཉིན་རེའི་མི་ཚེ་དང་སྡོམ་པ་འབོག་འཇོག་གཉིས་ཀར་ཆོས་སྲུང་སྡེ་པའི་འདུལ་གཞུང་ལག་བསྟར་དགོས་པའི་བཀའ་ཁྱབ་གནང་ཡོད་པ་དང་། ཕྱི་ལོ་ ༧༠༩ ཡེ་ཤུ་དུས་སྐབས་སུ་ཐང་རྒྱལ་རབས་ཀྱི་གོང་མ་འཇོང་ཟོང་ Zhong-zong གིས་གོང་མའི་བཀའ་ཤོག་དང་བཅས་བཀའ་རྩ་དེ་འགྲོ་ལུགས་དང་མཐུན་པ་བཟོས། དུས་རབས་བརྒྱད་པའི་འགོ་སྟོད་ཁོ་ནར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་གཞུང་རྒྱ་སྐད་དུ་ཡིག་སྒྱུར་ཞུས། འོན་ཀྱང་དེ་མུ་མཐུད་ཉམས་ལེན་བྱས་པའི་དཔང་རྟགས་མེད། དེས་ན་མཐའ་གྲུའི་ས་ཁུལ་ཁག་ཏུ་དགེ་སློང་ཕའི་སྡོམ་པ་འབོག་འཇོག་བྱེད་པར་དགེ་སློང་ལྔ་ཡི་འདུས་པ་ཁ་སྐོང་མཁན་གྱི་རྒྱ་ནག་གི་དགེ་སློང་ཕ་གཉིས་དགོས་པའི་རྒྱུད་པ་དེ་ནི་ཆོས་སྲུང་སྡེ་པ་ཡིན་པ་གསལ་པོ་རེད། དེར་བརྟེན་འདུལ་བའི་ལུགས་གཉིས་ཀྱི་ཁོངས་མི་ཐེ་བའི་དགེ་འདུན་གྱི་སྡེས་སྡོམ་པ་མནོས་པའི་མཚན་གཞི་བོད་པའི་ལོ་རྒྱུས་ནང་ཕྱག་སྲོལ་བྱུང་ཡོད། དེའི་འབྲས་བུར། འདུལ་བའི་ལུགས་གཉིས་ཀྱི་ཁོངས་མི་ལས་གྲུབ་པའི་གཉིས་ཚོགས་ཀྱི་སྡོམ་པ་འབོག་འཇོག་དེ་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར་ལག་བསྟར་བྱས་ན་ཆོག ། དེར་མ་ཟད། དགོངས་པ་རབ་གསལ་རང་ཉིད་དགེ་སློང་གི་སྡོམ་པ་བླངས་ནས་ལོ་ལྔ་ཕྱིན་ནའང་། གཙང་རབ་གསལ་གྱིས་དགོངས་པ་རབ་གསལ་ལ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ལ་སྡོམ་པ་འབོག་པའི་སྐབས་མཁན་པོ་བྱེད་ཆོག་པའིགནང་བ་བསྩལ། དེས་འདུལ་བའི་གཞུང་ནང་གསལ་ཁ་བཏོན་པར་ལྟར་རྒྱུ་མཚན་དང་ལྡན་པའི་གནས་སྟངས་སྐབས་སྡོམ་པ་འབོག་པའི་ཆོ་གར་བཅོས་སྒྱུར་ཆོག་པའི་ཕྱག་སྲོལ་ཞིག་སྟོན་གྱི་ཡོད།
ཨ་རིའི་གྲོང་ཁྱེར་ཁེལ་ཧྥོར་ནི་ཡ་ California སྦར་ཀླི་ Berkeley ནང་པའི་དགོན་སྡེའི་གཙོ་འཛིན་དགེ་སློང་འབུམ་རམས་པ་ ཧུང་སུ་རེའི་ Hung Sure གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “བྱང་ཨ་རིའི་ནང་དགེ་སློང་མའི་སྡེ་དར་རྒྱས་བྱུང་བ་ནི་སློབ་དཔོན་ཤུའན་ཧུ་ཝཱ་ Hsuan Hua ཡི་དགེ་འདུན་གྱི་སྒྲིག་འཛུཌ་དང་ལག་བསྟར་གྱི་དགོངས་བཞེད་ཡིན།”
དུས་རབས་ལྔ་པའི་འགོ་སྟོད་ནས་བཟུང་ཆོས་སྲུང་སྡེ་པའི་དགེ་སློང་ཕ་དང་དགེ་སློང་མའི་སྡོམ་པའི་ཆོ་གའི་ནང་ཚངས་པའི་དྲྭ་བའི་མདོ་གཞིར་བཟུང་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ཚུད་ཡོད། ཆིང་རྒྱལ་རབས་ཀྱི་དུས་འགོར། དགོན་སྡེ་མང་པོའི་ནང་སྡོམ་པ་འབོག་པའི་ཆོ་ག་རྣམས་ཧ་ཅང་གུ་ཡངས་པོར་གྱུར། དེར་བརྟེན་ཕྱི་ལོ་ ༡༦༦༠ ཡེ་ཤུ་དུས་སྐབས་སུ་ཇིའན་ཡུའེ་ Jian Yue ཡིས་སྡོམ་པའི་ཆོ་ག་དྲི་མ་མེད་པ་གོང་སྤེལ་བཏང་། དེའི་ནང་དགེ་སློང་གི་སྡོམ་པ་འབོག་པའི་ཆོ་གའི་ཆ་ཤས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའང་ཚུད་ཡོད། ཁོང་གི་སྡོམ་པ་འབོག་པའི་དཔེ་དེབ་དེ་ནས་བཟུང་རྟག་ཏུ་ལག་བསྟར་བྱས་ཡོད།
ཕྱི་ལོ་ ༡༩༦༩ ལོར་སློབ་དཔོན་ཤུའན་ཧུ་ཝཱ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ཁེལ་ཧྥོར་ནི་ཡའི་ནང་ཆོས་ཀྱི་ཁམས་ནང་པའི་མཐུན་ཚོགས་གསར་འཛུགས་ཞུས། ཕྱི་ལོ་ ༡༩༧༢ ནས་བཟུང་མཐུན་ཚོགས་དེས་ཁེལ་ཧྥོར་ནི་ཡའི་སཱན་ཧྥེ་རན་སི་སི་ཁོ་ San Francisco དང་ཏཱ་ལེ་མེ་ཇི་ Talmage ལ་སངས་རྒྱས་སྟོང་བཅུའི་གྲོང་ཁྱེར་ City of Ten Thousand Buddhas ནང་གསེར་རི་དགོན་པར་ཇིའན་ཡུའེ་ཡི་དཔེ་དེབ་གཞི་ལ་བཞག་སྟེ། ཆོས་སྲུང་སྡེ་པའི་དགེ་སློང་ཕ་མ་གཉིས་ཀྱི་སྡོམ་པ་ཐེངས་བཅུ་གཅིག་ཙམ་གོ་སྒྲིག་ཞུས་ཡོད། གནས་བརྟན་སྡེ་པའི་བསླབ་པ་རྒན་པའི་དགེ་སློང་ཕ་རྣམས་ཀྱིས་ལྟ་ཞིབ་མཛད་དེ་མཉམ་ཞུགས་གནང་བ་དང་སྡོམ་པ་དེར་ངོས་སྦྱོར་གནང་། སྡོམ་པ་དེ་ལྟར་སྲུང་ནས་དགེ་སློང་ཕ་མ་གཉིས་ལ་སྦྱོར་བརྡར་ཐོབ་པ་དང་ནུབ་ཕྱོགས་པའི་གནས་སྟངས་ཁྲོད་མཛའ་མཐུན་ངང་བཞུགས།
ཨ་རིའི་གྲོང་ཁྱེར་ཁེལ་ཧྥོར་ནི་ཡ། ལོའོ་སི་ཨེན་ཇེ་ལེ་སེར་ Los Angeles ཡོད་པའི་རྒྱལ་སྤྱིའི་ནང་པའི་སྒོམ་སྒྲུབ་བསྟི་གནས་ཁང་གི་མཁན་མོ་དགེ་སློང་མ་ཀཱ་རུ་ནཱ་དྷ་རྨའི་ Karuna Dharma གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཕྱི་ལོ་ ༡༩༩༤ ནས་ ༢༠༠༤ བར་ལོའོ་སེ་ཨེན་ཇེ་ལེ་སེའི་ནང་དགེ་སློང་མར་སྡོམ་པ་འབོག་པའི་ཉམས་མྱོང་།”
ཕྱི་ལོ་ ༡༩༩༤ ནས་འགོ་བཙུགས་ཏེ་ཨ་རིའི་གྲོང་ཁྱེར་ཁེལ་ཧྥོ་ནི་ཡ་དང་ལོ་སེ་ཨེན་ཇཱ་ལིར་ཡོད་པའི་རྒྱལ་སྤྱིའི་ནང་པའི་སྒོམ་སྒྲུབ་བསྟི་གནས་ཁང་དུ་ཆོས་སྲུང་སྡེ་པའི་ཆོ་གའི་ཐོག་ནས་དགེ་སློང་ཕ་མར་སྡོམ་པ་མནོས་པ་དང་། དགེ་སློང་ཕ་མ་གཉིས་ཀྱི་ཆོ་ག་གཅིག་གི་ཐོག་ནས་མཉམ་དུ་སྡོམ་པ་བླངས་ཡོད། སྡོམ་པ་འབོག་པའི་ཆོ་གའི་རྐང་ཚབ་བྱེད་མིའི་གནས་བབས་གསུམ་པོ་རེ་རེ་རྣམས་དགེ་སློང་ཕ་གཅིག་དང་མ་གཅིག་དབར་མཉམ་སྤྱོད་བྱས་པ་དང་། དགེ་སློང་ཕ་རྣམས་ཀྱི་དགེ་སློང་ཕའི་སྡོམ་པ་ནོད་པ་དང་དགེ་སློང་མ་རྣམས་ཀྱི་དགེ་སློང་མའི་སྡོམ་པ་ནོད་ཀྱི་ཡོད། རྐང་ཚབ་བྱེད་མཁན་གྱི་དགེ་སློང་ཕ་མ་དེ་དག་ནི་ཆོས་རྒྱུད་དང་ལུང་པ་འདྲ་མིན་ནས་ཡིན་ཅིང་། ཚང་མས་རྒྱ་ནག་དང་། ཀོ་རི་ཡ། ཝི་ཏི་ནམ། ཨ་རིའི་ཆོས་སྲུང་སྡེ་པ་དང་ཤྲཱི་ལངྐའི་གནས་བརྟན་སྡེ་པ་བཅས་ཀྱི་སྡོམ་པ་འབོག་པའི་སྒྲོམ་གཞི་གཅིག་གི་ནང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད། དེ་མིན་སྡོམ་པ་ནོད་མཁན་གྱི་སྡེའི་ཁོངས་སུ་འདུལ་བའི་ཆོས་རྒྱུད་གསུམ་ཀ་དང་ལུང་པ་འདྲ་མིན་ནས་དགེ་སློང་ཕ་མ་རྣམས་ཡོད། སྡོམ་པ་ལེན་མཁན་གྱི་བུད་མེད་རྣམས་དགེ་ཚུལ་མའི་སྡོམ་པ་བླངས་ནས་ཉུང་མཐར་ལོ་གསུམ་ཙམ་ཕྱིན་པ་དང་ཁོང་ཚོས་དགེ་སློབ་མའི་སྡོམ་པ་བླངས་ཟིན་པའི་དགོས་མཁོའི་ཆ་རྐྱེན་གང་ཡང་མེད། སྡོམ་པ་འབོག་པའི་ཆོ་ག་ནི་ཆོས་སྲུང་སྡེ་པའི་ལུགས་ལྟར་བྱས་ཡོད་ནའང་། དགེ་སློང་ཕ་མ་ལས་དང་པོ་བ་སོ་སོའི་ངོས་ནས་རང་ལུགས་གནས་བརྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བ། ཡང་ན་ཆོས་སྲུང་སྡེ་པ་བཅས་ཀྱི་སྡོམ་རྒྱུན་ཐོབ་ཡོད་བསམ་དགོས། དེ་ལྟར་ནུབ་ཕྱོགས་ཀྱི་བུད་མེད་ཉི་ཤུ་ཐམ་པས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་པ་བླངས་ཡོད།
ཤྲཱི་ལངྐའི་ནང་གི་ཤྲཱི་གོ་ཏཱ་མི་ཆོས་ཚོགས་ཀྱི་འགན་འཛིན་དགེ་སློང་མ་ཀུ་སུ་མཱ་དེཝེནྡྲའི་ Kusuma Devendra གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “གནས་བརྟན་སྡེ་པའི་དགེ་སློང་མ།”
ཕྱི་ལོ་ ༡༠༡༧ ཡེ་ཤུ་དུས་སྐབས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་ཆད་པ་ནས་བཟུང་། ཤྲཱི་ལངྐའི་བུད་མེད་རྣམས་ཀྱི་སྡོམ་པ་བཅུ་ལྡན་གྱི་བཙུན་མར་འབའ་ཞིག་ཏུ་རབ་ཏུ་བྱུང་ཡོད། ཕྱི་ལོ་ ༡༩༩༦ ལོར་ཤྲཱི་ལངྐའི་བུད་མེད་རྣམས་ཀྱི་ཆེད་དགེ་སློང་མའི་སྡོམ་རྒྱུན་དང་པོ་དེ་ཇོ་རྒྱེ་ Jogye ཆོས་རྒྱུད་ཀྱི་ཀོ་རི་ཡའི་ཆོས་སྲུང་སྡེ་པའི་དགེ་འདུན་གྱི་དྲུང་ནས་སཱར་ནཱཐར་ Sarnath སླར་གསོ་ཐོག་མ་དེ་བྱུང་། ཤྲཱི་ལངྐའི་དགེ་སློང་ཕ་རྣམས་ཀྱིས་སྡོམ་རྒྱུན་དེ་ལུགས་མཐུན་དུ་ངོས་འཛིན་བྱས་པ་དང་། དེ་རྗེས་ཤྲཱི་ལངྐའི་དགེ་སློང་མ་བཅུས་ཆོས་སྲུང་སྡེ་པའི་སྡོམ་པ་བཟུང་བ་དང་མཉམ་དུ་གནས་བརྟན་སྡེ་པའི་འདུལ་གཞུང་ཉམས་ལེན་གནང་ཡོད། ཕྱི་ལོ་ ༡༩༩༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཐེ་ཝན་གྱི་དགེ་སློང་ཕའི་དྲུང་ནས་སྡོམ་པ་བཅུ་ལྡན་གྱི་ཤྲཱི་ལངྐའི་བཙུན་མ་ཉི་ཤུར་ཆོས་སྲུང་སྡེ་པའི་དགེ་འདུན་གྱི་སྡེ་རྐྱང་པའི་ཐོག་ནས་དགེ་སློང་མའི་སྡོམ་པ་གནང་བའི་རྗེས་སུ་གནས་བརྟན་སྡེ་པའི་དགེ་སློང་ཕས་སཱར་ནཱཐའི་དགེ་འདུན་རྐྱང་པའི་དགེ་སློང་མའི་སྡོམ་པ་བསྐྱར་ནོད་མཛད། ད་ཆ་ཕྱི་ལོ་ ༢༠༠༧ ལོར་ཤྲཱི་ལངྐའི་ནང་ཐེ་ཝན་ནང་ནས་སྡོམ་པ་བླངས་པའི་དགེ་སློང་མ་ལྔ་བརྒྱ་ལྷག་ཡོད་པ་དང་དགེ་འདུན་གཉིས་ཚོགས་ནང་ཤྲཱི་ལངྐ་དགེ་སློང་ཕ་མ་གཉིས་གཏོགས་ཡོད། སྔར་སྲོལ་དགའ་ཞེན་ཅན་གྱི་ཤྲཱི་ལངྐའི་དགེ་སློང་ཕ་འགའ་ཞིག་གིས་ཆོས་སྲུང་སྡེ་པའི་སྡོམ་རྒྱུན་དེ་ཐེག་ཆེན་གྱི་སྡོམ་རྒྱུན་ཡིན་པར་དགག་པ་བྱེད་པར་གཞི་མེད། ཤྲཱི་ལངྐའི་སྲིད་འཛིན་བཀུར་འོས་སྐུ་ཞབས་མཱ་ཧཱིནྡྲ་རཱ་ཇཱ་པག་སཱ་ Mahindra Rajapaksa མཆོག་གིས་སྡོམ་རྒྱུན་དེ་ངོས་འཛིན་གནང་བ་དང་ད་ཆ་དེར་གཞུང་ཕྱོགས་ནས་རྒྱབ་སྐྱོར་ཐོབ་ཡོད།
ཐེ་ཝན་གྱི་གྲོང་ཁྱེར་ཀའོ་ཤིའུང་ Kaohsiung དུ་རྟེན་གཞི་བྱས་པའི་ཧྥོ་གུའང་ཤཱན་ Fo Guang Shan དགོན་པའི་ལྷོ་ཨེ་ཤི་ཡ་དང་གནས་བརྟན་སྡེ་པའི་ནང་ཆོས་ཀྱི་འབྲེལ་མཐུད་པ་དགེ་སློང་མ་ཆུའེ་མེན་ Chuehmen གྱི་གསུང་བཤད་་ཕྱོགས་བསྡོམས།
བརྗོད་གཞི། “དགེ་སློང་མའི་སྡོམ་པ་ལེན་པའི་ཐོབ་ཐང་ཐད་ང་ཚོའི་ཉམས་མྱོང་སྤེལ་རེས།”
ཧྥོ་གུའང་ཤཱན་རྒྱུད་པ་དེ་ནི་ཐེ་ཝན་དུ་ཕྱི་ལོ་ ༡༩༦༧ ལོར་གསར་འཛུགས་ཞུས། ལོ་སེ་ཨེན་ཇཱ་ལེ་སེའི་ Los Angeles ནང་གི་ཤི་ལཱའི་ Hsi Lai ལྷ་ཁང་ནང་ཕྱི་ལོ་ ༡༩༨༨ ལོ་དང་། གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༡༩༩༨། ཕྱི་ལོ་ ༢༠༠༠ ལོར་ཐེ་ཝན་བཅས་སུ། རྒྱུད་པ་འདིའི་དགེ་སློང་ཕ་མ་རྣམས་ཀྱིས་གནས་བརྟན་སྡེ་པ་དང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་བཙུན་མ་རྣམས་ལ་གཉིས་ཚོགས་ཀྱི་ཐོག་ནས་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་གནང་ཡོད། དེ་ནི་རྒྱུད་པ་བྱེ་བྲག་པ་ཞིག་གི་ཐོག་ནས་བསམ་བློ་གཏོང་རྒྱུའི་ཚབ་ཏུ་ནང་ཆོས་དང་འདུལ་བའི་ཐོག་ནས་བཏང་ན་དགེ་མཚན་ཆེ་བ་ཡོད། སངས་རྒྱས་ཀྱི་སྐུ་དུས་སུ། གནས་བརྟན་སྡེ་པ་དང་། ཆོས་སྲུང་སྡེ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ལྟ་བུའི་རྒྱུད་པ་དང་ཆོས་རྒྱུད་ཀྱི་སྡེ་ཚན་གྱི་དབྱེ་འབྱེད་མེད། རྒྱུད་པ་འདི་གསུམ་གྱི་བསླབ་ཁྲིམས་རྣམས་ལ་ཁྱད་པར་ཅུང་ཟད་ཡོད་ནའང་ཚང་མ་ཁུངས་ལྡན་ཡིན་ཅིང་ནོར་བ་གཅིག་ཀྱང་མེད། དེར་བརྟེན་ཁྱད་པར་དེ་དག་གི་ཐོག་ནས་དགེ་སློང་མའི་སྡོམ་རྒྱུན་འགོག་རྒྱུ་མེད།
ཨོ་སི་ཊྲེ་ལི་ཡའི་གྲོང་ཁྱེར་མ་ནུ་ཀའི་ Manuka ས་སྐྱ་རྒྱལ་སྤྱིའི་ནང་པའི་ཤེས་ཡོན་གཙུག་ལག་སློབ་ཁང་གི་འགན་འཛིན་བླ་མ་ཆོས་གྲགས་རིན་པོ་ཆེའི་གསུང་བཤད་ཕྱོགས་བསྡོམས།
བརྗོད་གཞི། “ཕྱི་ལོ་ ༢༠༠༣ ཟླ་ ༡༠ ནང་ཨོ་སི་ཊྲེ་ལི་ཡའི་ཁེན་སྦེ་ར་ Canberra རུ་ཚོགས་པའི་བོད་རིགས་བཙུན་མས་སྣེ་ཁྲིད་པའི་དགེ་སློང་མའི་སྡོམ་པ་འབོག་འཇོག་སྐབས་དང་པོ་སྐོང་འཚོགས་དང་སྦྱིན་བདག་བྱེད་པའི་ཆ་ནས་བོད་པའི་ནང་བསྟན་སློབ་དཔོན་གྱི་ཉམས་མྱོང་།”
ཕྱི་ལོ་ ༢༠༠༣ ལོར་ཝི་ཏི་ནམ་གྱི་དགེ་སློང་ཕ་མ་གཏོགས་པའི་ཨོ་སི་ཊྲེ་ལི་ཡའི་ཁེན་སྦེ་ར་ནས་སློབ་དཔོན་ལྷན་ཚོགས་ཤིག་གིས་བུད་མེད་དགུར་ཆོས་སྲུང་སྡེ་པའི་གཉིས་ཚོགས་ཀྱི་དགེ་སློང་མའི་སྡོམ་པ་གནང་། དེ་ག་ནང་བཞིན་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བོད་རིགས་བཙུན་མ་རྣམས་ལ་ཆོས་སྲུང་སྡེ་དགེ་འདུན་གཉིས་ཀྱི་སྡོམ་པ་ནོད་ཕྱིར། རྒྱ་གར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གི་རོགས་མགོན་འོག་དགེ་སློང་མའི་སྡོམ་པ་གནང་མཁན་གྱི་སློབ་དཔོན་ལྷན་ཚོགས་ཤིག་འཛུགས་ཐུབ་ན་དགེ་མཚན་ཆེན་པོ་ཡོད། དེ་བཞིན་༸གོང་ས་མཆོག་ནས་དེར་གནང་བ་སྩལ་ན་དེ་བས་ཕན་རླབས་ཆེ།
ཕྱི་དྲོའི་བགྲོ་གླེང་། ཉིན་གཉིས་པ།
རྒྱ་གར་ནང་གི་བོད་པའི་བཙུན་དགོན་ཁག་གི་བཙུན་མ་ཚོས་འདུལ་བའི་གཞུང་གཞི་ལ་བཞག་སྟེ་སྡོམ་པ་འབོག་ཕྱོགས་ཡང་དག་པ་ཞིག་ཡིན་ཕྱིན་ཆད། དགེ་འདུན་རྐྱང་པའི་སྡེས་གཞི་སྨྲའི་ལུགས་ཀྱི་སྡོམ་པ་འབོག་པར་མགྲིན་དབྱངས་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་ཚོས་འགྲེལ་བརྗོད་བྱེད་གསལ། འདུལ་བའི་སྲོལ་རྒྱུན་གཞན་ལ་ནོངས་པ་མེད་ནའང་། གཞི་སྨྲའི་ལུགས་ཀྱི་སྡོམ་པ་ཐོབ་ན་མ་མཐར་སྔར་སྲོལ་ལ་དགའ་ཞེན་ཅན་གྱི་ཕྱོགས་གཏོགས་ཀྱིས་ཁོང་ཚོར་དགག་པ་མི་བྱེད་པར། བོད་པའི་སྤྱི་ཚོགས་ནང་ཁོང་ཚོའི་གནས་བབས་ལ་ཁས་ལེན་དང་མཉམ་སྡེབ་ཡོང་ཐུབ་ཀྱི་ཡོད། བཙུན་མ་ཚོས་ནང་ཆོས་སློབ་གཉེར་གཏིང་ཕྱིན་པ་བྱེད་འདོད་པ་དང་ལྷག་པར་དུ་དགེ་བཤེས་མའི་ཤེས་ཡོན་དང་མཚན་གནས་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། དེའི་ཕྱིར་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་དགོས་མཁོ་ཆེན་པོ་ཡོད། གང་ཡིན་ཞེ་ན། དེ་ལ་བརྟེན་ནས་ཁོང་ཚོས་གཞི་སྨྲའི་ལུགས་ཀྱི་འདུལ་གཞུང་ལ་ཐོས་བསམ་སློབ་གཉེར་བྱེད་ཐུབ་ཀྱི་ཡོད། སྤྱིར་བཏང་འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོ་གནད་དོན་དེ་གལ་ཆེན་པོ་ཡིན་ནའང་། ཁོང་ཚོའི་སྐབས་འདིར་འབྲེལ་མེད་པ་ཚོར་གྱི་ཡོད། གནད་དོན་གཙོ་བོ་ནི་དགེ་སློང་མའམ་དགེ་བཤེས་མའི་གོ་གནས་ཇི་ལྟར་འཐོབ་རྒྱུ་དེ་མ་ཡིན་པར། ཐབས་ལམ་ཡག་ཤོས་ལ་བསྟེན་ནས་རང་སེམས་ཇི་ལྟར་འདུལ་རྒྱུ་དེ་ཡིན། ཆོས་རིག་ལྷན་ཁང་གིས་བཙུན་མ་ཚོས་གཞི་སྨྲའི་ལུཌ་ཀྱི་དགེ་སློང་མའི་འདུལ་གཞུང་སློབ་གཉེར་བྱ་རྒྱུར་ཆོག་མཆན་དང་གྲ་སྒྲིག་གནང་ཡོད་ཀྱང་། བསླབ་པ་རྒན་གྲས་ཀྱི་དགེ་སློང་ཕ་རྣམས་ཀྱིས་དགེ་སློང་མའི་སྡོམ་རྒྱུན་སྔོན་དུ་མ་སོང་བར་སློབ་གཉེར་བྱེད་མི་ཆོག་པའི་བསླབ་ཁྲིམས་གཞུང་གི་ནང་བཀོད་པ་དེར་བརྩི་བཀུར་དགོས་པར་ནན་བརྗོད་བྱེད་ཀྱི་ཡོད།
༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་ནས། གང་གི་སྐུ་ཚེའི་རིང་དགེ་སློང་མའི་སྡོམ་རྒྱུན་གྱི་གནད་དོན་དེ་སེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས་ཡོད། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་བསླབ་པའི་ཐོག་ནས་སྲོལ་རྒྱུན་གྱི་དཔེ་གཞུང་ལ་ལྟོས་དགོས་པ་དང་མངོན་གསལ་དོད་པའི་འགལ་ཟླ་ཅན་གྱི་གསུང་རྣམས་རིག་པས་བརྡར་ཤ་བཅད་ནས་ཐག་གཅོད་དགོས་སྐོར་གསུང་གི་ཡོད། དེར་བརྟེན་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གཅིག་པུ་དེ་ནི་གཞི་སྨྲའི་ལུགས་ཀྱི་འདུལ་བའི་གཞུང་ནང་གི་ཁུངས་ལྡན་གྱི་གསུང་དང་བགྲོ་གླེང་གི་ཐོག་ནས་དེ་དག་གི་འགྲེལ་བཤད་མ་ནོར་བ་བཀྲལ་ནས་ཐག་གཅོད་བྱ་རྒྱུ་དེ་ཡིན། དེ་ཡང་བོད་པའི་དགོན་སྡེ་ཁག་གི་སྲོལ་རྒྱུན་དང་སེམས་ཁམས་ལ་གཞིགས་ནས་ནང་ཁུལ་བགྲོ་གླེང་བྱས་ཏེ་ཐག་གཅོད་དགོས། གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པ་དང་དེའི་ཐབས་ལམ་ཐད་ཨེ་ཤི་ཡའི་ནང་པའི་སྲོལ་རྒྱུན་གྱི་དགོན་སྡེའི་རྒན་རབས་པ་རྣམས་ཀྱི་མོས་མཐུན་དགོས་ཀྱི་མེད་ནའང་། ༸གོང་ས་མཆོག་གིས་མཐའ་མའི་ཐག་གཅོད་གང་བྱུང་ནའང་སྲོལ་རྒྱུན་དེ་དག་གིས་གུས་བརྩི་བྱེད་དགོས་རྒྱུ་གལ་འགངས་ཆེན་པོར་དགོངས། ཝི་ཊི་ནམ་གྱི་དགེ་སློང་ཕ་ཐིག་ཁུའང་སྦ་ Thich Quang Ba མཆོག་གིས། གལ་སྲིད་བོད་རིགས་ཚོས་རང་ཉིད་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱས་ན། རང་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་མ་ཐུབ་པའི་གནས་བརྟན་སྡེ་པའི་ལུང་པ་ཁག་གིས་དེའི་རྗེས་སུ་འབྲང་རྒྱུ་སྟབས་བདེ་བ་ཡོང་སྲིད་སྐོར་ཁ་སྣོན་མཛད།།