དགེ་སློང་མའི་ཚོགས་འདུའི་གསུང་བཤད་ཕྱོཌ་བསྡོམས། ཉིན་གསུམ་པ།

སྐད་ཡིག་གཞན།

ཞོགས་པའི་ཚོགས་དུས། ཉིན་གསུམ་པ། དགའ་བསུའི་གསུང་བཤད་དང་གསུང་བཤད་སྙིང་དོན།

དགའ་བསུའི་གསུང་བཤད།

གསུང་བཤད་གནང་མཁན། འཇར་མན་ཧམ་བྷུརྒ་གི་རང་དབང་དང་ཧཱན་སི་ཨ་ཊིག་ Free and Hanseatic གྲོང་ཁྱེར་ནང་གི་ཚན་རིག་དང་ཉམས་ཞིབ་སྡེ་ཚན་གྱི་མངའ་སྡེ་ལྷན་ཚོགས་ཀྱི་འཐུས་མི་འབུམ་རམས་པ་རོ་ལེནྜ་སལ་ཆོའོ་ Roland Salchow ལགས།

འཇར་མན་གྱི་བྱང་ཨེལ་བི་ཨན་ Elbian ཡེ་ཤུ་ཆོས་ལུགས་གསར་མའི་ལྷ་ཁང་ཏུ་རྟེན་གཞི་བྱས་པའི་ལུ་ཐེ་རན་ Lutheran ལྷ་ཁང་གི་བུད་མེད་བི་ཤོབ་ Bishop དང་པོ་མ་རི་ཡཱ་ཇེབ་སེན་ Maria Jepsen གྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “བུད་མེད་དང་ཆོས་ལུགས། ཆོས་ལུགས་ཁྲོད་བུད་མེད་ཀྱི་འཇོན་ཐང་།”

དུས་རབས་མང་པོའི་རིང་ཡེ་ཤུའི་ཆོས་ལུགས་ཁྲོད་བུད་མེད་ཚོས་གྲལ་རིམ་གཉིས་པའི་གནས་བབས་ཤིག་བཟུང་ཡོད་ནའང་། དུས་རབས་ཉི་ཤུ་ཐམ་པའི་ནང་དེར་འགྱུར་ལྡོག་བྱུང་ཡོད། སྤྱིར་བུད་མེད་རྣམས་ཀྱི་གནས་སྟངས་ཡར་རྒྱས་ཕྱིན་པ་ནི་རྐྱེན་མང་པོ་ཞིག་ལ་ལྟོས་ནས་ཡོད་དེ། བུད་མེད་ཀྱི་ཤེས་ཡོན་ཡར་རྒྱས་སོང་བ་དང་། བཟོ་ལས་གསར་བརྗེ་ལ་བརྟེན་ནས་ཁྱིམ་ཚང་གི་མཁོ་ཆས་བསྐྲུན་ཏེ་བུད་མེད་ཚོར་དུས་ཚོད་སྟོང་པ་མང་བ་ཐོབ་པ། སྲོལ་རྒྱུན་དུ་སྐྱེས་པས་བཟུང་ནས་ཡོད་པའི་ལས་གནས་རྣམས་འཛམ་གླིང་གི་དམག་ཆེན་གཉིས་ཀྱི་སྐབས་བུད་མེད་ཚོ་དགོས་གལ་ཆེ་བར་གྱུར་བ། མོ་ཆོས་རིང་ལུགས་ཀྱི་ལས་འགུལ་སོགས་ལ་བརྟེན་ནས་ཡོད། དེ་ལྟར་ཡར་རྒྱས་ཕྱིན་པའི་གནས་སྟངས་དེ་ཆོས་ལུགས་ཀྱི་ཁྱབ་ཁོངས་སུའང་རྒྱ་སྐྱེད་སོང་། སྲོལ་རྒྱུན་དུ་བུད་མེད་རྣམས་ཀྱི་ཕྲུ་གུ་ཚོར་ཉལ་བའི་སྐབས་ཡེ་ཤུའི་གསུང་རབ་ཀྱི་སྒྲུང་ལས་སླ་པོ་དེ་འདྲ་བཤད་ནས་བུ་ཕྲུག་ཚོའི་སེམས་ནང་ཆོས་ཀྱི་ས་བོན་འདེབས་མཁན་ཡིན།

བུད་མེད་ལུ་ཐེ་རན་བི་ཤོབ་ Lutheran bishop དང་པོ་ཡིན་པའི་ཆ་ནས། ལུ་ཐེ་རན་འདུས་སྡེ་དང་གསར་འགོད་ལས་རིགས་ཀྱི་ཁོངས་མི་རྣམས་ཀྱི་ཁྲོད་ནས་ང་ལ་དོགས་པ་དང་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་། མ་གཞི་མང་པོ་ཞིག་གིས་ཡེ་ཤུའི་ཆོས་ལུགས་ཉམས་རྒུད་འགྲོ་དོགས་ཀྱིས་འཇིགས་ནའང་། རྐྱེན་ངན་དེ་འདྲ་བྱུང་མེད། ཆོས་ལུགས་གཞན་གྱིས་ང་ཚོར་ཁས་མི་ལེན་པར་རྩིས་མེད་བཏང་མེད། བུད་མེད་ཚོས་སྐྱེས་པ་དང་ལས་དོན་གཅིག་མཚུངས་བསྒྲུབས་ནས། ཆོས་ཀྱི་གྲུ་གཟིངས་ནམ་ཡང་ནུབ་མི་སྲིད།

བུད་མེད་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་སྐྱེས་པ་དང་གཅིག་མཚུངས་མཉམ་ཞུགས་བྱེད་པར་འགོག་རྐྱེན་བཟོ་མཁན་གཙོ་བོ་ནི་སྐྱེས་པ་རྣམས་མ་ཡིན་པར། འཇིགས་སྣང་དང་སྟོབས་ཤུགས་ཀྱིས་ཤུགས་སྣོན་བྱས་པའི་སྲོལ་རྒྱུན་གྱི་ཕྱོགས་རིས་ཡིན། འོན་ཀྱང་ང་ཚོས་སོ་སོའི་སེམས་ནང་དྲང་པོ་དྲང་གཞག་གིས་མཐིལ་ཕྱིན་པ་བལྟས་པ་ན། བུད་མེད་དང་སྐྱེས་པ་གཉིས་ཀ་དཀོན་ཅོག་གིས་བཟོས་པ་དང་། གཉིས་ཀ་དཀོན་ཅོག་གི་འཆར་སྣང་ཁྲོད་རང་རང་གི་ནུས་པ་དང་སྐྱེས་སྟོབས་ཀྱི་ཤེས་རབ་ལ་གཞིགས་ནས་བཟོས་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ། ཆོས་ལུགས་ནི་ཚན་རིག་ལྟ་བུའི་མཁས་པའི་ཁྱབ་ཡུལ་གཅིག་པུ་དེ་མ་ཡིན། དེའི་ཁྲོད་ཤེས་རབ་རྣོ་བ་དང་ཞན་པ། གཞོན་པ་དང་རྒན་པ། བུ་དང་བུ་མོ། སེར་མོ་བ་དང་སྐྱ་བོ་བཅས་ཚང་མས་མཉམ་སྤྱོད་བྱེད་ཀྱི་ཡོད། ལྷ་ཡུལ་དུ་མི་རྣམས་ཕོ་མོའི་རྟགས་ལས་ཁྱད་པར་མི་འབྱེད་པར་ཁོང་ཚོའི་བསམ་བློ་དང་། ངག །བྱ་སྤྱོད་བཅས་ཀྱི་ཐོག་ནས་འབྱེད་ཀྱི་ཡོད།

༸སྤྱི་ནོར་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “འགྲོ་བ་མིའི་ཐོབ་ཐང་དང་ནང་ཆོས་ནང་བུད་མེད་ཀྱི་གནས་བབས།”

གནའ་དུས་སུ་ཕོ་མོའི་ཁྱད་པར་ནི་ཧ་ལམ་དེ་ཙམ་གལ་ཆེན་པོ་མིན། འོན་ཏེ་སྲིད་དཔལ་རིག་གཞུང་དར་ཁྱབ་གོང་མཐོར་སོང་བ་དང་། སྤྱི་ཚོགས་རྣམས་རང་གི་དགྲ་བོའི་གནོད་འཚེ་ལས་སྲུང་སྐྱོབ་བྱེད་པར་སྟོབས་ཤུགས་དང་དབང་ཆས་རླབས་ཆེ་བའི་བྱེད་སྒོ་སྒྲུབ་ཀྱི་ཡོད། དེའི་མཇུག་འབྲས་སུ་སྐྱེས་པས་དབང་སྒྱུར་བྱས། གང་ལགས་ཞེ་ན། ཁོང་ཚོར་ལུས་ཀྱི་སྟོབས་ཤུགས་ཆེ་བ་ཡོད། དུས་ཕྱིས་སུ་ཤེས་ཡོན་དང་རྣམ་དཔྱོད་ཀྱི་རླབས་ཆེ་བའི་བྱེད་སྒོ་སྒྲུབ་ཅིང་། དེའི་ཆ་ནས་བུ་དང་བུ་མོར་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད། ད་ལྟའི་ཆར་རྩོད་རྙོག་འདུམ་སྒྲིག་དང་དཀའ་ངལ་ཐག་གཅོད་བྱེད་པར་བརྩེ་བ་དང་སེམས་པ་བཟང་པོས་གལ་ཆེའི་བྱེད་སྒོ་སྒྲུབ་ཀྱི་ཡོད། ཁྱད་ཆོས་དེ་གཉིས་ནི་ཤེས་ཡོན་དང་རྣམ་དཔྱོད་བེད་སྤྱོད་བྱེད་པ་དང་དེ་དག་ངན་ཕྱོགས་སུ་མི་འགྲོ་བར་དགོས་ངེས་ཅན་ཞིག་ཡིན། དེས་ན། བུད་མེད་རྣམས་ཀྱིས་ལུས་པོའི་གྲུབ་ཆའི་ཐོག་ནས་ཕལ་ཆེར་དེའི་ཐད་རླབས་ཆེ་བའི་བྱེད་སྒོ་སྒྲུབ་དགོས་པ་དང་། བརྩེ་བ་དང་སེམས་པ་བཟང་པོ་ཡར་རྒྱས་གཏོང་བར་བུ་ལས་རང་བཞིན་གྱིས་ནུས་པ་ཆེ་བ་ཡོད། དེ་ནི་ཁོང་ཚོའི་མངལ་ནང་བུ་ཕྲུག་གཅེས་ཉར་བྱེད་པ་དང་རྩ་བའི་ཆ་ནས་བཙས་མ་ཐག་པའི་བྱིས་པར་ལྟ་རྟོག་བྱེད་པའི་ཐོག་ནས་ཡོང་གི་ཡོད།

སྐྱེས་པ་རྣམས་ཕྱི་ལུས་ཀྱི་ཐོག་ནས་དྲག་ཤུལ་ཅན་གྱི་སྤྱོད་ཚུལ་རྩོམ་པར་ཆ་རྐྱེན་ལེགས་པ་ཡོད་སྟབས། སྲོལ་རྒྱུན་དུ་དམག་འཁྲུག་ནི་རྩ་བའི་ཆ་ནས་སྐྱེས་པ་ཚོས་བྱེད་ཀྱི་ཡོད། ཕྱོགས་གཞན་ཐད་ནས་བུད་མེད་རྣམས་རང་བཞིན་གྱིས་བྱམས་སྐྱོང་ཆེ་བ་དང་གཞན་གྱི་མི་བདེ་བ་དང་སྡུག་བསྔལ་ལ་སེམས་ཚོར་ཆེ་བ་ཡོད། བུ་དང་བུ་མོ་རྣམས་ལ་དྲག་སྦྱོར་དང་སེམས་པ་བཟང་པོ་བྱེད་པའི་ནུས་པ་གཅིག་པ་ཡོད་ནའང་། དེ་གཉིས་མངོན་དུ་འགྱུར་ཕྱོགས་ཐད་མྱུར་ལོས་ཀྱི་ཁྱད་པར་ཡོད། དེས་ན་ཅི་སྟེ་འཛམ་གླིང་ནང་འགོ་ཁྲིད་མང་ཆེ་བ་བུད་མེད་ཡིན་ན། ཕལ་ཆེར་དམག་འཁྲུག་ཉུང་བ་དང་གོ་ལ་ཧྲིལ་པོར་སེམས་འཁུར་བྱེད་པའི་ཐོག་ལ་གཞི་བཞག་པའི་མཉམ་ལས་ཚགས་ཚུད་པ་ཡོང་སྲིད། འོན་ཀྱང་བུད་མེད་ཁ་ཤས་ལ་ཁག་པོ་ཆགས་རྒྱུ་ཡིན་པ་བརྗོད་མི་དགོས། ངས་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་རྣམས་ལ་རྗེས་སུ་ཡི་རངས་ཞུ་གི་ཡོད། འོན་ཀྱང་ཁྱེད་རང་ཚོས་སྐད་འབོད་ཙམ་བྱས་ནས་མ་བསྡད་པར། སྤྱི་ཚོགས་ནང་བཟང་ཕྱོགས་ནས་ལེགས་སྐྱེས་འབུལ་བར་འབད་བརྩོན་སྟེན་དགོས།

སྐབས་རེ་ཆོས་ལུགས་ནང་སྐྱེས་པའི་གལ་གནད་ཐོག་ནན་བརྗོད་བྱེད་པ་དེ་འདྲ་ཡོད། འོན་ཀྱང་ནང་ཆོས་ནང་དགེ་སློང་ཕ་མའི་སྡོམ་པ་སྟེ་སྡོམ་པ་ཆེས་མཐོ་ཤོས་དེ་གཉིས་གཅིག་གྱུར་ཡིན་ཅིང་ཐོབ་ཐང་གཅིག་མཚུངས་ལྡན་ཡོད། དེ་ལྟར་ནའང་སྤྱི་ཚོགས་ཀྱི་གོམས་སྲོལ་གྱིས་རྐྱེན་པས་ཆོ་ག་འགའ་ཞིག་ནང་དགེ་སློང་ཕ་རྣམས་སྔོན་དུ་སྐྱོད་དགོས་ཀྱི་ཡོད། འོན་ཀྱང་སངས་རྒྱས་ཀྱིས་དགེ་འདུན་གྱི་སྡེ་གཉིས་ཀར་གཞི་རྩའི་ཐོབ་ཐང་གཅིག་པ་གནང་ཡོད། དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་དང་མི་བྱེད་གོ་བསྡུར་བྱེད་པར་སྙིང་པོ་མེད། གནད་འགག་ནི་འདུལ་བའི་གཞུང་གཞི་ལ་བཞག་སྟེ་སླར་གསོ་ཡང་དག་པ་ཞིག་ཇི་ལྟར་བྱེད་དགོས་མིན་དེ་ཡིན།

མཁན་ཆེན་ཞི་བ་འཚོས་བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་ཕའི་སྡོམ་རྒྱུན་སྲོལ་གཏོད་མཛད་ཡོད། འོན་ཀྱང་ཁོང་གི་ཕྱག་རོགས་རྒྱ་གར་བ་ཚང་མ་སྐྱེས་པ་ཡིན་པ་དང་། དགེ་སློང་མའི་སྡོམ་པ་འབོག་འཇོག་ལ་དགེ་འདུན་གཉིས་ཚོགས་དགོས་པས། ཁོང་གིས་དགེ་སློང་མའི་སྡོམ་རྒྱུན་སྤེལ་ཐུབ་མེད། ཕྱིས་སུ་བོད་པའི་བླ་མ་ཁག་ཅིག་གིས་སོ་སོའི་ཨ་མར་དགེ་སློང་མའི་སྡོམ་པ་གནང་ཡོད། འོན་ཀྱང་འདུལ་བའི་ལྟ་ཚུལ་གྱི་ཐོག་ནས་བཤད་ན། དེ་དག་ནི་སྡོམ་པ་ཁུངས་ལྡན་ཞིག་ཆགས་ཀྱི་མེད། བཙུན་པའི་དགོན་པ་ལྟར་བཙུན་དགོན་མང་ཆེ་བའི་ཤེས་ཡོན་གྱི་ཚད་མཐོ་རུ་གཏོང་དགོས་པའི་གནས་སྟངས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ངོས་ཀྱི་སེམས་ནང་ཡོད། ངས་བཅད་ཁྲིམས་ལྟ་བུ་བཟོས་ནས་ད་ཆ་ང་ཚོའི་བཙུན་མའི་ནང་མཁས་དབང་དུ་མ་ཡོད། འོན་ཀྱང་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར། ང་གཅིག་པུས་གང་ཡང་བྱེད་མི་ཐུབ། དེ་ངེས་པར་དུ་འདུལ་བའི་གཞུང་དང་བསྟུན་ནས་ཐག་གཅོད་བྱེད་དགོས།

དགེ་སློང་མའི་སྡོམ་རྒྱུན་བཞུགས་པའི་ཡུལ་རྒྱ་ནག་དང་། ཀོ་རི་ཡ། ཝི་ཏི་ནམ་ལྟ་བུའི་ནང་པའི་སྲོལ་རྒྱུན་རྣམས་དང་ལྷན་དུ་གནད་དོན་དེའི་ཐོག་ད་ཆ་ང་ཚོར་གོ་བསྡུར་ལྷུག་པོ་བྱ་རྒྱུའི་གོ་སྐབས་ཡོད། བོད་པའི་བུད་མེད་ཉི་ཤུ་ལྷག་ཙམ་གྱིས་ཆོས་སྲུང་སྡེ་པའི་སྲོལ་རྒྱུན་གཞིར་བཟུང་ཁོང་ཚོ་དང་ལྷན་དུ་དགེ་སློང་མའི་སྡོམ་པ་བླངས་ཟིན། སུ་གཅིག་གིས་ཀྱང་ཁོང་ཚོ་དགེ་སློང་མ་མ་རེད་ཅེས་ཁས་མི་ལེན་མཁན་མེད།

འདས་པའི་ལོ་སུམ་ཅུའི་རིང་། ང་ཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་ཆོས་སྲུང་སྡེ་པའི་འདུལ་བའི་གཞུང་ལ་ཞིབ་འཇུག་གོ་སྒྲིག་ཞུས་ཡོད། འདུལ་བའི་གཞུང་ནི་ལེགས་སྦྱར་གྱི་སྐད་དང་པཱ་ལི་སྐད་གཉིས་ཀའི་ནང་བཞུགས་ཡོད་སྟབས། འདུལ་བའི་སྲོལ་རྒྱུན་ཆེ་ཁག་གསུམ་གྱི་བསླབ་པ་རྒན་པའི་དགེ་འདུན་རྣམས་འཛོམས་ནས་གནས་ཚུལ་གོ་བསྡུར་དང་ཉམས་མྱོང་སྤེལ་རེས་བྱས་ན་ཕན་ཐོགས་ཆེན་པོ་འདུག །ཤྲཱི་ལངྐའི་ནང་སྔ་ས་ནས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཟིན་པ་དང་། དེ་དང་གཅིག་མཚུངས་ཤིག་ཐེ་ལན་ཌིའི་ནང་སྤེལ་རྒྱུར་དོ་སྣང་ཆེན་པོ་ཡོད། ད་དུང་ང་ཚོས་ཉམས་ཞིབ་གཏིང་ཕྱིན་པ་བྱས་ན། སྔོན་མ་མཁན་ཆེན་ཞི་བ་འཚོས་གནང་མ་ཐུབ་པའི་གནད་དོན་དེ་ཉིན་གཅིག་ང་ཚོས་མངོན་འགྱུར་ཡོང་བ་བྱེད་ཐུབ། འོན་ཀྱང་ངོས་རང་མི་གཅིག་ཡིན་པའི་ཆ་ནས། གནད་དོན་དེ་ཐག་གཅོད་བྱེད་པའི་ནུས་པ་མེད། དེ་ལྟར་བྱས་ན་འདུལ་བའི་བསླབ་པ་དང་མི་མཐུན་པ་ཆགས་ཀྱི་ཡོད། ངས་གང་བྱེད་ཐུབ་པ་ནི་ཞིབ་འཇུག་དེ་རིགས་སྣེ་ཁྲིད་བྱེད་ཐུབ།

Top