ཏུ་ཝའི་(Tuva) ནང་གི་སུའུ་ལེན་སྔོན་གྱི་ནང་ཆོས་ལོ་རྒྱུས།

སྐད་ཡིག་གཞན།

ཏུ་ཝ་ངོ་སྤྲོད།

ཏུ་ཝ་(Tuva, ཐང་ནུ, Mong. Uriankhai) ལ་བོད་སྐད་དུ་ཐང་ནུ་ཟེར་ཞིང་། དེ་ནི་རུ་སུའི་ས་ཡེ་བྷེ་རི་ཡའི་ (Siberia) ནང་རང་སྐྱོང་གི་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན། དེ་ཡང་ནུབ་སོག་ཡུལ་གྱི་བྱང་ངོས་སུ་ཡོད་པ་དང་དེ་ནི་ནུབ་ཨལ་ཏའི་ (Altai) ས་ཁུལ་གྱི་ས་མཚམས་ཁེལ་གྱི་ཡོད། དེ་ཡང་ཡེ་ནི་སིའི་ཆུ་བོའི་ (Yenisei River) ཐག་རིང་ལྷོའི་ཕྱོགས་སུ་ཡོད་པ་རེད། ཏུ་ཝན་གྱི་མི་རིགས་ནི་སོག་པོའི་མི་མིན་པར། ཏུར་ཀིའི་མི་རིགས་ཡིན་པ་རེད། དེར་བརྟེན་ཁོང་ཚོ་ཨལ་ཏའི་དང་ཡུ་གུར་དང་ཁ་ཛཀ་མི་རིགས་དང་འབྲེལ་བ་ཆགས་ཀྱི་ཡོད། 

ཏུ་ཝའི་ནང་གི་ནང་ཆོས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཏུ་ཝའམ་ཐང་ནུའི་ནང་གི་གཏན་འཇགས་དགོན་པ་ཐོག་མ་དེ་ལ་ཁུ་རེའམ་གླིང་(Mong. küriyen / küriye) ཞེས་ཟེར་བ་དང་། དེ་ནི་ཕྱི་ལོ་ ༡༧༧༠ ཡས་མས་སུ་སོག་ཡུལ་དུ་ཡོད་པའི་དགོན་པ་ལ་དཔེ་བྱས་ནས་བཞེངས། དེ་ནི་ཕྱི་ལོ་ ༡༧༥༨ ནས་ ༡༩༡༡ བར་གྱི་དུས་སྐབས་ཡིན་ཞིང་། དེའི་སྐབས་ཏུ་ཝ་དེ་ཡང་སོག་ཡུལ་ནང་བཞིན་རྒྱ་ནག་མན་ཇུ་ཆིང་རྒྱལ་རྒྱུད་ཀྱི་མངའ་འོག་ཏུ་

ཡོད། དགོན་པ་དེ་དག་གཙོ་བོ་དགེ་ལུགས་པའི་ཆོས་བརྒྱུད་ཡིན་པ་དང་དེ་བཞིན་ཁོང་ཚོའི་སོག་ཡུལ་ནས་ཐད་ཀར་བྱུང་བའི་བོད་ཀྱི་ནང་པའི་ཆོས་སྲོལ་ཡིན་པ་རེད། འོན་ཀྱང་། དེའི་སྔོན་དུ་ཏུ་ཝ་དེ་སོག་པོ་ཨོ་རོད་ཇུན་གར་ཁ་ན་ཏའི་ (༡༦༣༤-༡༧༥༥) (Dzungarian Khanate)ཆ་ཤས་སུ་ཡིན་དུས་ནང་ཆོས་ཐོག་མར་ཏུ་ཝའི་ནང་དར་སྲོལ་བྱུང་ཡོད་སྲིད་པ་ཞིག་རེད། དེ་ག་ནང་བཞིན་སོག་པོ་ཨོ་རོད་རྣམས་ཀྱིས་ཀྱང་གཙོ་བོར་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་རྗེས་སུ་འབྲངས་ཡོད།

ཏུ་ཝའི་ནང་ཡོད་པའི་ཁུ་རེ་གཙོ་བོ་རྣམས་ནི། སྟོད་ཝེར་ཁི་ནི་ (Verkhniy) དང་སྨད་ནིཛ་ཉི། (Nizhnyi) དེ་བཞིན་དེང་དུས་ཀྱི་ཆ་དན་ (Chadan) འགྲམ་དུ་ཡོད་པའི་ཆ་དནྶ་ཀི་ཁུ་རེ་(Chadansky Khure) བཅས་ཡིན། མཁན་པོ་བླ་མ་ཞེས་སུ་གྲགས་པ་ནི་ཏུ་ཝའི་སྲོལ་རྒྱུན་གྱི་འཛིན་སྐྱོང་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་རེད། དེ་བཞིན་ཁོང་ནི་ཐད་ཀར་ཨུར་གྷར་ཡོད་པའི་བོག་དོ་གེ་གན་རྗེ་བཙུན་དམ་པ་ཧུ་ཐུཁ་ཏུའི་དབང་འོག་ཏུ་ཡོད་པ་རེད། འདི་ནི་བྷུརྱ་ཏིའི་པནྜི་ཏ་མཁན་པོ་བླ་མ་དང་ཛཱར་གྱིས་དབང་སྒྱུར་བྱས་པའི་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ཁལ་མུག་ཚོའི་བླ་མ་འགོ་ཁྲིད་ཀྱི་གོ་གནས་ལས་གང་ཙམ་གྱི་མི་འདྲ་བ་ཡིན་པ་དང་བོག་དོ་གེ་གན་དག་དང་འབྲེལ་བ་མེད་པ་རེད། 

ཕྱི་ལོ་ ༡༩༡༤ ལོར་ཁུ་རེ་ ༢༨ ཡོད། གལ་ཏེ་ཆུང་བ་རྣམས་བརྩིས་ན། ཁྱོན་བསྡོམས་ནས་ཁུ་རེ་ ༤༤ ཡོད་པ་དང་དེ་དག་གི་ནང་བླ་མ་དང་ཁུ་རེའི་སློབ་ཕྲུག་ (ཁུ་རེའི་ནང་སྡོད་པ་དང་གྲྭ་ཆས་གྱོན་མཁན་གྱི་དགེ་ཕྲུག) བཞི་སྟོང་ཙམ་ཡོད་པ་རེད། ཁུ་རེའི་སློབ་ཕྲུག་ནང་གི་ཕྱེད་ཀ་ཙམ་ནི་གྲྭ་པ་མིན་པར་གྲོང་རྡལ་ཁག་གི་ནང་དུ་གནས་པའི་མི་སྐྱ་རྣམས་ཡིན་པ་རེད། ཁོང་ཚོ་ཁུ་རེའི་ནང་གྲྭ་པ་ཚོ་དང་མཉམ་དུ་ཆོ་ག་དང་དུས་ཆེན་སྐབས་སུ་མཉམ་བཞུགས་བྱེད་ཀྱི་ཡོད། ཁུ་རེ་དེ་དག་ཐམས་ཅད་ནི་དགེ་ལུགས་ཡིན་པ་རེད། གྲྭ་པ་ཚོས་ཆོ་གའི་སྐབས་སུ་བོད་ཀྱི་གྲྭ་ཆས་གྱོན་པ་དང་ཕྱི་ལོགས་སུ་སོག་པོའི་ལུགས་ཀྱི་དིལ་ཟེར་བའི་ཕྱུ་པ་དེ་གྱོན་སྲོལ་ཡོད། དགེ་བསྙེན་དང་། དགེ་ཚུལ། དགེ་སློང་རྣམས་ནི་ཆང་ས་རྒྱག་ཟིན་པ་རེད། འགའ་ཞིག་ནི་དགེ་སློང་ཆགས་ཟིན་པའི་རྗེས་སུའང་ཆང་ས་རྒྱག་གི་ཡོད། 

ཆ་དནྶ་ཀིའི་ཁུ་རེ་ (Chadansky Khure) གཉིས་ཁོ་ནའི་ནང་ཤེས་ཡོན་ཚད་ལྡན་གྱི་གྲྭ་པ་རྣམས་ཡོད་པ་དང་དེ་དག་ལས་ཡག་ཤོས་རྣམས་སོག་ཡུལ་དང་བོད་དུ་མུ་མཐུད་ནས་སློབ་གཉེར་སྦྱོང་བརྡར་ཆེད་ཕྱིན་ཡོད། རྟགས་གསལ་རྩོད་གླེང་ཆེད་དུ་མཚན་ཉིད་གྲྭ་ཚང་ཞིག་ཡོད་པ་དང་སྨན་གྱི་ཆེད་དུ་སྨན་པ་ཞིག་ཀྱང་ཡོད། དེ་བཞིན་ཆ་དནྶ་ཀིའི་སྟོད་ལ་དུས་འཁོར་གྲྭ་ཚང་ཞིག་ཀྱང་ཡོད་པ་རེད། དུས་འཁོར་བརྒྱུད་པ་ནི་སོག་ཡུལ་ནས་དར་བ་དང་དེར་བོད་ཀྱི་པོ་ཏཱ་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་ནས་དར་བ་ཞིག་རེད། ཧ་ཅང་ཚད་མཐོའི་སློབ་སྦྱོང་དང་ལྡན་པའི་བླ་མ་ཚོས་ཀྱང་ཐད་ཀར་བོད་ནས་ཕེབས་ཏེ་དུས་འཁོར་གྱི་ཁུ་རེ་རྩ་འཛུགས་ལ་རོགས་སྐྱོར་བྱེད་ཀྱི་ཡོད། སྐར་རྩིས་རིག་པའང་སློབ་སྦྱོང་བྱེད་སྲོལ་ཡོད། ཇི་ལྟར་སྒོ་མང་དང་། བླ་བྲང་བཀྲ་ཤིས་འཁྱིལ། ཁལ་མུག དེ་བཞིན་སོག་ཡུལ་དང་བྷུརྱ་ཏིའི་ཆ་ཤས་ཕལ་ཆེ་བའི་ནང་བེད་སྤྱོད་བྱེད་པ་ནང་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་རྗེས་སུ་འབྲང་གི་ཡོད། ཡིག་ཆ་དེ་དག་ཆ་དནྶ་ཀིའི་ཁུ་རེ་སྟོད་སྨད་གཉིས་ཀ་ནས་པར་སྐྲུན་ཞུས་ཡོད་པ་དང་ཤོག་གྲངས་རྣམས་ནམ་རྒྱུན་རྒྱ་ནག་སྐད་དུ་ཡོད་པ་རེད། དེས་ཡིག་ཆ་དེ་དག་ཕལ་ཆེར་སོག་ཡུལ་ཡང་ན་རྒྱ་ནག་ཏུ་པར་ཤིང་རྣམས་དཔར་དུ་བཏབ་ཡོད་པ་སྟོན་གྱི་ཡོད། ཇི་ལྟར་སོག་ཡུལ་དང་། བཻ་ཀལ་མཚོའི་ཕར་ཕྱོགས། ཁལ་མུག་བཅས་ནང་བཞིན་ཏུ་ཝའི་ནང་བཙུན་མའི་ལམ་ལུགས་དེ་མེད། 

ཕྱི་ལོ་ ༡༩༡༤ ལོར་ཨུ་རུ་སུས་ཏུ་ཝ་ལ་དཔུང་གནོན་བྱེད་པའི་སྐབས་ཁུ་རེ་ཉི་ཤུ་རྩ་བརྒྱད་ཡོད་པ་རེད། ཕྱི་ལོ་ ༡༩༡༡ ལོར་མན་ཇུ་ཆིང་རྒྱལ་རྒྱུད་ཉམས་པའི་རྗེས་ཀྱི་ཕྱི་ལོ་ ༡༩༡༤ ལོར་ཨུ་རུ་སུས་ཏུ་ཝར་དཔུང་གནོན་དང་རུ་སུའི་གསར་བརྗེའི་རྗེས་སུ་ལོ་ཤས་རིང་གི་རྩོད་རྙོག་དང་བཅས་ཕྱི་ལོ་ ༡༩༢༡ དང་ ༡༩༤༤ བར་ལ་ཏུ་ཝ་ནི་ཏཱན་ནུ་ཏུ་ཝ་ (Tannu Tuva) ཞེས་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར། དེ་ཡང་ཕྱི་ལོ་ ༡༩༣༢ ནས་ ༡༩༤༤ བར་སི་ཏ་ལིན་དང་འདྲ་བའི་སྲིད་དབང་སྒེར་འཛིན་པ་སོལ་ཆག་ཏོ་ཀ་ (Solchak Toka) ཟེར་བ་ཞིག་གིས་དབང་སྒྱུར་བྱས་སོ།།

རང་བཙན་གྱི་དུས་སྐབས་དེའི་རིང་ནང་ཆོས་ནི་ཏུ་ཝའི་སྤྱི་ཚོགས་ནང་ལོགས་སུ་འགལ་ཟླའི་ཤོག་ཁག་ཚོས་རྦད་དེ་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༡༩༣༨ ལོར་དགོན་པ་རྣམས་གཏོར་བཤིག་བཏང་བ་དང་བླ་མ་ཚང་མ་ས་ཡེ་བྷེ་ཡིའི་ནང་བཙོན་པའི་གསོག་སྒར་དུ་བཏང་བ་རེད། དེ་ནས་བཟུང་སྟེ་མི་རྣམས་ཧ་ཅང་འཇིགས་སྣང་གི་ནང་གནས་པ་དང་ནང་པའི་དཔེ་ཆ་མང་པོ་ཞིག་ད་དུང་ཡང་རི་བོར་སྦས་ཡོད་པ་རེད། ཕྱི་ལོ་ ༡༩༤༤ ལོར་ཏཱན་ནུ་ཏུ་ཝ་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱི་ནང་ཟླ་སྒྲིལ་བཏང་ཡོད།།

Top