དགེ་སློང་མའི་ཚོགས་འདུའི་གསུང་བཤད་ཕྱོཌ་བསྡོམས། ཉིན་དང་པོ།

སྐད་ཡིག་གཞན།

དབུ་འབྱེད་གསུང་བཤད། ཉིན་དང་པོ།

གོ་སྒྲིག་བྱེད་པོ་བསྟི་གནས་ཁང་གི་དགའ་བསུའི་གསུང་བཤད།

གསུང་བཤད་གནང་མཁན། ཧམ་བྷུརྒ་གཙུག་ལག་སློབ་ཁང་ཆེན་མོའི་གཙོ་འཛིན་འབུམ་རམས་པ་མོ་ནི་ཀ་ཨའུ་ཝེ་ཊེར་ཀརྫ་ཨིང་ ཧཱ་བིལ། Monika Auweter-Kurtz, Ing. Habil དང་ཧམ་བྷུརྒ་གཙུག་ལག་སློབ་ཁང་ཆེན་མོའི་ཨེ་ཤི་ཡ་དང་ཨ་ཧྥེ་རི་ཁའི་བསྟི་གནས་ཀྱི་རིག་སྡེ་འགན་འཛིན་འབུམ་རམས་པ་ལུཌ་ཝིག་པཽལ། Ludwig Paul

བོད་ཀྱི་བཙུན་མའི་ལས་འཆར་གྱི་གཙོ་འཛིན་ལྕམ་རིན་ཆེན་མཁའ་འགྲོ་ཆོས་རྒྱལ་གྱི་གསུང་བཤད་ཕྱོགས་བསྡོམས།

༸གོང་ས་མཆོག་ལ་ཕྱི་ལོ་ ༡༩༨༤ ལོར་དགེ་སློང་མའི་སྡོམ་རྒྱུན་སྐོར་བཀའ་འདྲི་ཞུས་པར་ཐག་གཅོད་དེར་ཨེ་ཤི་ཡའི་དགེ་འདུན་གྱི་སྡེ་ཡོངས་ཀྱི་རྒྱབ་སྐྱོར་དང་རྒྱ་གར་དྷ་རམ་ལར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་ཁྱབ་ཁོངས་ཆོས་རིག་ལྷན་ཁང་གིས་ཞིབ་འཇུག་ནན་ཟབ་དགོས་པ་དང་། ད་ཆ་ང་ཚོས་སྡོམ་རྒྱུན་དེ་ཇི་ལྟར་འགོ་འཛུགས་ཐུབ་ཐབས་སྐོར་ཐག་གཅོད་བྱ་རྒྱུའི་དུས་ལ་བབས་ཡོད་ཅེས་བཀའ་ལན་གནང་སོང་།

ཧམ་བྷུརྒ་གཙུག་ལག་སློབ་གྲྭ་ཆེན་པོའི་ནང་པའི་ཤེས་ཡོན་ཐེབས་རྩ་ཁང་གི་སློབ་དཔོན་ལེམ་བྷར་ཊི་སི་མི་ཐ་ཧའུ་སན་ Lambert Schmithausen གྱི་གསུང་བཤད་ཕྱོགས་བསྡོམས།

སངས་རྒྱས་ཀྱིས་དགེ་འདུན་བཙུན་པ་དང་བཙུན་མ་རྣམས་ལ་གཏན་ལ་ཕབ་པའི་དགག་བྱ་མང་པོ་ཞིག་ཚུལ་ཁྲིམས་ཀྱི་དབང་དུ་གཅིག་པུ་མ་ཡིན་པར། སྤྱི་ཚོགས་ཀྱི་ངོས་ནས་དགེ་འདུན་གྱི་སྡེར་མ་གུས་པ་མི་ཡོང་བའི་ཆེད་དུ་ཡིན། དཔེར་ན། རྩི་ཤིང་ལ་གནོད་སྐྱོན་གཏོང་མི་ཉན་པ་དང་ཁྱིའི་ཤ་བཟའ་མི་ཆོག་པ་ལྟ་བུ། དེ་བཞིན་སངས་རྒྱས་ཀྱིས་ཐོག་མར་ཐེ་ཚོམ་དང་བཅས་དགེ་སློང་མར་སྡོམ་པ་འབོག་འཇོག་དང་བུད་མེད་རྣམས་དགེ་འདུན་གྱི་སྡེའི་དམའ་རིམ་གྱི་གོ་བབས་ཐོག་བཞག་པའང་རྒྱུ་མཚན་གཅིག་མཚུངས་ཡིན། ད་ཆ་བུད་མེད་ཚོར་ལྟ་ཚུལ་དང་དགེ་སློང་གི་སྡོམ་པ་གཅིག་གྱུར་མེད་ན། བསྐྱར་དུ་སྤྱི་ཚོགས་ཀྱི་ངོས་ནས་ནང་ཆོས་ལ་མ་གུས་པའི་མཐོང་ཆུང་ཡོང་སྲིད། དེར་བརྟེན་དུས་ཚོད་དང་བསྟུན་ནས་དེར་འགྱུར་བ་ངེས་པར་དུ་གཏོང་དགོས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཆེན་པོ་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ཕྱོགས་བསྡོམས།

དཀོན་མཆོག་གསུམ་ཚང་བར། ང་ཚོར་དགེ་འདུན་གྱི་སྡེ་ཆ་ཚང་བ་དགོས། དེར་བརྟེན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་དགོས་གལ་ཧ་ཅང་ཆེ་བ་ཡིན།

ལྷོ་ཀོ་རི་ཡའི་ཨུན་མུན་སཾགྷ་མཐོ་སློབ་ Un-mun Sangha College ཀྱི་འབུམ་རམས་པ་དང་ཀོ་རི་ཡའི་དགེ་སློང་མའི་རྒྱལ་ཡོངས་མཐུན་ཚོགས་ཀྱི་ཚོགས་གཙོ་མྱོང་སོང་སུ་ནིམ་ Myongsong Sunim གྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དགེ་སློང་མའི་ལས་འགན།”

ཕྱི་ལོ་ ༡༩༨༧ ལོར་གསར་འཛུགས་ཞུས་པའི་ཤཀྱཱ་དྷི་ཏཱ་རྒྱལ་སྤྱིའི་བུད་མེད་ཀྱི་ནང་པའི་མཐུན་ཚོགས་འདིས་ནང་པའི་བཙུན་མ་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་བའི་སླད་དུ་རླབས་ཆེན་གྱི་ལས་འགན་བསྒྲུབས་ཡོད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས། ཀོ་རི་ཡའི་ནང་པའི་དགེ་སློང་མ་རྣམས་ཀྱིས་ཐོག་མར་དགེ་འདུན་གྱི་སྡེ་རྐྱང་པའི་ཐོག་ནས་སྡོམ་པ་འབོག་པའི་ཐབས་ལམ་ལ་བརྟེན་ནས་དེ་གར་དགེ་འདུན་གཉིས་ཚོགས་ཀྱི་ལམ་ནས་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར་ཕན་ཐོགས་གནང་ཡོད། གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱེད་པར་ཡང་དགེ་སློང་མར་དགེ་སློང་ཕ་དང་། ཤེས་ཡོན། སྦྱོང་བརྡར་གྱི་མཐུན་རྐྱེན་སོགས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད།

ཨ་རིའི་གྲོང་ཁྱེར་ཁེ་ལི་ཧྥོར་ནི་ཡའི་ California སེནྜི་ཨེ་གྷོ་ San Diego གཙུག་ལག་སློབ་གྲྭ་ཆེན་མོའི་འབུམ་རམས་པ་དང་ཤཀྱཱ་དྷི་ཏཱ་རྒྱལ་སྤྱིའི་བུད་མེད་ཀྱི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་སློང་མ་ཀརྨ་ལེགས་བཤད་མཚོ་མོའི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “ཕོ་མོ་འདྲ་མཉམ་དང་འགྲོ་བ་མིའི་ཐོབ་ཐང་།”

གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་དང་སྐྱེས་པ་གཉིས་ཀར་ལག་བསྟར་དགོས། དགེ་སློང་མའི་སྡོམ་རྒྱུན་ཐེ་བའི་བུད་མེད་རྣམས་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་གོ་སྐབས་གཅིག་གྱུར་དགོས། སྡོམ་རྒྱུན་མ་སྤེལ་གོང་བོད་རིགས་བཙུན་མ་ཚོས་དགེ་སློང་མའི་སྡོམ་པ་སློབ་སྦྱོང་བྱེད་ཐུབ་ན་ཕན་ཐོགས་ཡོང་ངེས་ཡིན། སྲོལ་རྒྱུན་གྱི་འགྲོ་ལུགས་དང་བསྟུན་ན། དགེ་སློང་ཕའམ་མའི་སྡོམ་པ་རྒྱུད་ལ་མ་ཐོབ་སྔོན་དེ་དག་གི་སྐོར་ལ་སློབ་སྦྱོང་བྱེད་མི་རུང་། དེར་མ་ཟད། ད་ལྟའི་ཆར་ཀྱི་བཙུན་མ་རྣམས་དགེ་བཤེས་མའི་མཚན་གནས་ལ་སླེབས་ཐུབ་ཀྱི་མེད། རྒྱུ་མཚན་ནི་འདུལ་བའི་གཞུང་ནི་གཞུང་ཆེན་ལྔའི་ནང་གི་གཅིག་ཡིན་ཅིང་། ཁོང་ཚོས་དགེ་སློང་མའི་སྡོམ་པ་མ་བླངས་གོང་དེར་སློབ་སྦྱོང་བྱེད་ཆོག་གི་མེད།

ཚོགས་དུས་དང་པོ། ཉིན་དང་པོ། དགེ་སློང་མའི་སྡོམ་རྒྱུན་གྱི་རྨང་གཞི།

འཇར་མན་གྱི་མར་བྷུརྒ་ Marburg གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་དགེ་སློང་ཨ་ནཱ་ལ་ཡོའི་ Analayo གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “གནའ་བོའི་ནང་ཆོས་ཁྲོད་བུད་མེད་ཀྱི་ངེས་འབྱུང་། འདུས་ཚོགས་བཞི་དང་བཙུན་མའི་རྒྱུད་པའི་རྨང་གཞི།”

སངས་རྒྱས་ཀྱིས་ཐོག་མར་སྐྱེ་དགུའི་བདག་མོ་རབ་བྱུང་གི་སྡོམ་པ་གནང་བར་ཐེ་ཚོམ་མཛད། འོན་ཀྱང་། ཁོ་མོར་དབུ་སྐྲ་བྲེགས་པ་དང་། གྲྭ་ཆས་གྱོན་པ། འདུལ་ཁྲིམས་སྲུང་བ་བཅས་ཀྱི་ཉམས་ལེན་བྱེད་དུ་བཅུག་ཡོད། རྒྱུ་མཚན་ནི་སྐབས་དེར་སྤྱི་ཚོགས་ནང་རབ་བྱུང་མ་རྣམས་བསོད་སྙོམས་ལ་ཕེབས་སྐབས་ཁ་བཟས་འདང་ངེས་འཐོབ་ཀྱི་མེད། འོན་ཏེ་སྐྱེ་དགུའི་བདག་མོའི་སྲོལ་རྒྱུན་གྱི་ལོ་རྒྱུས་ནང་། འདས་པའི་དུས་རིམ་ཁྲོད་དཀའ་ངལ་ཧ་ཅང་མང་པོ་ཕྲད་ཡོད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་ནས་ལོ་ལྔ་སོང་བའི་རྗེས་ཁོ་མོས་སྡོམ་པ་གནང་རོགས་ཞེས་གསོལ་བ་ཐེངས་དང་པོ་བཏབ། འོན་ཏེ་ཀུན་དགའ་བོས་ཁོ་མོ་ཚབ་ཏུ་སངས་རྒྱས་ལ་གསོལ་བ་བཏབ་ནས་བཅོམ་ལྡན་འདས་སངས་རྒྱས་ནས་ལོ་ཉི་ཤུ་ཕྱིན་པའི་རྗེས་སྡོམ་པ་ཐོག་མ་དེ་མནོས། སངས་རྒྱས་ཀྱི་ཡུམ་ཕྱོགས་ཀྱི་ནེ་ནེ་ཡིན་པ་སྐྱེ་དགུའི་བདག་མོར་བསམས་ན། སངས་རྒྱས་ཀྱི་ཡུམ་མྱང་ངན་ལས་འདས་པའི་རྗེས་ཁོ་མོས་གསོ་སྐྱོང་གནང་ཡོད། དེ་ལྟར་ཀུན་དགའ་བོ་སངས་རྒྱས་ལ་གསོལ་བ་འདེབས་རུང་བའི་བསླབ་པ་རྒན་པ་ཞིག་ཡིན་པའི་སྐབས་སྐྱེ་དགུའི་བདག་མོ་དགུང་ལོ་བརྒྱ་བཅུ་ལྷག་སོན་ངེས་རེད། གཞན་ཡང་སྐྱེ་དགུའི་བདག་མོར་ཚངས་སྤྱོད་ཀྱི་སྡོམ་པ་དང་པོ་མནོས་པའི་སྔོན་དགེ་སློང་མ་ཡོད་པའི་གསུང་རབ་ཀྱི་དགོངས་པ་མེད།

ནོར་ཝེའི་ Norway གྲོང་ཁྱེར་ཨོ་སི་ལོའི་ Oslo གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་ཨུ་ཌེ་ཧུ་སེ་ཀེན་ Dr. Ute Hüsken གྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “ལྕི་བའི་ཆོས་བརྒྱད།”

སངས་རྒྱས་ཀྱི་ཐེ་ཚོམ་དང་བཅས་སྐྱེ་དགུའི་བདག་མོར་སྡོམ་པ་གནང་བ་དང་སྡོམ་པ་ནོད་པའི་སྔོན་འགྲོའི་ཆ་རྐྱེན་དུ་ལྕི་བའི་ཆོས་བརྒྱད་དཀྲིས་པར་གཞིགས་ན། དགེ་སློང་མའི་སྡོམ་པ་རྣམ་འབྱེད་ Bhikkhunivibhanga དང་འདུལ་བའི་སྡེ་ཕྲན་ Cullavagga ལེའུ་བཅུ་པའི་ནང་གི་ཁྱད་པར་ཐད་འགྲེལ་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད། གཞུང་རྣམས་ཡི་གེར་བཀོད་པའི་སྐབས་ཁྱད་པར་དེ་དག་ལ་བརྟེན་ནས་དུས་དེར་འགལ་ཟླའི་ཤོག་ཁག་མངོན་ཅིང་། ཐ་ན་སངས་རྒྱས་ཀྱིས་ལྕི་བའི་ཆོས་བརྒྱད་དཀྲིས་ཡོད་མེད་གསལ་ཁ་མེད། རྒྱུད་པ་འདྲ་མིན་གྱི་སྡོམ་པ་འབོག་པའི་ཆོ་གས་ས་གནས་སྤྱི་ཚོགས་དང་དུས་ཚོད་སྟོན་གྱི་ཡོད་པ་དང་། སྡོམ་པ་འབོག་འཇོག་དེ་ད་ལྟའི་སྤྱི་ཚོགས་དང་དུས་སྐབས་སུ་རན་འཚམས་བཟོ་དགོས།

འཇར་མན་གྱི་གྲོང་ཁྱེར་ཧྥ་རའི་བྷུརྒ་ Friburg གཙུག་ལག་སློབ་ཁང་ཆེན་མོའི་མཁས་དབང་འབུམས་རམས་པ་སྐུ་ཞབས་ཨོ་སེ་ཀར་ཝོན་ ཧི་ནུ་འབར་ Oskar von Hinüber གྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “དགེ་སློང་མའི་འདུས་སྡེ་སླར་གསོ་ཡོང་བའི་གཞི་རྩའི་དཔེ་མཚོན་ཞིག”

རྩ་བའི་འབྱུང་ཁུངས་ནང་སངས་རྒྱས་ཀྱིས་རབ་བྱུང་མར་དངོས་སུ་བཀའ་གནང་སྐོར་བཀོད་མེད་ཅིང་། ཧ་ལམ་སྐབས་དེར་རབ་བྱུང་མ་མེད། སངས་རྒྱས་ཀྱི་རྗེས་སུ་གཙོ་བོ་ཁོང་གི་རྗེས་འཇུག་ཀུན་དགའ་བོས་སྔོན་ཚུད་ནས་དགེ་སློང་མ་གནས་པའི་གཅེར་བུ་པའི་སྲོལ་རྒྱུན་དང་འགྲན་བསྡུར་ཆེད་དགེ་སློང་མའི་རྒྱུད་པ་འགོ་བཙུགས། ནང་པའི་དགེ་སློང་མ་དང་པོ་རྣམས་ཐོག་མར་གཅེར་བུ་པའི་ཚངས་སྤྱོད་དཀའ་ཐུབ་ཅན་ཡིན་ཅིང་། གཅེར་བུ་པའི་ཐ་སྙད་མང་པོ་ཞིག་དགེ་སློང་མའི་འདུལ་བའི་གཞུང་ནང་སླེབས་ཡོད། མ་གཞི་འོད་སྲུང་ཆེན་པོ་རབ་བྱུང་མའི་ཁ་གཏད་དུ་ལངས་ཀྱང་། ཀུན་དགའ་བོའི་ཕྱོགས་གཏོགས་རྣམས་རྒྱལ་ཁ་ཐོབ། འོན་ཀྱང་འོད་སྲུང་ཆེན་པོའི་ཕྱོགས་སྡེའི་ཤུགས་རྐྱེན་ལ་བརྟེན་ནས་དགེ་སློང་མའི་ཐོག་ལ་དམ་བསྒྲགས་མང་པོ་བྱུང་། གལ་སྲིད་སངས་རྒྱས་ཀྱི་མ་གནང་པར་དགེ་འདུན་ཕ་རང་ཉིད་ཀྱིས་དགེ་སློང་མའི་སྡོམ་པ་འབོག་འཇོག་འགོ་བཙུགས་ཡོད་ན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱ་རྒྱུར་སུ་གང་ལའང་ཆོག་མཆན་ཞུ་དགོས་དོན་མེད། དགེ་འདུན་ཕ་རྣམས་ཀྱིས་ངེས་པར་དུ་དེ་ལྟར་བྱ་དགོས།

འཇར་མན་གྱི་གྲོང་ཁྱེར་སྦོ་ཁུམ་ Bochum གྱི་རུར་ Ruhr གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་གཱི་སེ་ལེ་ཀེ་རེའི་ Gisele Krey གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “གནའ་བོའི་ནང་ཆོས་ནང་བུད་མེད་ངོས་ལེན་ཐད་བཙུན་མ་དང་ཁྱིམ་པ་བུད་མེད་ཀྱི་གནས་སྟངས་སྐོར་གྱི་དཔྱད་ཞིབ་འགའ།”

ཡོན་གྱི་རྣམ་འབྱེད་མདོའི་ཤུགས་བསྟན་ནི། སྐྱེ་དགུའི་བདག་མོའི་སྔོན་དུ་དགེ་སློང་མ་ཡོད་ཅེས་པ་ནི་གཏམ་འཆལ་ཉིད་དུ་ཟད། གནས་བརྟན་མོ་རྗེ་བཙུན་མ་རིལ་བའི་སྐྲའི་ Kundalakesa སྙན་ངག་ལ་གཞིགས་ན། སངས་རྒྱས་ཀྱིས་སྐྱེ་དགུའི་བདག་མོར་ “དགེ་སློང་མ། ཚུར་ཤོག་” ཅེས་བཀའ་བསྩལ་ཏེ་སྡོམ་པ་གནང་། འོན་ཀྱང་དེ་སྔོན་དུ་ཆོ་ག་དང་ཚངས་སྤྱོད་ཀྱི་སྡོམ་པ་སོགས་གང་ཡང་བསྩལ་མེད། སངས་རྒྱས་ཀྱིས་སྡོམ་པ་འབོག་པར་ཐུགས་དོགས་མཛད་པས་ཞལ་བཞེས་མ་གནང་གོང་གསོལ་བ་ལན་གསུམ་འདེབས་དགོས་པའི་ལུགས་སྲོལ་དེར་དགོངས་པ་ཡིན།

ཉི་ཧོང་གི་ཀྱོའོ་ཊོའི་ Kyoto གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་མཁས་དབང་ནོ་རི་ཏོ་ཤི་ཨ་ར་མ་ཀིའི་ Noritoshi Aramaki གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “དགེ་སློང་མ་གོའུ་ཏ་མི་སྐྱེ་དགུའི་བདག་མོ།”

སངས་རྒྱས་ཀྱི་སྐུ་ཚེའི་རིང་དགེ་སློང་ཕའི་སྡེས་སྐྱེ་དགུའི་བདག་མོར་དགེ་སློང་མའི་སྡོམ་པ་གནང་ཡོད། འོན་ཀྱང་དགེ་སློང་མའི་སྡོམ་པ་དང་། དགེ་སློང་མའི་གསོ་སྦྱོང་། དགེ་སློང་མའི་སྡོམ་པ་འབོག་པའི་ཆོ་ག་བཅས་ཡོངས་སུ་རྫོགས་པའི་ཟིན་ཐོ་ཕལ་ཆེར་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་གྱི་རྗེས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱལ་སྲིད་བཟུང་བའི་དུས་སྨད་ཙམ་ནས་འགོ་ཚུགས་ཡོད། དེ་ག་ནང་བཞིན་སངས་རྒྱས་ཀྱི་བཀར་བརྩིས་པའི་མདོ་ཚན་ཐམས་ཅད་དོན་དངོས་སུ་སངས་རྒྱས་ཉིད་ཀྱིས་གང་གི་སྐུ་དུས་སུ་གསུངས་མེད། འོན་ཀྱང་ཕྱིས་ཀྱི་དུས་རབས་ཁ་ཤས་རིང་འཕེལ་འགྱུར་བྱུང་།

ཚོགས་དུས་གཉིས་པ། ཉིན་དང་པོ། དགེ་སློང་མའི་སྡོམ་རྒྱུན།

ཐེ་ཝན་ Taiwan གྱི་དགེ་སློང་མ་སིག་ཝེའི་ཆུན་ Sik Wei-chun གྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “དགེ་སློང་མའི་སྡོམ་པ་འབོག་པའི་ཁྲིམས་མཐུན་གྱི་བརྒྱུད་རིམ།”

གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་ལ་ཐོག་མར་དགེ་སློང་མ་བཅུ་གཉིས་ཀྱི་དྲུང་ནས་ཚངས་སྤྱོད་ཀྱི་སྡོམ་པ་དགོས་ཤིང་། དེ་ནས་ཉིན་དེ་གར་དགེ་སློང་ཕ་བཅུ་དང་མ་བཅུ་གཉིས་བཅས་ཚོགས་པའི་གཉིས་ཚོགས་ཀྱི་དྲུང་ནས་དགེ་སློང་མའི་སྡོམ་པ་ལེན་དགོས། དེའང་ལོ་གཉིས་ཀྱི་སྔོན་དུ་སྡོམ་པ་ལེན་པའི་རྟེན་གྱི་གང་ཟག་དེས་ངེས་པར་དུ་དགེ་སློབ་མའི་སྲུང་བྱ་རྩ་བ་དྲུག་དང་ཡན་ལག་དྲུག་ཚུལ་བཞིན་དུ་སྲུང་དགོས། དགེ་སློབ་མའི་སྡོམ་པའི་རྟེན་གྱི་གང་ཟག་དེ་ངེས་པར་དུ་ཉུང་མཐར་ལོ་བཅོ་བརྒྱད་ཡིན་དགོས་པ་དང་། དགེ་སློང་མའི་སྡོམ་པ་ལེན་པར་ལོ་ངོ་ཉི་ཤུར་སོན་དགོས།

ཚངས་སྤྱོད་ཀྱི་སྡོམ་པ་དང་དགེ་སློབ་མའི་སྡོམ་པ་ལེན་པར་ཐོག་མར་དགེ་སློང་མའི་འདུས་ཚོགས་སུ་མཁན་མོར་རང་གི་མཁན་མོ་དང་སྦྱིན་བདག་གནང་རོགས་ཞེས་གསོལ་འདེབས་ཞུ་དགོས། མཁན་མོ་ནི་སྡོམ་པ་འབོག་སའི་རྟེན་ལ་སྡོམ་པ་གང་ནོད་པར་འགྱུར་བའི་དགེ་སློང་མའི་སྡོམ་པ་དང་དེའི་རྒྱུད་པ་གང་ཡིན་པས་དེ་ནས་ཡིན་དགོས། སྡོམ་པ་མནོས་ཟིན་པའི་རྗེས་སྡོམ་པ་ལེན་མཁན་དེར་ལྟ་རྟོག་བྱ་རྒྱུ་དང་ཤེས་ཡོན་ཐད་མཁན་མོ་རང་ངོས་ནས་འགན་འཁུར་བྱ་དགོས་ཤིང་། དགེ་སློང་མའི་སྡོམ་པ་བླངས་ནས་ཉུང་མཐར་ལོ་བཅུ་གཉིས་སྲུང་ཟིན་པ་དགོས། དེ་རྗེས་སྡོམ་པ་སྲུང་བའི་སྐབས་བར་ཆད་ཡོང་ངེས་པས་སྡོམ་པ་ལེན་པ་པོར་བར་ཆད་དང་འབྲེལ་བའི་དྲི་བ་ཐེངས་གཉིས་འདྲི་གྱི་ཡོད། དང་པོ། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་གདམས་པ་བསྩལ་ནས་ལྐོག་ཏུ་སྡོམ་པ་ལེན་པ་པོར་དྲི་བ་འདྲི་བ་དང་། དེ་རྗེས་ལས་ཀྱི་སློབ་དཔོན་གྱིས་དགེ་འདུན་གྱི་དབུས་སུ་ལུགས་མཐུན་གྱིས་དྲི་བ་འགོད་ཀྱི་ཡོད། གཞི་ནས་སྡོམ་པ་ལེན་པ་པོས་དགེ་སློང་མའི་འདུས་ཚོགས་སུ་ཚངས་སྤྱོད་ཀྱི་སྡོམ་པ་སྩོལ་བར་གསོལ་བ་འདེབས་ཀྱི་ཡོད། ད་གཟོད་ལས་ཀྱི་སློབ་དཔོན་གྱིས་དགེ་སློང་མའི་འདུས་ཚོཌ་དགེ་སློང་མའི་སྡོམ་པ་ལེན་པ་པོའི་ཆ་རྐྱེན་གསལ་སྟོན་མཛད་དེ་མིང་གསལ་བསྒྲགས་བྱས་ནས་ཚངས་སྤྱོད་ཀྱི་སྡོམ་པའི་རྟེན་དུ་གྱུར་སོང་ཞེས་བཀའ་གནང་གི་ཡོད།

དགེ་སློང་མའི་སྡོམ་པ་འབོག་པའི་སྐབས་དགེ་སློང་ཕ་གསུམ་གྱིས་སྣེ་འཁྲིད་ཀྱི་ཡོད། དགེ་སློང་ཕའི་སྡོམ་པ་བཟུང་ནས་ཉུང་མཐར་ལོ་བཅུ་སོང་ཟིན་པའི་མཁན་པོ་གཅིག་དང་། ལས་ཀྱི་སློབ་དཔོན་གཅིག །གསང་སྟེ་སྟོན་པའི་སློབ་དཔོན་གཅིག་བཅས་སོ། །དང་པོ། དགེ་སློང་མའི་སྡོམ་པ་ལེན་པ་པོའི་མིང་དང་མཁན་མོའི་མཚན་གསལ་བསྒྲགས་བྱས་ཏེ། ཚངས་སྤྱོད་དགེ་བསྙེན་མས་དགེ་འདུན་གཉིས་ཚོགས་ཀྱི་དྲུང་དུ་དགེ་སློང་མའི་སྡོམ་པ་ནོད་པར་གསོལ་བ་འདེབས། འདིར་བར་ཆད་དང་འབྲེལ་བའི་དྲི་བ་འགོད་པར་དགེ་སློང་ཕའི་གསང་སྟེ་སྟོན་པའི་སློབ་དཔོན་དགོས་ཀྱི་མེད། དེ་ནས་དགེ་སློང་ཕའི་ལས་ཀྱི་སློབ་དཔོན་གྱིས་བར་ཆད་དང་འབྲེལ་བའི་དྲི་བ་འདྲི་བ་དང་། དགེ་འདུན་གཉིས་ཚོགས་ཀྱི་སྡེའི་དབུས་སུ་སྡོམ་པ་ལེན་མཁན་གྱི་ཆ་རྐྱེན་གསལ་བསྒྲགས་བྱས་ཤིང་། མཁན་མོའི་མཚན་སྨྲོས་ནས་སྡོམ་པ་སྩོལ་བར་གསོལ་བ་བཏབ་པའི་རྗེས་དགེ་སློང་གི་སྡོམ་པའི་ཆོ་ག་ལེཌ་སྒྲུབ་ཟིན་པར་གསལ་བསྒྲགས་གནང་གི་ཡོད། དུས་མཚུངས་མཁན་པོའི་ཕྱག་རོགས་ཤིག་གིས་སྡོམ་པ་མནོས་པའི་དུས་ངེས་ཅན་ཁྱབ་བསྒྲགས་བྱེད་ཀྱི་ཡོད། དེ་རྗེས་དུས་ནས་དུས་སུ་གནས་སྦྱིན་པའི་དགེ་སློང་མའི་སློབ་དཔོན་གྱིས་དགེ་སློང་མ་ལས་དང་པོ་བ་ཚོར་ལས་གང་ཞིག་སྤོང་དགོས་པ་དང་གང་ཞིག་བླངས་དགོས་པའི་དགག་སྒྲུབ་གནང་གི་ཡོད།

རྒྱ་གར་དྷ་སར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཆོས་རིག་ལྷན་ཁང་ནས་དགེ་སློང་མའི་སྡོམ་རྒྱུན་ཐད་ཉམས་ཞིབ་པ་ཨཱཙཱརྱ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ཀྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་ཐུབ་མིན་ནི་འདུལ་བ་འཛིན་པ་རྣམས་ལ་རག་ལས་ཚུལ།”

དགེ་འདུན་གཉིས་ཚོགས་ཀྱི་སྒོ་ནས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་པར་ཆོས་སྲུང་སྡེ་པའི་དགེ་སློང་མའི་མཐུན་འགྱུར་དགོས་ཀྱི་ཡོད། འོན་ཀྱང་འདུལ་བའི་ལུགས་མི་འདྲ་བ་གཉིས་ཀྱི་ཁོངས་མི་འདུས་པའི་དགེ་འདུན་གཉིས་ཚོགས་ཀྱི་སྡེ་ཡོད་པ་ཙམ་གྱིས་སྡོམ་པ་དེ་སྲོལ་རྒྱུན་འགྲོ་སྟངས་ཡང་དག་པ་ཞིག་ཆགས་ཀྱི་མེད། རྒྱུ་མཚན་ནི་གཉིས་ཚོགས་དེའི་ནང་ཆོས་རྒྱུད་གཅིག་གི་དགེ་འདུན་འདུས་དགོས་སྐོར་བརྗོད་ཀྱི་ཡོད། འདུལ་བའི་གཞུང་དམ་པར་གཞིགས་ན། མཁན་པོར་ལྟུང་བ་ཕྲན་ཚེགས་རེ་འགོས་ཀྱང་། དགེ་སློང་ཕའི་སྡེ་པ་རྐྱང་པས་དགེ་ཚུལ་མའི་སྡོམ་པ་གནང་ཆོག །དེར་མ་ཟད། འདུལ་བ་མདོ་རྩའི་ནང་། སློབ་དཔོན་ཡོན་ཏན་འོད་ཀྱིས། གལ་སྲིད་དགེ་སློང་ཕས་དགེ་སློང་མ་གཞན་གྱི་སྡོམ་པའི་ཆོ་ག་བསྒྲུབས་ན་དེ་ནི་མ་རུང་བ་ཞིག་མ་ཡིན་ཞེས་གསུངས།

གལ་ཏེ་གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕའི་སྡེ་པ་གཅིག་པུས་དགེ་སློང་མའི་སྡོམ་པ་གནང་ནའང་། བོད་ཀྱི་འདུལ་བ་འཛིན་པ་རྣམས་ད་དུང་གནད་དོན་གསུམ་གྱི་ཐོག་གྲོས་མཐུན་ཐུབ་མེད། དང་པོ། ད་ལྟའི་དུས་ཀྱིས་གོང་དུ་བརྗོད་པའི་ལྟུང་བ་ཐེ་བའི་དགེ་སློང་མའི་སྡོམ་པ་འབོག་འཇོག་ངེས་བརྟན་ཐུབ་མིན། གཉིས་པ། དགེ་འདུན་གྱི་སྡེ་པ་རྐྱང་པས་དེ་ལྟར་སྡོམ་པ་འབོག་འཇོག་མ་བྱས་སྔོན་ཚངས་སྤྱོད་ཀྱི་སྡོམ་པ་དགོས་མིན། གསུམ་པ། དགེ་སློང་ཕས་ཚངས་སྤྱོད་ཀྱི་སྡོམ་པ་འབོག་ཆོག་མིན། སྡོམ་པ་འབོག་འཇོག་དེ་འདུལ་བའི་གཞུང་དང་མཐུན་པར་དོ་ནན་བྱེད་དགོས་སྟབས། འདུལ་བ་འཛིན་པ་ཁོ་ནས་བརྒྱུད་ལམ་དེ་ལག་བསྟར་བྱེད་ཕྱོགས་ཐད་ཐག་གཅོད་བྱེད་ཐུབ།

ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ Taipei ནང་གི་རྒྱ་ནག་ནང་པའི་གློག་དེབ་ཐུན་ཚོགས་ཀྱི་མཁས་དབང་འབུམ་རམས་པ་དགེ་སློང་མ་ཧེང་ཆིང་ཤིའི་ Heng-ching Shih གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “བོད་ཀྱི་སྲོལ་རྒྱུན་ཁྲོད་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་ཕྱོགས་ཀྱི་གདམ་ཀ་གསུམ།”

ཕྱི་ལོ་ ༢༠༠༦ ཟླ་ ༥ ནང་བཞུགས་སྒར་དྷ་རམ་ས་ལར་བོད་པའི་འདུལ་བའི་སློབ་དཔོན་བཅུ་དྲུག་དབུ་བཞུགས་ཐོག་ཚོགས་པའི་བགྲོ་གླེང་ཚོགས་འདུའི་ནང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོའི་ཆེད་དུ་གདམ་ཀ་གཉིས་ཀྱི་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད། དང་པོ། གནས་བརྟན་སྡེ་པ་དང་། ཆོས་སྲུང་སྡེ་པ། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བཅས་ཚང་མས་དགེ་སློང་ཕ་གཅིག་པུས་དགེ་སློང་མའི་སྡོམ་པ་འབོག་ཆོག་པར་མོས་མཐུན་གནང་ཡོད། སངས་རྒྱས་ཀྱིས་གཉིས་ཚོགས་ཀྱིས་སྡོམ་པ་གནང་སྲོལ་མཛད་སྐབས། དགེ་སློང་ཕ་གཅིག་པུས་སྡོམ་པ་འབོག་འཇོག་བཀག་མེད། ཐ་ན་དགེ་སློང་མས་དང་པོ་ཚངས་སྤྱོད་ཀྱི་སྡོམ་པ་མེད་པར་དགེ་སློང་མའི་སྡོམ་པ་གནང་ནའང་སྡོམ་པ་དེ་ཡང་དག་པ་ཞིག་ཡིན་ཅེས་སངས་རྒྱས་ཀྱི་བཀའ་བསྩལ་ཡོད། འོན་ཀྱང་སྡོམ་པ་གནང་མཁན་ལ་ལྟུང་བ་ཉུང་ངུ་འབྱུང་། གཉིས་པ། གལ་ཏེ་ཆོས་སྲུང་སྡེ་པའི་དགེ་སློང་མ་དང་ལྷན་དུ་གཉིས་ཚོགས་ཀྱི་སྡོམ་པ་གནང་བ་ལྟ་བུ་ནི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་བྱུང་ཡོད། དཔེར་ན། བླ་ཆེན་དགོངས་པ་རབ་གསལ་ལྟ་བུ། དེ་ལྟའི་སྡོམ་པ་འབོག་འཇོག་དང་སྦྲགས་དགེ་སློང་མའི་སྡོམ་པ་གསར་དུ་བླངས་པའི་དགེ་སློང་མ་རྣམས་ཀྱིས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་པའི་རྗེས་སུ་འཇུག་ངེས།

གདམ་ཀ་གསུམ་པ་དེའང་སྲིད་པ་ཞིག་ཡིན། གསུམ་པ། ཕྱི་ལོ་ ༡༩༩༨ ལོར་སྡོམ་པ་བཅུ་ལྡན་གྱི་ཤྲཱི་ལངྐའི་རབ་བྱུང་མ་ཁག་ཅིག་ལ་གནས་མཆོག་རྡོ་རྗེ་གདན་དུ་གཞི་སྨྲ་དང་གནས་བརྟན་སྡེ་པའི་དགེ་སློང་ཕ་དང་མའི་དཔང་པོ་དང་བཅས་ཐེ་ཝན་གྱི་ཆོས་སྲུང་སྡེ་པའི་དགེ་འདུན་གྱི་སྡེ་གཅིག་པུས་ཁོང་ཚོར་དགེ་སློང་མའི་སྡོམ་གནང་ཡོད། དེའི་ཐོག་ལ་གཞི་བཞག་ནས། ཤྲཱི་ལངྐའི་ནང་གི་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་སློང་ཕས་ཡུལ་ཝཱ་རཱ་ཎ་སིར་ཁོང་ཚོར་ཕར་གནས་བརྟན་སྡེ་པའི་དགེ་སློང་མའི་སྡོམ་པ་སླར་གནང་ཡོད། དེའི་རྗེས་སུ་ཤྲཱི་ལངྐའི་ནང་གནས་བརྟན་སྡེ་པའི་ལུགས་ཀྱི་གཉིས་ཚོགས་ཀྱི་སྡོམ་པ་འབོག་ཕྱོགས་ནང་དགེ་སློང་མ་རྣམས་མཉམ་ཞུགས་གནང་ཡོད།

དེ་དང་གཅིག་མཚུངས་ཤིག་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མ་ལའང་ལག་བསྟར་བྱེད་ཐུབ་པ་སྲིད། བོད་རིགས་དང་བོད་རིགས་མ་ཡིན་པའི་རབ་བྱུང་མ་མང་པོ་ཞིག་ལ་ཆོས་སྲུང་སྡེ་པའི་སྡོམ་པ་མནོས་པའི་རྗེས་ལོ་མང་རིང་དགེ་སློང་མའི་སྡོམ་མ་ལྷད་མེད་པར་བཟུང་ནས་ཡོད། འོན་ཀྱང་ཁོང་ཚོས་སློབ་སྦྱོང་དང་ཉམས་ལེན་བྱེད་ཕྱོགས་དེ་གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕ་དང་གཉིས་སུ་མ་མཆིས། ཅི་སྟེ་གཞི་སྨྲའི་དགེ་སློང་ཕ་རྣམས་ཀྱིས་རབ་བྱུང་མ་དེ་དག་གི་སྡོམ་པ་ངོས་ལེན་བྱས་ན། དགེ་སློང་ཕ་དེ་དག་གི་སྡེ་པ་རྐྱང་པ་ཞིག་གིས་སླར་ཁོང་ཚོར་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་པ་བསྐྱར་ནོད་བྱེད་ཐུབ། དེས་ན། གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕ་མ་གཉིས་ཚོགས་ཀྱིས་དགེ་སློང་མའི་སྡོམ་པ་འབོག་འཇོག་ཐུབ་པའི་གཉིས་ཚོགས་ཤིག་ཡོང་ཐུབ།

ཐེ་ཝན་ནང་པའི་རྔ་མཐོ་སློབ་ Drum Buddhist College ཀྱི་དབུ་འཛིན་དང་ཐེ་པེ་རྒྱལ་ཡོངས་གཙུག་ལག་སློབ་ཁང་ཆེན་མོའི་མཁས་དབང་འབུམ་རམས་པ་ཧུའེ་མིན་ཤིའི་ Huimin Shih གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “དགེ་སློང་མའི་སྡོམ་རྒྱུན་དང་འབྲེལ་བའི་དྲི་རྩད་ཅིག”

སངས་རྒྱས་ཀྱིས་ཆོ་ག་སོགས་མེད་པར་དགེ་སློང་མའི་སྡོམ་པ་ཐོག་མ་དེ་ “ཚུར་ཤོག་” ཅེས་གསུངས་པ་ཙམ་གྱི་སྒོ་ནས་གནང་། ཆོ་ག་རྣམས་ཕྱིས་སུ་དར་ཡོད། ཐུན་མིན་དུ་དགེ་ཚུལ་མ་དང་། དགེ་སློབ་མ། ཚངས་སྤྱོད་བཅས་ཀྱི་སྡོམ་པ་རྣམས་དགེ་སློང་མའི་འདུས་སྡེ་གཅིག་པུས་གནང་ཡོད། གང་ལྟར་ཡང་། ཤྲཱི་ལངྐའི་ལོ་རྒྱུས་དེབ་ཐེར་ལ་གཞིགས་ན། དགེ་ཚུལ་མའི་སྡོམ་པ་འབོག་འཇོག་དགེ་སློང་ཕས་བསྒྲུབས་པའི་ལོ་རྒྱུས་ཡོད། རྒྱ་ནག་ནང་དུའང་ཆོས་སྲུང་སྡེ་པའི་དགེ་སློང་མའི་སྡོམ་པ་ཐོག་མར་དགེ་སློང་ཕ་གཅིག་པུས་གནང་ཡོད། དུས་རབས་བཅུ་གཅིག་པའི་ནང་ཀཥྨིར་གྱི་མཁས་པ་ཡོན་ཏན་གོ་ཆ་ Gunavarmin གྱིས་ཚངས་སྤྱོད་ཀྱི་སྡོམ་པ་སྔོན་དུ་མ་སོང་བའི་སྡོམ་པ་འབོག་འཇོག་དེ་ཁུངས་ཐུབ་ཡིན། འོན་ཀྱང་སྡོམ་པ་གནང་མཁན་ལ་ལྟུང་བ་འབྱུང་ཞེས་གསུངས་ཡོད། དུས་རབས་ལྔ་པ་ཁོ་ནའི་ནང་གནས་བརྟན་སྡེ་པའི་དགེ་སློང་མ་མཐར་རྒྱ་ནག་ཏུ་སླེབས་པའི་སྐབས་དེར་གཉིས་ཚོཌ་ཀྱིས་དགེ་སློང་མའི་སྡོམ་པ་ཡོད།

འཇར་མན་གྱི་ཧ་ལླེའི་ Halle ས་གནས་ཀྱི་མར་ཊིན་ལུ་ཐར་ Martin Luther གཙུག་ལག་སློབ་ཁང་ཆེན་མོའི་འབུམརམས་པ་པེ་ཏྲ་ཀི་ཧྥེར་པུལ་ཛེའི་ Petra Kieffer-Pülz གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ནང་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་དང་འབྲེལ་བའི་ཁུངས་ལྡན་གྱི་སྡོམ་རྒྱུན་ཐད་ལ་སྔོན་ཚུད་ཀྱི་ཚོད་དཔག”

དགེ་སློབ་མས་སྲུང་བྱའི་འདུལ་ཁྲིམས་ཀྱི་རྣམ་གྲངས་དང་། [ཆོས་སྲུང་སྡེ་པར་དྲུག་དང་གཞི་སྨྲའི་ལུཌ་སུ་བཅུ་གཉིས་ཡོད།] སྡོམ་པའི་ཆོ་གའི་ཆེད་གཏན་འབེབས་བྱས་པའི་དགེ་སློང་མའི་སྡོམ་པ་འབོག་པའི་ཆོ་གའི་སྐབས་ཀྱི་དཔེ་ཆ་དང་ཁ་འདོན། མཚམས་སྒྲུབ་གཞི་རྒྱ་ཆེ་ལོས། སྡོམ་པ་འབོག་པའི་སྐབས་དགེ་སློང་ཕ་དང་མའི་ཁ་གྲངས་མང་ཉུང་བཅས་ཀྱི་ཐད་ཆོས་སྲུང་སྡེ་པ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་གཉིས་ཀྱི་སྡོམ་པ་འབོག་པའི་ཆོ་གའི་བརྒྱུད་རིམ་ལ་ཁྱད་པར་ཡོད། དེས་ན་གཞི་ཐམས་ཅད་ཡོད་པར་སྨྲ་བས་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོའི་ཆེད་ཆོས་སྲུང་སྡེ་པའི་ཆོ་ག་ལག་བསྟར་དང་བེད་སྤྱོད་བྱེད་པ་ཁས་ལེན་བྱ་རྒྱུ་ནི་ཅུང་ཁག་པོ་ཡིན་སྲིད། དེར་བརྟེན་ཤྲཱི་ལངྐའི་ནང་གི་གནས་བརྟན་སྡེ་པས་རང་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་མཛད་པའི་དཔེའི་རྗེས་སུ་བྱས་ན་ལེགས་པར་སྙམ། དེར་སྡོམ་པ་བསྐྱར་དུ་གནང་བ་ནི་རྡ་ལྷི་ཀ་མྨ་ (ལས་བརྟན་) ཆོ་གའི་དཔེ་མཚོན་ཐོག་གཞི་བཞག་ཡོད། དཔེར་ན། དགེ་སློང་པ་རྣམས་ཀྱིས་ཤྲཱི་ལངྐའི་ནང་གི་གནས་བརྟན་སྡེ་པའི་ལུགས་ཀྱི་གོ་ཆ་གཞིར་བཟུང་སྡོམ་པ་ལེན་སྐབས། སྡོམ་པ་བསྐྱར་ལེན་སྐབས་འབར་མའི་ནང་གི་གནས་བརྟན་སྡེ་པའི་འབོག་པའི་ཆོ་ག་དང་བསྟུན་ནས་གནང་ཡོད། དེ་ལྟའི་གནད་དོན་སྐབས་སྡོམ་པ་བསྐྱར་གསོ་བྱུང་བའི་དགེ་སློང་ཕ་རྣམས་རང་རང་གི་བསླབ་པ་རྒན་གཞོན་གྱི་གནས་བབས་ཉར་ཆོག་པའི་གནང་བ་བསྩལ།

ཁེ་ན་ཌའི་ Canada ཧཱ་མིལ་ཊོན་ Hamilton གྲོང་ཁྱེར་གྱི་མེཀ་མེ་སེ་ཊར་ McMaster གཙུག་ལག་སློབ་ཁངཆེན་མོའི་འབུམ་རམས་པ་ཤའེན་ཁེ་ལར་ཀའི Shayne Clarke གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “རྒྱུ་མེད་རྐྱེན་མེད་ལས་རབ་བྱུང་བཙུན་མའི་སྡེ་བསྐྲུན་པ། བོད་བརྒྱུད་ནང་བསྟན་གྱི་འདུལ་བའི་གཞུང་དང་བསྟུན་ནས་རབ་བྱུང་མའི་སྡོམ་པ་འབོག་འཇོག་ཐད་ཀྱི་དཀའ་ངལ་སེལ་ཐབས།”

སྡོམ་པ་རྣམ་པར་དག་པ་ཞིག་དང་ཁས་ལེན་རུང་བའི་སྡོམ་པའི་དབར་ཁྱད་པར་འབྱེད་རྒྱུ་གལ་འགངས་ཆེ། གནས་སྟངས་ཕུལ་དུ་བྱུང་བ་ཞིག་ཡོང་རྒྱུ་ཁག་པོ་ཡོང་སྲིད། དེས་ན། ཚངས་སྤྱོད་ཀྱི་སྡོམ་པ་སྔོན་དུ་མ་སོང་བར་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་སྡོམ་པ་འབོག་པའི་ཆོ་ག་བསྐྱར་དུ་འགོ་འཛུགས་བྱེད་པ་དང་། དེ་ཡང་དགེ་སློང་ཕ་གཅིག་པུས་བསྒྲུབས་ནའང་། སྡོམ་པ་ཁུངས་དང་ལྡན་པ་ཞིག་ཡིན་ཅིང་། སྡོམ་པའི་མཁན་པོར་ལྟུང་བ་ཕྲན་ཚེགས་འབྱུང་གི་ཡོད། དགེ་སློང་མ་དང་དགེ་སློང་ཕའི་སྡོམ་པ་འབོག་འཇོག་ཡང་དག་པའི་སྒོ་ནས་གནང་བའི་གདམ་ཀ་ཅན་གྱི་ཐབས་ལམ་ཐེ་བའི་གནད་དོན་དེ་རིགས་མང་པོ་ཞིག་གཞི་སྨྲའི་ལུགས་ཀྱི་འདུལ་བའི་གཞུང་གིས་གསལ་ཁ་འདོན་གྱི་ཡོད། འོན་ཀྱང་སྡོམ་པ་གནང་མཁན་ལ་ལྟུང་བ་ཕྲན་ཚེགས་འབྱུང་། དེ་དག་ནང་ཐོག་མར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་མ་བྱུང་བའི་སྡོམ་པ་ལེན་པ་པོར་དགེ་སློང་ཕས་དགེ་སློང་གི་སྡོམ་པ་གནང་བ་དང་། དགེ་སློང་ཕའི་སྡོམ་པ་འབོག་པའི་ཆོ་གར་བརྟེན་ནས་དགེ་སློང་མའི་སྡོམ་པ་གནང་བ། དགེ་སློང་ཕ་དང་མ་ལ་བརྟེན་ནས་དགེ་སློང་ཕའི་ཆོ་ག་བརྒྱུད་དགེ་སློང་མའི་སྡོམ་པ་གནང་བཅས་ཚུད་ཡོད། འོན་ཀྱང་འགྲེལ་བརྗོད་ཏག་ཏག་ཅིག་གསལ་ཁ་མེད།

བྷེལ་ཇིམ་ Belgium གེན་ཊི་ Ghent གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་ཨཻན་ཧེར་མན་ Ann Heirman གྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “ཆོས་སྲུང་སྡེ་པའི་ལུགས་ཀྱི་དགེ་ཚུལ་མ་དང་དགེ་སློབ་མའི་སྡོམ་རྒྱུན།”

དགེ་སློབ་མའི་སྡོམ་པ་ནི་དགེ་སློང་མའི་རྒྱུད་པའི་འགོ་སྟོད་དུ་གནང་གི་མེད། འོན་ཀྱང་སློབ་སྦྱོང་གི་ཆེད་དུ་ཕྱིས་སུ་ངོ་སྤྲོད་བྱེད་ཀྱི་ཡོད། དགེ་སློབ་མ་བྱེད་པར་བུད་མེད་ཅིག་གིས་ཐོག་མར་དགེ་ཚུལ་མ་སྒྲུབ་དགོས་པ་དང་ཉུང་མཐར་རང་ལོ་བཅོ་བརྒྱད་ཟིན་དགོས། ལམ་ལུགས་ལྟར་དགེ་སློབ་མའི་གནས་བབས་དེ་རྒྱ་ནག་ནང་དར་སྤེལ་བྱུང་མེད་པར་སྣང་། གང་ལྟར་ཡང་། བུད་མེད་ཚོས་དགེ་སློང་མའི་སྡོམ་པ་མ་བླངས་སྔོན་ངེས་པར་དུ་ལོ་གཉིས་རིང་ཚོད་ལྟའི་རྒྱུད་རིམ་དེ་འགྲིམ་དགོས།

ཨ་རིའི་གྲོང་ཁྱེར་ཝེར་ཇི་ནི་ཡའི་ Virginia ཅར་ལོ་ཊེ་སེ་ཝིལ་ Charlottesville ལ་ཡོད་པའི་ཝིར་ཇི་ནི་ཡའི་གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་འོས་མི་དགེ་སློང་མ་ཨིན་ཡུང་ཆུང་ Inyoung Chung གི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “ད་ལྟའི་དུས་སྐབས་འདིར་ཀོ་རི་ཡའི་ནང་པའི་ཁྲོད་གཉིས་ཚོགས་ཀྱི་སྡོམ་པ་བསྐྱར་གསོ།”

ཕྱི་ལོ་ ༡༩༡༠ ནས་ ༡༩༤༥ བར་ཉི་ཧོང་གིས་ཀོ་རི་ཡ་དབང་སྒྱུར་བྱས་པའི་རིང་། ཀོ་རི་ཡའི་ཆོས་སྲུང་སྡེ་པའི་དགེ་སློང་མ་རྣམས་དགེ་འདུན་གཅིག་རྐྱང་གི་དྲུང་ནས་སྡོམ་པ་གནང་ཡོད། གཉིས་ཚོགས་ཀྱི་སྡོམ་པ་གནང་སྲོལ་ནི། ཕྱི་ལོ་ ༡༩༨༢ ལོར་སླར་གསོ་བྱུང་ཞིང་། དགེ་སློང་མ་དེ་དག་དང་ཀོ་རི་ཡའི་ཆོས་སྲུང་སྡེ་པའི་ལུགས་ཀྱི་དགེ་སློང་དང་ལྷན་དུ་གོ་སྒྲིག་ཞུས། སྡོམ་པ་ལེན་པ་པོ་གྲངས་ ༡༨༩ ཚང་མ་དགེ་ཚུལ་མ་ཡིན་ཅིང་། ཁོང་ཚོར་ཚང་མར་དུས་ཡུན་གཟའ་འཁོར་གཅིག་ནང་དགེ་སློབ་མ་དང་དགེ་སློང་མའི་སྡོམ་པ་ཐོབ་ཡོད། མ་གཞི་འདུལ་བའི་བསླབ་ཁྲིད་དེ་མཁན་པོས་བསྩལ་ཀྱང་། ཕྱི་ལོ་ ༡༩༩༦ དགེ་སློབ་མའི་སྡོམ་རྒྱུན་ནི་ཇོ་རྒྱེ་རྒྱུད་པའི་ Jogye Order ནང་དུ་སླར་གསོ་མཛད། ཕྱི་ལོ་ ༢༠༠༧ ལོར་དགེ་སློང་མ་རྣམས་འདུལ་བའི་གཞུང་ལ་བསླབ་པ་སློབ་གཉེར་ཚད་དང་ལྡན་པ་ཆགས་ནས་མཁན་མོ་བྱེད་ཐུབ་ཀྱི་ཡོད།

ཚོགས་དུས་གསུམ་པ། ཉིན་དང་པོ། དགེ་སློང་མའི་རྒྱུད་པའི་ལོ་རྒྱུས།

བྷེང་ཀོག་ Bangkok དང་པེ་རི་སི་ Paris ནས་ཨེ་ཀོལ་ཧྥ་རི་སེའི་རྡ་ཨེ་ཀ་སི་ཏྲིམ་ཨོ་རི་ཨེན་ཏིའི་ École Française d’Extrême-Orient མཁས་དབང་འབུམ་རབས་པ་པེ་ཊེར་སི་ཀི་ལིང་ Peter Skilling གི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “ལྷོ་ཨེ་ཤི་ཡའི་ནང་རབ་བྱུང་མའི་ལོ་རྒྱུས་འཚོལ་ཞིབ།”

རྒྱ་གར་ནང་པའི་བཀའ་བསྟན་ནང་དགེ་སློང་མ་ཧ་ལམ་གསལ་ཁ་མེད་ཀྱང་། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་བརྐོས་ཡི་གེའི་ནང་བྲིས་ཡོད། (ཡེ་ཤུའི་དུས་རབས་སྔོན་དུས་རབས་གསུམ་པ།) རྒྱལ་པོ་ཀ་ནིཥྐའི་ Kanishka དུས་སྐབས་དང་དེའི་རྗེས་སུ་(དུས་རབས་དང་པོའི་མཇུག་གམ་གཉིས་པའི་འགོར།) སྐུ་གདུང་དང་སངས་རྒྱས་ཀྱི་སྣང་བརྙན་མང་པོ་ཞིག་དགེ་སློང་མ་དང་ཁྱིམ་པ་བུད་མེད་རྗེས་འཇུག་པ་ཚོས་བཞེངས་ཡོད། རྒྱ་གར་ནང་བཙུན་མའི་དགོན་པ་ད་དུང་མཐོང་རྒྱུ་མེད།

ཐེ་ལན་ཌིའི་བྷེང་ཀོག་ནང་ཡོད་པའི་ཆུ་ལ་ལོང་ཀོ་རོན་ Chulalongkorn གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རབས་པ་དགེ་སློངམེ་ཏྟ་ནཱན་དོ། Mettanando ཡང་ན་འབུམ་རབས་པ་མ་ནོ་ལའོ་ཧ་ཝ་ནི་ཆིའི་ Dr. Mano Laohavanich གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “བཀའ་བསྡུ་དང་པོ་དང་དགེ་སློང་མའི་རྒྱུད་པ་འགོག་ཐབས།”

གསོ་བ་རིག་པའི་ལྟ་ཚུལ་ཐོག་ནས་བཤད་ན། སངས་རྒྱས་ནི་གང་གི་སྐུ་གཟུགས་ནང་ཁྲག་ཐོན་ནས་མྱ་ངན་ལས་འདས། དེ་རྗེས་འོད་སྲུང་ཆེན་པོས་འགན་འཁུར་མཛད་པ་དང་ཁོང་ནི་ཀུན་དགའ་བོའི་ཁ་གཏད་གཙོ་བོ་ཞིག་ཡིན། གང་ལགས་ཞེ་ན། འོད་སྲུང་ཆེན་པོས་རབ་བྱུང་མའི་ཁ་གཏད་དུ་ལངས་པ་དང་ཀུན་དགའ་བོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། སངས་རྒྱས་ཀྱིས་ཆོས་གཏན་ལ་དབབ་ཕྱིར་དགེ་སློང་ཕ་དང་མ། དགེ་བསྙེན་ཕ་དང་མ་རྣམས་ངེས་པར་དུ་མཉམ་འཛོམས་དགོས་ཞེས་གསུངས་ཀྱང་། འོད་སྲུང་ཆེན་པོས་དགེ་སློང་ཕ་གཅིག་པུ་བསྐོངས་ནས་བཀའ་བསྡུ་དང་པོ་མཛད་དེ་ཀུན་དགའ་བོར་ཉེས་འགེལ་མཛད། གཅིག་བྱས་ན་དགེ་སློང་མ་རྣམས་དགེ་སློང་ཕ་ལས་སྙན་གྲགས་ཆེ་བ་དང་། བསླབ་པ་སློབ་གཉེར་ཤུགས་ཆེ་བ་བྱེད་པ། སྤྱི་ཚོགས་ཞབས་ཞུ་ལེགས་པ་བསྒྲུབས་པའི་རྒྱུ་མཚན་གྱིས་འོད་སྲུང་ཆེན་པོ་དང་སྐབས་དེའི་དུས་ཀྱི་དགེ་སློང་ཕ་རྣམས་དགེ་སློང་མར་ཕྲག་དོག་ཟ་གི་ཡོད་ཤས་ཆེ། སྐབས་དེ་དུས་ཁོང་ཚོས་བུད་མེད་ལ་རྒྱབ་འགལ་གྱི་ཕྱོགས་རིས་བྱེད་པ་ནི་ལྕི་བའི་ལས་བརྒྱད་དང་མཉམ་དུ་ཡོངས་གྲགས་ལྟ་བུར་གྱུར། ང་ཚོས་དེ་ལྟའི་ཕྱོགས་ལྷུང་མེད་པ་བཟོ་དགོས། གཅེར་བུ་པའི་ཆོས་ལུགས་ནང་བུད་མེད་ལ་རྒྱབ་འགལ་གྱིས་ཕྱོགས་ཞེན་འཐེན་འཁྱེར་མེད་སྟབས་རྒྱ་གར་ནང་གནས་ཐུབ་པ་བྱུང་། འོན་ཀྱང་ནང་ཆོས་ཁྲོད་དེ་ལྟའི་ཕྱོགས་ལྷུང་གི་སྲོལ་ཡོད་པས་རྒྱ་གར་ནང་གནས་ཐུབ་མེད།

ཨ་རིའི་གྲོང་ཁྱེར་ཝི་སི་ཀོན་སིན་ལ་ཡོད་པའི་མེ་ཌི་སིན་ Madison གྱི་ཝི་སི་ཀོན་སིན་ Wisconsin གཙུག་ལག་སློབ་ཁངཆེན་པོའི་འབུམ་རམས་པའི་འོས་མི་དམ་ཆོས་ཌ་ཡེ་ཧྥི་ནེ་གེན་ Damchö Diana Finnegan གྱི་གསུང་བཤད་ཕྱོགསབསྡོམས།

བརྗོད་གཞི། “སྐྱོན་མེད་ཀྱི་སྡོམ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ལུགས་ནང་རབ་བྱུང་མའི་སྡོམ་པ་ནོད་སྲོལ་དང་འབྲེལ་བའི་གཏམ་གླེང་འགའ།”

བོད་རིགས་ཚོས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བའི་འགྲེལ་པ་ཁོ་ན་སློབ་སྦྱོང་བྱེད་ཀྱི་ཡོད། འོན་ཀྱང་སངས་རྒྱས་ཀྱིས་དགེ་འདུན་གྱི་སྡོམ་པ་གཏན་འབེབས་མཛད་པའི་དགོངས་པ་གཙོ་བོ་ནི་དགེ་འདུན་གྱི་སྡེ་ལ་སྤྱི་ཚོཌ་ནང་ནས་གུས་བརྩི་འཐོབ་ཕྱིར་ཡིན་ཞེས་གཞི་སྨྲའི་ལུགས་ཀྱི་འདུལ་བའི་གཞུང་དངོས་ཀྱི་ནང་བསྟན་ཡོད། དཔེར་ན། སངས་རྒྱས་ཀྱིས་མཐོ་རིམ་སྨད་འཚོང་མ་ཆེ་གེ་མོ་ཞིག་ལ་སྡོམ་པ་གནང་བ་དེ་སྐྱོན་མེད་པ་ཞིག་དགོས་ཞེས་གསུངས་སྐབས། དེ་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་རྒྱབ་སྐྱོར་དགོས་པའི་དོན་ཡིན། རྒྱབ་སྐྱོར་ཡང་ཐོབ་ཡོད། དེས་ན་སངས་རྒྱས་ཀྱིས་སྐབས་རེ་བསླབ་ཁྲིམས་ལ་འགྱུར་བ་མཛད་པ་དང་སྐབས་རེ་འགའ་དོར་གྱི་ཡོད། དེར་བརྟེན། དགེ་འདུན་གྱི་སྡེའི་དབུས་སུ་བུད་མེད་ཀྱི་རིམ་པ་གཉིས་པའི་གནས་བབས་ཀྱང་སྤྱི་ཚོཌ་ཀྱི་རྒྱབ་སྐྱོར་འཐོབ་ཆེད་གཏན་འབེབས་བྱས་པ་ཞིག་ཡིན།

ཉི་ཧོང་གི་གྲོང་ཁྱེར་ཏོ་ཀྱོའོ་ Tokyo ནང་ཡོད་པའི་གཙུག་ལག་གོང་མའི་ཆེད་རྒྱལ་སྤྱིའི་ནང་པའི་མཐོ་སློབ་ཀྱི་མཁས་དབང་འབུམ་རམསཔ་ཧྥོ་ལོ་རིན་ཌེ་ལི་ནུའི་ Florin Deleanu གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “རྒྱལ་ཁབ་ཀྱི་སྟངས་འཛིན་དང་མཐོང་ཆུང་དབར་གནའ་བོའི་བཙུན་མ་དང་དུས་སྐབས་བར་མའི་འགོ་སྟོད་ཀྱི་ཉི་ཧོང་།”

ཉི་ཧོང་གི་དགེ་སློང་མ་རྣམས་ཐོག་མར་དུས་རབས་དྲུག་པའི་མཇུག་ཙམ་ལ་ཀོ་རི་ཡ་ནས་ཆོས་སྲུང་སྡེ་པའི་རྒྱུད་པ་ལས་སྡོམ་པ་གནང་ཡོད། འོན་ཀྱང་ནཱ་རའི་ Nara དུས་སྐབས་ (༧༡༠ ནས་ ༧༩༤།) སུ་སྲིད་གཞུང་གིས་སྡོམ་པ་ལེན་མཁན་མང་པོ་ཞིག་ལ་ཚོད་འཛིན་བྱས་ཡོད། ཉི་ཧོང་ནང་གི་དེའི་རྗེས་ཀྱི་བཙུན་མ་རྣམས་ལ་སྡོམ་པ་ནོད་སྐབས། ཆོས་སྲུང་སྡེ་པའི་ལུགས་ཀྱི་སྡོམ་པ་འབོག་པའི་ཆོ་ག་ཏག་ཏག་ཅིག་ལག་བསྟར་བྱས་མེད་པར་མངོན། ཡོངས་གྲགས་མིན་པའི་སྡོམ་པ་འབོག་འཇོག་སྐབས་རབ་བྱུང་མ་རྣམས་ཀྱིས་དགེ་རྒན་རྐྱང་པ་ལས་སྡོམ་པ་ལེན་པ་དང་། ཚངས་པའི་དྲྭ་བའི་མདོ་ལས། བསླབ་ཁྲིམས་ཁག་བཅུ། རང་གིས་རང་ལ་སྡོམ་པ་འབོག་འཇོག་སྐབས་རབ་བྱུང་མ་ཚོས་ཕལ་ཆེ་བ་བྱང་ཆུབ་སེམས་དཔའི་སྡོམ་པ་འབའ་ཞིག་ལེན་ཅིང་། དེ་ནི་ཡོངས་གྲགས་དང་ཆོ་ག་གང་ཡང་སྒྲུབ་མི་དགོས། ཧཱེ་ཨཱན་ Heian དུས་སྐབས་ (༡༠༩༡ ནས་ ༡༡༥༢ བར།) སུ་རབ་བྱུང་མ་རྣམས་ལ་གཞུང་འབྲེལ་གྱི་རྒྱབ་སྐྱོར་དམན། དུས་རབས་བཅུ་གསུམ་པའི་ནང་ཀ་ཀུ་ཇཱོ་ Kakujo དང་ཨཱེ་སཱོན་ Eison གཉིས་ཀྱིས་རང་གིས་རང་ལ་སྡོམ་མནོས་པ་དང་དགེ་སློང་ཡིན་ཞེས་གསལ་བསྒྲགས་བྱས། དེའི་རྗེས་ཨཱེ་སཱོན་གྱིས་རང་ཉིད་ཀྱི་རྒྱུད་པའི་ཁོངས་ནས་དགེ་སློང་ཕ་བཅུ་རོགས་དང་བཅས་བུད་མེད་ཚོར་དགེ་ཚུལ་མ་དང་། དགེ་སློབ་མ། དགེ་སློང་མ་བཅས་ཀྱི་སྡོམ་པ་གནང་། དེ་ལྟའི་ལམ་སྲོལ་དེ་ནི་ཉི་ཧོང་ནང་དུས་རབས་བཅོ་བརྒྱད་པའི་བར་དུའང་ཉམས་ལེན་བྱས་ཡོད།

ཨ་རིའི་གྲོང་ཁྱེར་ཊེག་སེ་སའི་ Texas ཨ་སི་ཊིན་ Austin མཐོ་སློབ་ཀྱི་འབུམ་རམས་པ་ཨི་ཝི་ཊེ་མེ་རི་ཡཱ་ཝར་གཱ་སེ་ཨོ་བེ་རན་ Ivette Maria Vargas-O’Brian གྱི་གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “རབ་བྱུང་མ་དྲན་པ། དེང་དུས་བོད་པའི་སྤྱི་ཚོགས་ཀྱི་དཔེ་མཚོན།”

དུས་རབས་བཅུ་གཅིག་ནང་རྒྱ་གར་རམ་ཀཥྨིར་དགེ་སློང་མ་དཔལ་མོ་དང་ཁོ་རང་གི་མི་ཚེའི་ནང་མཛེ་ནད་བཅོས་པ་དང་སྙུང་གནས་གསར་འཛུགས་བྱས་པའི་ལོ་རྒྱུས་དེ་ནི་བོད་རིགས་བུད་མེད་རྣམས་ལ་དཔེ་མཚོན་དང་སེམས་སྐུལ་ཆེན་པོ་ཞིག་ཡིན།

ཉི་ཧོང་ཏོའོ་ཀྱོའོ་ནང་ཡོད་པའི་ཨོ་ཊ་ནི་ Otani གཙུག་ལག་སློབ་ཁང་ཆེན་མོའི་འབུམ་རམས་པ་ཤོ་བྷ་རཱ་ནི་ད་ཤའི་ Shobha Rani Dash གསུང་བཤད་ཕྱོགས་བསྡོམས།

བརྗོད་གཞི། “ནང་པའི་གཞུང་ལ་འགྲེལ་བརྗོད་ལོག་པ་དང་བུད་མེད་ཀྱི་སྡོམ་པ་འབོག་འཇོག་གི་དཀའ་ངལ།”

གཞོན་ནུ་འཚོས་ Kumarajiva དམ་ཆོས་པདྨ་དཀར་པོའི་མདོ་རྒྱ་ནག་གི་སྐད་དུ་བསྒྱུར་བའི་ནང་། བུད་མེད་ཀྱི་ལུས་མི་གཙང་བའི་སྐོར་གྱི་དུམ་བུ་དེ་ནི་ལོ་ཙཱ་བ་ཉིད་ཀྱིས་ཁ་སྣོན་བྱས་པར་མངོན་ཞིང་། ལེགས་སྦྱར་སྐད་ནང་དེ་ལྟར་མེད། དང་ཐོག་དཔེ་ཆ་དེའི་ནང་བུད་མེད་རྣམས་ཚངས་པ། བརྒྱ་བྱིན། རྒྱལ་ཆེན་རིགས་བཞི་ནང་གི་གཅིག །འཁོར་ལོས་སྒྱུར་བའི་རྒྱལ་པོ། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་བཅས་ཀྱི་གནས་ལྔ་ལ་སླེབས་ཐུབ་མེད་ཅེས་གསལ་ཡོད། གཞོན་ནུ་འཚོས་ལེགས་སྦྱར་གྱི་ཐ་སྙད་ “གནས་ལྔ་” ཞེས་པ་དེ་རྒྱ་སྐད་ནང་ “འགལ་རྐྱེན་” ཞེས་བསྒྱུར་ཡོད་ཅིང་། “ད་ལྟ་བར་” ཞེས་པའང་ཕྱིར་ཕྱུང་ཡོད། དེ་ལྟར་ཁོང་གིས་དཔེ་ཆའི་ནང་བུད་མེད་ཀྱི་ལུས་ནི་མི་གཙང་བ་སྟེ་ཆོས་བསྟན་པའི་སྣོད་དུ་མི་རུང་ཞེས་པ་དང་། དེས་ན་བུད་མེད་ཀྱི་ལུས་རྟེན་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་འཐོབ་ནུས་ཞེས་བཀོད་ཡོད། དུམ་ཚན་འདིས་ཉི་ཧོང་གི་ནང་ཆོས་ནང་ཕོ་མོ་དབྱེ་འབྱེད་ཤུགས་ཆེ་རུ་བཏང་ཡོད། སངས་རྒྱས་ཀྱིས་བུད་མེད་རྣམས་སྐྱེ་པ་ལས་རིམ་པ་གཅིག་གི་དམའ་བར་བཞག་པ་དེའང་སྤྱི་ཚོགས་ཀྱི་ཁྲོད་ནས་མ་གུས་པ་མི་ཡོང་བའི་ཆེད་དུ་ཡིན་པ་ལས་ཡིག་སྒྱུར་འགའ་ཞིག་གི་ནང་བཀོད་པ་བཞིན། བུད་མེད་རྣམས་རང་བཞིན་གྱིས་དམན་པའི་དོན་མ་ཡིན།

དགོང་དྲོའི་བགྲོ་གླེང་། ཉིན་དང་པོ།

ཁྲིམས་རྩོད་པ་རྣམས་ཁྲིམས་ཁང་ནང་རྩོད་གླེང་བྱེད་པ་ལྟར། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བྱེད་ཕྱོགས་ཀྱི་ཐབས་ལམ་སྣ་ཚོགས་གང་ལའང་ཕྱོགས་གཏོགས་དང་རྒྱབ་འགལ་གང་རུང་ཐོག་ནས་རྒྱུ་མཚན་ལྡན་པའི་བགྲོ་གླེང་བྱེད་རྒྱུ་ཡོད་སྲིད་པ་ཡིན། འོན་ཀྱང་དེའི་ཐད་ཉམས་ཞིབ་ཧ་ཅང་མང་པོ་བྱས་ཡོད་པ་དང་། ད་ཆ་ཐག་གཅོད་བྱེད་དགོས་ཀྱི་ཡོད། དེ་མིན་ཉམས་ཞིབ་ཀྱི་དུས་ཡུན་དང་འདུལ་བའི་ཁྲིམས་མཐུན་གྱི་བགྲོ་གླེང་རྣམས་ངེས་མེད་དུ་གནས་རྒྱུ་རེད། དགེ་འདུན་གྱི་སྡེ་རྐྱང་པའམ་གཉིས་ཚོགས་ཀྱི་སྒོ་ནས་སྡོམ་པ་འབོག་པའི་ཆོ་ག་གང་ཞིག་ལག་བསྟར་བྱས་རུང་། དགེ་སློང་མའི་སྡོམ་པ་གསར་དུ་བླངས་མཁན་ཚོར་གཞི་སྨྲའི་ལུགས་ཀྱི་དགེ་སློང་མའི་འདུལ་བ་སློབ་གཉེར་བྱ་ཕྱིར་གཞི་སྨྲའི་དགེ་སློང་བསླབ་པ་རྒན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། དེ་ལ་བརྟེན་ནས་ཁོང་ཚོའི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་ཆ་ཚང་བ་གང་མྱུར་མཐར་ཕྱིན་པ་དང་དགེ་བཤེས་མའི་གོ་མིང་དང་ལག་ཁྱེར་འཐོབ་ཐུབ་པ་ཞིག་ཡོང་ངེས་ཡིན། གལ་ཏེ་གཉིས་ཚོགས་ཀྱིས་སྡོམ་པ་དེ་ཆོས་སྲུང་སྡེ་པའི་སྡོམ་རྒྱུན་འཛིན་མཁན་གྱི་དགེ་སློང་མའི་འདུས་ཚོགས་སྡེའི་སྡོམ་པ་ནོད་པོའི་ཁོངས་སུ་གཏོགས་ཀྱང་། ཁོང་ཚོས་གཞི་སྨྲའི་ལུགས་ཀྱི་དགེ་སློང་ཕ་དང་འདྲ་བར་བོད་ཀྱི་ཉམས་ལེན་ལམ་སྲོལ་དང་སློབ་གཉེར་གྱི་རྗེས་སུ་འབྲང་གི་ཡོད་ན། དེར་ཁེ་ཕན་འཕར་མ་ཞིག་ཡོད་ངེས། སྡོམ་པ་ཞུ་མཁན་གྱི་ཚུལ་དུ་དགེ་འདུན་གྱི་སྡེ་གཅིག་པའི་ནང་གནས་པའི་ཆ་ནས་དེ་ལྟའི་སྡོམ་པ་ནོད་པ་པོས་དགེ་སློང་མའི་སྡོམ་པ་ཞུ་མཁན་གྱིས་སྡོམ་པ་ཞུ་བར་གྲ་སྒྲིག་ཡོད་མེད་ཚོད་དཔག་བྱེད་ཐུབ་ལ། ད་ཡོད་སྒེར་གྱི་སློན་དཔོན་གྱི་འགན་འཁུར་འཐུས་སྒོ་ཚང་བ་བསྒྲུབ་ཐུབ།།

Top