ཕྱི་ལོ་ ༡༩༩༠ ལོར་བྷུརྱ་ཏི་ཡ་ (Buryatia) དང་ཆཱི་ཏ་ (Chita) ལ་བོད་བརྒྱུད་ནང་བསྟན་དར་ཚུལ། བྷུརྱ་ཏི་ཡ་ངོ་སྤྲོད།

སྐད་ཡིག་གཞན།

ཕྱི་ལོ་ ༢༠༡༠ ལོར་ཨུ་རུ་སུར་བྷུརྱ་ཏིའི་མི་སེར་རྒྱལ་ཁབ་ཀྱི་ནང་བྷུརྱ་ཏི་འབུམ་གཉིས་དང་སྟོང་ཕྲག་བརྒྱད་ཅུ་གྱ་དྲུག་ (༢༨༦༠༠༠) ཡོད་པ་དང་དེའི་ནང་མི་སེར་རྒྱལ་ཁབ་ཀྱི་མི་འབོར་བརྒྱ་ཆ་སུམ་ཅུ་ཡོད་པ་རེད། ཆཱི་ཏ་རྫོང་ (Chita district) ལ་བྷུརྱ་ཏི་གྲངས་འབོར་དེ་བརྒྱ་ཆ་ལྔ་ནས་དྲུག་བར་ཡིན་པ་དང་ཨེ་གིནྶ་ཀིའི་གྲྭ་ཚང་ (Aginsky Datsang) གི་ཉེ་འཁོར་ཨེ་གིན་བྷུརྱ་ཏིའི་རྫོང་ (Agin-Buryat) གི་ཨེ་གིནྶ་ཀོ་ཡའི་ (Aginskoye subdistrict) ནང་གསེས་ཀྱི་རྫོང་དུ་གནས་པའི་བྷུརྱ་ཏི་ནི་ནང་གསེས་རྫོང་གི་མི་འབོར་གྱི་བརྒྱ་ཆ་དྲུག་ཅུ་རེ་བདུན་ཡོད་པ་རེད། ཁྱོན་བསྡོམས་ན་དེ་དག་གི་ནང་ཕྱི་ལོ་ ༢༠༠༨ ལོའི་རྗེས་ནས་རྫོང་གཉིས་ཀ་གཏོགས་པའི་ཛ་བེ་ཀལ་སི་ཀི་ ཀྲེའི་ (Zabaykalsky Krai) མི་འབོར་བརྒྱ་ཆ་བདུན་ནས་བརྒྱད་བར་ཡོད། ཤར་བཻ་ཀལ་མཚོའི་ (Lake Baikal/Transbaikalia) ཕར་ཕྱོགས་སུ་ཡོད་པའི་བྷུརྱ་ཏི་མང་ཆེ་བ་ནི་ནང་པ་ཡིན་པ་དང་ནུབ་ཀྱི་ཕྱོགས་སུ་ (Prebaikalia) ཡོད་པ་རྣམས་ནི་ཨུ་རུ་སུའི་རྙིང་ཞེན་ཅན་ཡིན་པ་རེད། དེ་གཉིས་ཕན་ཚུན་ཧ་ཅང་མི་དགའ་བ་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༢༠ ལོའི་གསར་བརྗེའི་རྗེས་སུ་བཻ་ཀལ་གྱི་མཚོའི་ཕར་ཕྱོགས་སུ་ཡོད་པའི་བཻ་ཀལ་གྱི་བྷུརྱ་ཏིའི་སྡེ་ཁག་གཅིག་ནང་སོག་ལ་གནས་སྤོས་པ་དང་དེ་དག་མང་ཆེ་བ་ཧོ་ཧོའི་ (Hohhot) ཉེ་འགྲམ་དུ་ཡོད། 

བཻ་ཀལ་གྱི་མཚོའི་ཕར་ཕྱོགས་སུ་ནང་ཆོས་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས།

དུས་རབས་ ༡༦ པའི་ནང་བོད་སོག་དགེ་ལུགས་པའི་ཆོས་བརྒྱུད་ནས་ཡིན་པའི་བྷུརྱ་ཏིའི་སོག་པོའི་རུས་སྡེ་རྣམས་བྱང་སོག་ནས་ས་ཡེ་བྷེ་རི་ཡའི་བཻ་ཀལ་གྱི་མཚོ་ལ་གནས་སྤོ་རྒྱུ་འགོ་ཚུགས་པ་རེད། དུས་རབས་ ༡༧ པའི་ནང་ཨུ་རུ་སུས་ས་ཡེ་བྷེ་རི་ཡ་དབང་སྒྱུར་བྱས་ནས་ཁོང་ཚོའི་རྒྱལ་ཁམས་ཀྱི་ཆ་ཤས་སུ་བཟོས་པ་རེད། ཕྱི་ལོ་ ༡༧༢༧ ལོར་ཨུ་རུ་སུ་དང་སོག་པོའི་དབར་གྱི་ས་མཚམས་དེ་ནི་མན་ཇུའི་རྒྱལ་ཁམས་ཀྱི་ཆ་ཤས་ཡིན་པ་དེ་གཏན་ལ་ཕབ་པ་རེད། འདིའི་རྗེས་སུ་གནས་སྐོར་བ་རྣམས་འགྲོ་ཆོག་ནའང་ཡུལ་སྤོ་འགྲོ་འོང་དང་རྒྱུན་སྲོལ་གྱི་འབྲེལ་བ་མང་ཆེ་བ་མཚམས་འཇོག་བྱས་པ་རེད། ཨུ་རུ་སུའི་རྒྱལ་པོ་ཛཱར་ (Czars) ཚོས་བྷུརྱ་ཏི་མགུ་བའི་ཕྱིར་དང་ས་མཚམས་བདེ་འཇགས་ཀྱི་ཆེད་ནང་ཆོས་ལ་རྒྱབ་སྐྱོར་བྱས་པ་དང་བླ་མ་རྣམས་བཀོལ་སྤྱོད་བྱས་ཏེ། ཁྲལ་བསྡུ་རུབ་ལ་རོགས་བྱས་ཤིང་མི་འབོར་ལ་སྟངས་འཛིན་ཆེ་བ་བྱས་ཐུབ་ཡོད། དེར་བརྟེན་ཨུ་རུ་སུའི་དཀྱིལ་དུ་གནས་སྡོད་བྱེད་པའི་ཁལ་མུག་དང་མི་འདྲ་བར་རྒྱང་ཐག་རིང་བའི་ཤར་ཕྱོགས་ཀྱི་ས་མཚམས་ས་ཁུལ་དུ་ཡོད་པའི་བྷུརྱ་ཏི་རྣམས་ལ་རུ་སུའི་ཡུལ་མི་ནས་ཞི་ལྷིང་ཆེ་བའི་ལྟ་སྐྱོང་ཐོབ་ཡོད། མན་ཇུའི་རྒྱ་ནག་ལ་ཚོང་ལས་རྗེས་སྙེག་དང་གནོན་ཤུགས་སྤྲོད་པ་ལ་བརྟེན་ནས་དབང་ཤུགས་ཀྱི་གོ་གནས་ཤིག་སྐྲུན་པར་རུ་སུའི་ཡུལ་མི་ཚོ་ལ་བྷུརྱ་ཏིའི་མཉམ་རུབ་དེ་དགོས་ཀྱི་ཡོད། དེ་འདྲ་སོང་ཙང། ནང་ཆོས་ནི་ཁལ་མུག་དང་ཐུ་ཝ་ལས་ལྷག་པའི་བྷུརྱ་ཏིའི་ནང་ཤུགས་ཆེ་བ་དང་མགྱོགས་པ་དར་རྒྱས་ཕྱིན་པ་རེད། 

ཕྱི་ལོ་ ༡༧༤༡ ལོར་ཚོན་གོལ་སི་ཀི་ (Tsongolsky) ལ་གྲྭ་ཚང་གཏན་འཇགས་དང་པོ་དེ་བཞེངས་པ་དང་དེའི་ལོ་ ༢༥༠ འཁོར་བའི་དུས་དྲན་དེ་ཕྱི་ལོ་ ༡༩༩༡ ལོར་སྲུང་བརྩི་ཞུས་པ་རེད། དེའི་རྗེས་ཀྱི་དུས་ཚོད་ཏོག་ཙམ་ནས་གྲྭ་ཚང་གཞན་གསུམ་བཞེངས་ཡོད་པའི་ནང་གི་གལ་ཆེ་ཤོས་དེ་ནི་གུ་སི་ནོ་ ཨོ་ཛེ་རོ་ (Gusino Ozero Datsang) གྲྭ་ཚང་ཡིན་པ་རེད། ཨུར་ག་ (Urga) ནས་ཡིན་པའི་སོག་པོའི་འགོ་ཁྲིད་བླ་མ་བོག་དོ་གེ་གན་རྗེ་བཙུན་དམ་པ་ཧུ་ཐུཁ་ཐུའི་ (Bogdo Gegen Jabtzun-dampa Hutukhtu) ཤུགས་རྐྱེན་ཞན་དུ་གཏོང་བའམ་དེ་ལ་ཁ་གཏད་ཀྱི་ཆེད་དུ་ཛཱར་གྱིས་བཻ་ཀལ་མཚོ་བརྒལ་བའི་ས་ཁུལ་གྱི་གཏན་འཇགས་འཛིན་སྐྱོང་དང་ཆོས་ཕྱོགས་ཀྱི་འགོ་ཁྲིད་དུ་གུ་སི་ནོ་ ཨོ་ཛེ་རོའི་མཁན་པོ་བསྐོ་བཞག་བྱས་ཏེ། ཁོང་ལ་པནྜི་ཏ་མཁན་པོ་བླ་མ་ (Bandido Khambo) ཞེས་མཚན་གནས་གསོལ།  

དུས་རབས་ ༡༨ པའི་མཇུག་དང་དུས་རབས་ ༡༩ ཧྲིལ་པོའི་ནང་ཡར་རྒྱས་ཆེན་པོ་བྱུང་བ་དང་བོད་ཀྱི་ཤེས་བྱ་རིག་གནས་ཀྱི་ཡན་ལག་ཚང་མ་ངོ་སྤྲོད་བྱས་ཡོད། བོད་ལ་གནས་སྐོར་དུ་འགྲོ་མཁན་ཧ་ཅང་མང་པོ་ཡོད་པ་དང་དེའི་ཐོག་ནས་གཞུང་ལུགས་མང་པོ་ཞིག་ཚུར་གདན་དྲངས་ཡོད་པ་རེད། བོད་དང་སོག་པོའི་ཆེས་དཀོན་པའི་དཔེ་ཆ་དེ་དག་གཙོ་བོ་ཨ་གིནྶ་ཀི་ (Aginsky) དང་ཙུ་གུལ་སི་ཀིའི་ (Tsugulsky) གྲྭ་ཚང་དུ་པར་དུ་བཏབ་པ་རེད། གྲྭ་ཚང་དེ་དག་གི་ནང་དུ་མཐོ་སློབ་རིགས་བཞི་ཡོད་དེ། མཚན་ཉིད་དང་། སྨན་པ། དུས་འཁོར། རྒྱུད་བཅས་རེད། སོག་ཡུལ་དུ་གྲྭ་ཚང་མང་ཆེ་བའི་ནང་བདེ་བ་ཆེན་ཞེས་བྱ་བའི་འོད་དཔག་མེད་ཀྱི་དག་པའི་ཞིང་ཁམས་སུ་སྐྱེ་བའི་ཆེད་དུ་འོད་དཔག་མེད་ཀྱི་ལྷ་ཁང་ཞིག་ཀྱང་ཡོད། 

སོག་པོའི་བརྒྱུད་པ་དང་འགྲོས་ཀྱི་རྗེས་སུ་འབྲང་པ་དང་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་པོ་ཏཱ་ལའི་རྣམ་རྒྱལ་གྲྭ་ཚང་ནས་བྱུང་བའི་དུས་འཁོར་གྱི་གྲྭ་ཚང་གཙོ་བོ་ནི་གུ་སི་ནོ་ ཨོ་ཛེ་རོ་ (Gusino Ozero) དང་ཨ་ནིནྶ་ཀི། (Aninsky) ཨེཇ་ཐུའི་སི་ཀི་ (Egetuisky) བཅས་ཡིན་པ་རེད། ཁོང་ཚོར་དེ་ཐོབ་སའི་སོག་པོའི་ནང་གི་གྲྭ་ཚང་གཙོ་བོ་ནི་བདེ་ཆེན་ཀ་ལ་ཝ་ཡིན་པ་དང་དེ་ནི་རྒྱལ་ཆེན་རིན་པོ་ཆེས་ཕྱག་བཏབ་ཅིང་། ད་ལྟ་གནས་མེད། ཨ་གིནྶ་ཀིས་དུས་འཁོར་གྱི་བརྒྱུད་པའི་རྗེས་སུ་འབྲངས་པ་དང་འགྲོས་དེ་ཐད་ཀར་བླ་བྲང་བཀྲ་ཤིས་འཁྱིལ་ནས་བླངས། ཁོང་ཚོས་ཆོ་གའི་དཔེ་ཆ་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་ཟེར་བ་དེ་གཅིག་པ་བེད་སྤྱོད་བྱེད་ཀྱི་ཡོད། འདི་ནི་དུས་འཁོར་གྱི་སྐོར་ལ་དངོས་སུ་སློབ་གཉེར་བྱེད་སའི་བསྟི་གནས་ཁང་གཙོ་བོ་དེ་ཡིན་པ་རེད། བླ་མ་རྒན་པ་ཚོས་དྲན་གསོས་པ་ལྟར་ན། ལེ་ནིན་གྲེཌ་ (Leningrad) གྲྭ་ཚང་གིས་ཕལ་ཆེར་ཨགིནྶ་ཀིའི་འགྲོས་དང་མཐུན་པའི་དུས་འཁོར་ཉམས་ལེན་བྱེད་ཀྱི་ཡོད་ནའང་། ཆོ་ག་གཅིག་པུ་བསྒྲུབ་པ་ལས་དེའི་ཐད་དངོས་སུ་སློབ་གཉེར་བྱ་རྒྱུ་མེད་ཅེས་གསུངས། ཨགིནྶ་ཀིས་དེའི་བརྒྱུད་པ་དང་ལུགས་སྲོལ་ཚང་མ་ཐད་ཀར་བླ་བྲང་ནས་བླངས་པ་སོང་ཙང་། ཁོང་ཚོས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་ཁག་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་། བླ་མ་རྒན་པ་ཚོས་བྷུརྱ་ཏི་ལ་སོག་པོའི་ནང་བེད་སྤྱོད་བྱེད་པའི་ཀུན་མཁྱེན་དང་། རྗེ་བཙུན། པན་ཆེན་བཅས་ཀྱི་ཡིག་ཆ་གསུམ་ཀ་ཕལ་ཆེར་ཡོད་ཅེས་བསམ་གྱི་ཡོད་ཀྱང་། གནད་དོན་འདིའི་ཐད་ལ་ཁོང་ཚོ་ངེས་བརྟན་ཞིག་མེད། མཚན་ཉིད་ཀྱི་ཐད་སློབ་ཕྲུག་ཡག་ཤོས་རྣམས་སོག་ཡུལ་དུ་མུ་མཐུད་ནས་སྦྱོང་བརྡར་ཆེད་བཏང་བ་དང་དེ་དག་ལས་ཡག་ཤོས་རྣམས་བོད་དུ་ཕྱིན་པ་རེད། 

ཕྱི་ལོ་ ༡༩༡༧ ལོར་བཻ་ཀལ་མཚོ་བརྒལ་བའི་ས་ཁུལ་དུ་གྲྭ་ཚང་དང་འདུས་ཁང་ (མི་སྐྱ་ཚོ་ཁ་འདོན་ཆེད་འཛོམས་སའི་ཚོགས་ཁང་) བཞི་བཅུ་ཞེ་དྲུག ༤༦ དང་བླ་མ་ཆིག་ཁྲི་ལྔ་སྟོང་ ༡༥༠༠༠ ཡོད་པ་རེད། སི་ཏ་ལིན་གྱི་འོག་ཏུ་ཕྱི་ལོ་ ༡༩༣༢ ནས་ ༡༩༣༩ བར་གྲྭ་ཚང་མང་པོ་ཞིག་གཏོར་སྐྱོན་ཤོར་བ་དང་། བླ་མ་རྣམས་བཙོན་དུ་བཅུག་པ། དཔེ་ཆ་རྣམས་མེར་བསྲེག་བཏང་ཡོད། གང་ལ་གང་ཙམ་གྱི་མ་ཉམས་པར་རྒྱུན་གནས་ཐུབ་པ་བྱུང་བ་ནི་ཨགིནྶ་ཀི་དང་། ཙུ་གུལ་སི་ཀི། གུ་སི་ནོ་ ཨོ་ཛེ་རོ་གཅིག་པུ་ཡིན་པ་དང་དེ་དག་ཀྱང་བཻ་ཀལ་མཚོ་བརྒལ་བའི་ས་ཁུལ་དང་ལེ་ནིན་གྲེཌ་གྲྭ་ཚང་ནང་ཡོད། གཞན་དག་ཚང་མ་རྩ་གཏོར་ཕྱིན་ཡོད་པ་དང་འགའ་ཞིག་ནི་རྦད་དེ་ཁ་འཐོར་ཕྱིན་ཡོད། ལྷ་ཁང་དེ་དག་ལས་ཐང་ག་དང་སྐུ་འདྲ་མང་པོ་ཞིག་གཞུང་བཞེས་བཏང་བ་རྣམས་ལེ་ནིན་གྲེཌ་དང་ཡང་ན་ཨུ་ལན་ཨུ་དེར་ (Ulan Ude) ཡོད་པའི་ཡེ་ཤུའི་ལྷ་ཁང་རྙིང་པ་ཞིག་གི་ནང་དུ་གསོག་འཇོག་བྱས་ཡོད་པ་དང་དེ་དག་ནི་ཚོང་ཟོང་དོས་ཁང་ལྟ་བུར་བཀོལ་སྤྱོད་བྱས་ཡོད། ཡེ་ཤུའི་ལྷ་ཁང་རྙིང་པ་འདིའི་ནང་ད་དུང་ཡང་ཙནྡན་ཇོ་བོའི་སྐུ་ངོ་མ་མིའི་གཟུགས་ཚད་དང་དེ་བཞིན་དུས་རབས་ ༡༩ པའི་མཇུག་ཏུ་རྒྱ་རིགས་ཕྱི་མིར་རྒྱབ་འགལ་གྱི་གྱེན་ལོག་ (Boxer Rebellion) སྐབས། པེ་ཅིང་ནས་རྒྱའི་ལག་ནས་བྷུརྱ་ཏིས་རྐུ་མ་རྐུས་པའི་ཙནྡན་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་འདྲ་སྔོན་སྟོན་པ་ཞལ་བཞུགས་པའི་སྐབས་སུ་བཞེངས་པ་ཞིག་ཡོད། 

ད་ལྟའི་གནས་བབས།

ཕྱི་ལོ་ ༡༩༤༠ ཡས་མས་སུ་དནྡ་རོན་ (Dandaron) དང་གཞན་རྣམས་ཚུད་པའི་མི་མང་པོ་སི་ཏ་ལིན་ལ་སླར་ཡང་ནང་ཆོས་གྲངས་ཉུང་བའི་སྒོ་ནས་ཉམས་ལེན་བྱེད་ཆོག་པའི་མིང་འཁོད་སྙན་ཞུ་ཕུལ་བ་བཞིན་སི་ཏ་ལིན་གྱིས་ས་ཆ་གཉིས་ལ་བྱས་པ་རེད། ཨི་ཝོལ་གིནྶ་ཀིའི་ (Ivolginsky) གྲྭ་ཚང་གསར་པ་དེ་ཨུ་ལན་ཨུ་དེའི་ཕྱི་ལོགས་སུ་བཞེངས་པ་དང་དེར་དབུས་ནང་པའི་ལྷན་ཚོགས་ཤིག་གསར་འཛུགས་བྱས། དེའི་མཁན་པོ་ལ་སྲོལ་རྒྱུན་གྱི་མཚན་གནས་པནྜི་ཏ་མཁན་པོ་བླ་མ་ཞེས་བྱིན་ཡོད། ཁང་པ་གཅིག་ནི་ཨ་གིནྶ་ཀི་ལ་ཡོད་པ་དང་དེ་ནི་ཆཱི་ཏའི་ལྷོ་ཤར་མཚམས་སུ་ཆུ་ཚོད་གསུམ་ཙམ་མོ་ཊ་བཏང་ནས་འགྲོ་དགོས། དེ་ནི་ཕྱི་ལོ་ ༡༩༠༠ ལོའི་འགོ་སྟོད་ཙམ་ལ་ཁང་པའི་བཟོ་བཀོད་སྒྱུ་རྩལ་དེ་ཏོག་ཙམ་ཨུ་རུ་སུའི་ལུགས་ལྟར་སྒྱུར་བཅོས་བཏང་ཡོད་པ་དེའང་ནང་པ་ཚོ་ལ་བྱིན་པ་རེད། ཡིན་ནའང་། དེའི་ཚོགས་ཆེན་གཙོ་བོ་ནི་ཆང་རག་རྒྱུན་སྤྱོད་བྱེད་མིའི་སྨན་ཁང་དང་བཙོན་ཁང་ལས་བཀོལ་སྡོད་སྒར་བཟོས་ཡོད་པ་དང་ཆང་རག་རྒྱུན་སྤྱོད་བྱེད་མི་དེ་དག་ཕྱི་ལོ་ ༡༩༨༩ ལོར་མ་གཏོགས་ཕྱི་ལོགས་གནས་སྤོས་བྱས་མེད། ཡུལ་དེའི་རྫོང་གི་ལྷན་ཚོགས་ཀྱིས་དེ་ནི་བྷུརྱ་ཏིའི་རིག་གཞུང་གི་འགྲེམས་སྟོན་ཁང་ཞིག་ཏུ་སྒྱུར་འདོད་ཡོད་ནའང་། དེའི་ཚབ་ལ་ནང་པའི་ཆོས་རིག་སློབ་གཉེར་ཁང་གསར་པ་ཞིག་བཀོད་སྒྲིག་བྱ་རྒྱུའི་བསམ་བློ་ངོ་སྤྲོད་བྱས་པའི་སྐབས། ཁོང་ཚོས་དགོས་དོན་དེའི་ཆེད་དུ་བེད་སྤྱོད་བྱ་ཕྱིར་དེ་བསྐྱར་དུ་འཛུགས་སྐྲུན་ལ་རོགས་བྱེད་འདུན་ཡོད་པའི་བཟོ་འདྲ་འདུག ནང་ལོགས་ནི་ཁང་མིག་ཆུང་ཆུང་གི་ནང་ནང་གསེས་ཀྱི་དབྱེ་བ་ཕྱེས་ཡོད་པ་དང་དུས་འཁོར་གྲྭ་ཚང་གི་ཁང་པ་དེ་ད་དུང་རྒྱུན་གནས་ཡོད་ནའང་། གནས་སྟངས་ཧ་ཅང་སྐྱོ་པོའི་སྒང་ལ་ཡོད། དུས་འཁོར་གྲྭ་ཚང་དང་ཚོགས་ཆེན་གཉིས་ཀྱི་བར་ལ་རྩྭ་ཐང་ཆེན་པོ་ཡིད་དུ་འོང་བ་ཞིག་ཡོད་པ་དང་འདུས་ཁང་ཆུང་ཆུང་ཞིག་ཀྱང་ད་བར་གནས་ཡོད། ཉེ་ཆར་ཨེ་གིནྶ་ཀི་དང་ཨུ་ལན་ཨུ་དེའི་བར་ལ་གནམ་གྲུ་ཆུང་ཆུང་ཞིག་བརྒྱུད་ནས་འགྲོ་ཐུབ་པ་བཟོས་ཡོད། 

ཙུ་གུལ་སི་ཀི་ནི་ཨེ་གིནྶ་ཀིའི་ཤར་ཕྱོགས་སུ་མོ་ཊའི་ནང་ཆུ་ཚོད་གཉིས་འགྲོ་དགོས་པ་དང་དེ་ནི་རྒྱ་ནག་གི་ས་མཚམས་དང་གང་འཚམས་ཀྱི་ཐག་ཉེ་པོ་ཡོད། ཚོགས་ཆེན་ནི་སྔོན་དམག་མི་སྡོད་ཁང་དུ་བཀོལ་སྤྱོད་བྱས་ཡོད་པ་དེ་ནི་ད་དུང་ཡང་གནས་སྟངས་ཧ་ཅང་སྐྱོ་པོའི་ཐོག་གནས་ཡོད། དེ་ནི་གཞི་རྩའི་ཆ་ནས་སྣང་མེད་ཐོག་བཞག་ཡོད་པ་རེད། ད་ལྟ་དེ་ནི་བསྐྱར་དུ་འཛུགས་སྐྲུན་བྱས་པ་དང་ཕྱི་ལོ་ ༡༩༨༩ ལོར་དབུས་ནང་པའི་ལྷན་ཚོགས་དང་མཉམ་དུ་དེབ་སྐྱེལ་བྱས་ཡོད། གུ་སི་ནོ་ ཨོ་ཛེ་རོ་ནི་ཨུ་ལན་ ཨུ་དེའི་ལྷོ་ཕྱོགས་སུ་ཆུ་ཚོད་གཅིག་དང་ཕྱེད་ཙམ་མོ་ཊ་བཏང་སར་ཆགས་ཡོད་པ་དང་། དེ་ནི་སོག་པོའི་ས་མཚམས་དང་ལམ་ཕྱེད་ཙམ་ཡིན་པ་རེད། དེར་ཁང་པ་གཉིས་ཡོད་པ་དང་དེ་དག་ཙུ་གུལ་སི་ཀིའི་ཁང་པ་ནང་བཞིན་གནས་སྟངས་ཞན་པོ་མེད་ནའང་། ཞིག་ཧྲུལ་ཏུ་བཞག་ཡོད། ཨེ་ལེགས་ཛེན་ཌར་ ཁོ་ཆ་རོཝས་ (Alexander Kocharov) སྒྱུ་རྩལ་གྱི་ལས་རིགས་སླར་གསོའི་ཆེད་ཨུ་ལན་ཨུ་དེའའི་ནང་གི་བྷུརྱ་ཏིའི་སྒྱུ་རྩལ་སླར་གསོའི་ལྷན་ཚོགས་ཆེད་དུ་ལས་ཀ་བྱས་ཡོད་པ་དེ་ལེ་ནིན་གྲེཌ་ནས་ཡིན་པའི་སྒྱུ་རྩལ་བ་གཞན་ཡུ་རི་ ནི་ཀོ་ནོ་རོ་ཊིཁ་ བྷོར་སོཝ་ (Yuri Nikonorovich Borsoev) དང་བརྗེ་པོ་རྒྱག་པ་དང་། ཁོང་ནི་བོད་ཀྱི་སྐུ་འདྲ་བཟོ་ལས་ལ་གང་འཚམས་ཀྱི་མཁས་པོ་ཡོད། འོན་ཀྱང་། དེའི་སྐབས་སུ་དངུལ་འདང་ངེས་མེད་པ་དང་ནང་པ་ཚོས་མཉམ་བཞུགས་བྱ་རྒྱུའི་ཐད་བསམ་བློ་འཁོར་མེད་པ་རེད། 

ངོས་རང་ཨི་ཝོལ་གིནྶ་ཀི་དང་། ཨེ་གིནྶ་ཀི། ཙུ་གུལ་སི་ཀི་བཅས་ལ་ཕྱིན་པ་ཡིན་ཏེ། ང་ཚོ་གུ་སི་ནོ་ ཨོ་ཛེ་རོ་བརྒལ་ནས་སོག་པོའི་ས་མཚམས་སུ་ཕྱིན་པའི་སྐབས། ངའི་ཁ་ལོ་པ་དང་ལམ་རྒྱུས་བྱེད་མི་གཉིས་ཀས་གྲྭ་ཚང་གང་དུ་ཡོད་ཤེས་ཀྱི་མི་འདུག ངས་ཨུ་ལན་ཨུ་དེར་ཡོད་པའི་བྷུརྱ་ཏིའི་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་གཅིག་པུར་གཏམ་བཤད་བྱས་པ་དང་དེ་ནི་ཚན་རིག་པ་ཚོ་ལ་མ་གཏོགས་མང་ཚོགས་སྤྱི་ལ་མ་རེད། 

ད་ལྟའི་ཆར་ (༡༩༩༠) ཨི་ཝོལ་གིནྶ་ཀི་ལ་བླ་མ་ ༣༦ དང་། ཨེ་གིནྶ་ཀི་ལ་བླ་མ་ ༡༢། ཙུ་གུལ་སི་ཀི་ལ་བླ་མ་ ༥ བཅས་ཡོད་འདུག ཨི་ཝོལ་གིནྶ་ཀིའི་མཁན་པོ་ནི་བསོད་པོ་བླ་མ་ (Sodbo Lama) དང་། ཨེ་གིནྶ་ཀིའི་མཁན་པོ་ནི་ཟོལ་ཏོ་བླ་མ (Zolto Lama) ཙུ་གུལ་སི་ཀིའི་མཁན་པོ་ནི་སྦྱིན་པ་རྒྱ་མཚོ་ཚེ་བེ་ནོཝ་ (Jimba Ggyatso Tsybenov) བཅས་རེད་འདུག མཁན་པོ་སྔ་མ་གཉིས་ནི་དགུང་ལོ་སུམ་ཅུའི་ནང་ཡིན་པ་དང་ཕྱི་མ་ནི་དྲུག་ཅུའི་སྨད་ཙམ་ཡིན་ཞིང་། བྷུརྱ་ཏིའི་ནང་གི་བླ་མ་མཁས་ཤོས་ནང་གི་གཅིག་ཡིན་པ་རེད། ཁོང་སྨན་པ་ཞིག་ཀྱང་ཡིན་པ་རེད། བླ་མ་གཅིག་གཉིས་ལས་གཞན་ཚང་མ་དགེ་བསྙེན་ཡིན་པ་དང་ཚང་མ་ཆང་ས་རྒྱག་ཟིན་པ་རེད། དེར་བརྟེན་ཐ་ན་པནྜི་ཏ་མཁན་པོ་བླ་མ་ཨེར་ཌི་ནིཝ་ (Bandido Khambo Lama Erdyneev) ཁོང་ཡང་འཁྲུངས་ས་བསྐྱོན་ཟིན་པའི་དགེ་བསྙེན་ཞིག་རེད། ཁོང་ཚོ་ཚང་མར་ལས་ཀ་སྤྲད་ཡོད་པ་དང་སྲིད་གཞུང་གིས་གླ་ཕོགས་སྤྲོད་ཀྱི་ཡོད་པས། ལས་ཀ་ནས་ཕྱིར་འབུད་ཀྱང་ག་དུས་ཡིན་ནའང་གཏོང་སྲིད་པ་རེད། དགེ་སློང་གཅིག་དང་དགེ་ཚུལ་གཅིག་ཁོ་ན་ཡོད་པ་དང་ཁོང་ཚོས་འདས་པའི་ལོ་ཁ་ཤས་ནང་གཞི་ནས་སྡོམ་པ་ཞུས་ཡོད། ཡིན་ནའང་། སྲོལ་རྒྱུན་མི་འདྲ་བ་གཉིས་ནས་ཡིན་པ་རེད། མཁན་པོ་བླ་མ་གཞོན་པ་ཆོས་རྡོ་རྗེ་ཁོང་སོག་ཡུལ་དུ་དགེ་ཚུལ་ཆགས་པ་རེད། ད་ལྟ་རྡ་སར་སློབ་སྦྱོང་གནང་བཞིན་པའི་ཤེས་རབ་རྒྱ་མཚོ་ཁོང་རྒྱ་གར་ལ་༧གོང་ས་མཆོག་ནས་དགེ་སློང་གི་སྡོམ་པ་ཞུས་ཡོད། བླ་མ་མང་པོར་ཆང་རག་གི་དཀའ་ངལ་ཡོད་ནའང་། དེ་ནི་ཌེནྜ་རོན་གྱི་སྡེ་ཁག་ (Dandaron) གཅིག་པུ་ཡིན་པ་རེད། འོན་ཀྱང་། ཁོང་ཚོར་ལ་བླ་མ་མཆོད་པའི་ཚོགས་ཀྱི་ཆ་ཤས་སུ་ཨ་རག་ཝོཌ་ཀ་ཤེལ་དམ་གཅིག་ཆ་ཚང་འཐུང་བའི་ལུགས་སྲོལ་ཞིག་ཡོད་བཟོ་འདུག 

གྲྭ་པའི་གཉེན་སྒྲིག་ཐད་བྷུརྱ་ཏིའི་ལུགས་སྲོལ།

ད་ལྟའི་ཆར་བྷུརྱ་ཏིའི་ལུགས་སྲོལ་ནི་ཚང་མས་ཆང་ས་རྒྱག་རྒྱུ་དེ་ཡིན་ནའང་། དགེ་བསྙེན་གྱི་སྡོམ་པ་བླངས་ནས་གྲྭ་ཚང་དུ་ལས་ཀ་བྱེད་ཀྱི་ཡོད། ཁོང་ཚོའི་སྡོད་གནས་གཙོ་བོ་ནི་གྲྭ་ཚང་ནང་ཡིན་པ་དང་ཆུང་མ་དང་བུ་ཕྲུག་རྣམས་གྲྭ་ཚང་གི་ཕྱི་རོལ་ཏུ་ཁྱིམ་གཞན་ཞིག་གི་ནང་སྡོད་སྲོལ་ཡོད། ཁོང་ཚོས་མང་ཆེ་བ་སོག་པོའི་ཕྱུ་པའམ་དིལ་ (deel) ཟེར་བ་དེ་དང་གུ་ཐུང་གྱོན་གྱི་ཡོད། ཡིན་ནའང་། ཁོང་ཚོ་གྲྭ་ཚང་ལ་ཡོད་པའི་སྐབས་དང་དམིགས་བསལ་ཁ་ཏོན་སོགས་བྱེད་པའི་སྐབས་སུ་དིལ་གྱི་སྒང་ལ་བོད་ལུགས་གྲྭ་ཆས་གྱོན་གྱི་ཡོད། 

བྷུརྱ་ཏིའི་ནང་སོག་པོ་དང་བྷུརྱ་ཏིའི་དགེ་སློང་གི་བར་ལ་ཁྱད་པར་ཞིག་བཟོས་ཡོད། ཕྱི་ལོ་ ༡༩༣༠ ལོའི་སི་ཏ་ལིན་གྱི་དུས་སྐབས་སུ་སོག་པོའི་ནང་དགོན་པ་རྣམས་གཏོར་བཤིག་བཏང་བ་དང་གྲྭ་པ་རྣམས་བཙོན་དུ་བཅུག་པའི་རྗེས་སུ་ཨུ་ལཱན་བྷཱ་ཏར་ (Ulaan Baatar) ལ་དགའ་ལྡན་དགོན་པ་སྒོ་ཕྱེས་པའི་སྐབས། བླ་མ་རྒན་པ་མང་ཆེ་བ་ཆང་ས་རྒྱག་ཟིན་པ་རེད། ཆང་ས་མུ་མཐུད་ནས་རྒྱག་རྒྱུར་ཁུངས་སྐྱེལ་བྱེད་པའི་ཕྱིར། བླ་མ་འགའ་ཞིག་གིས་བོག་དོ་དགེ་གན་རྗེ་བཙུན་དམ་པ་ཧུ་ཐུཁ་ཐུ་སྐུ་ཕྲེང་བརྒྱད་པ་ཆང་ས་རྒྱག་ཡོད་པ་དང་ཁོང་ནི་དོན་ངོ་མར་ཕྱི་ལོ་ ༡༩༡༡ ནས་ ༡༠༢༤ བར་སོག་པོའི་ཆབ་སྲིད་ཀྱི་དབང་སྒྱུར་བྱེད་མཁན་ཁོང་གི་བརྒྱུད་པའི་ནང་གི་གཅིག་ཁོ་ན་དེ་ཡིན་པ་དང་། ཁོང་གིས་དགེ་ཚུལ་དང་དགེ་སློང་རྣམས་ཆང་ས་རྒྱག་ཆོག་པའི་གནང་བ་བྱིན་ཡོད། འོན་ཀྱང་། ཤེས་རབ་རྒྱ་མཚོའི་ཉམས་ཞིབ་ལྟར་ན། དེ་ལྟ་བུའི་གནང་བ་ནི་ནམ་ཡང་བྱིན་མེད་ཅེས་བརྗོད་ཡོད། ཁུངས་སྐྱེལ་འདི་ལ་གཞི་རྟེན་བྱས་ནས་སོག་པོའི་དགེ་ཚུལ་དང་དགེ་སློང་ཆང་ས་རྒྱག་སྲོལ་དེ་བྱུང་བ་དང་སྡོམ་པ་ནི་སྒྲོམ་གཞི་འདིའི་ནང་གནང་ཡོད་པ་རེད། ཕྱི་ལོ་ ༡༩༣༠ ཡས་མས་སུ་གཏོར་སྐྱོན་ཐེབས་པའི་སྔ་རོལ་དང་སོག་པོའི་གསར་བརྗེའི་སྔ་རོལ་ཏུ་སོག་པོའི་ནང་དགེ་ཚུལ་དང་དགེ་སློང་ཆང་ས་རྒྱག་མཁན་ཡོད་དང་མེད་ནི་གསལ་ཁ་མི་འདུག་པས། འདི་ནི་ཉམས་ཞིབ་བྱ་དགོས་པ་ཞིག་རེད། ཐུ་ཝའི་ནང་སོག་པོའི་ལུགས་སྲོལ་གྱི་རྗེས་སུ་འབྲང་མཁན་ཤིན་བྷ་ཡོལ་ (Shinbayol) ཟེར་བའི་མི་རྒན་ལོ་ ༩༤ ཅན་ཞིག་གིས་གསར་བརྗེའི་སྔོན་ལ་དགེ་སློང་རྣམས་སྐབས་སྐབས་སུ་ཆང་ས་རྒྱག་གི་ཡོད་པ་དང་། ཁོང་ཚོས་ཐ་ན་དེ་ནི་འདུལ་བ་དང་འགལ་གྱི་ཡོད་པ་ཤེས་ནའང་། སྐབས་རེར་ཁོང་ཚོ་དགེ་སློང་ཆགས་ཚར་བའི་རྗེས་སུ་ཆང་ས་རྒྱག་གི་ཡོད་ཅེས་ང་ལ་བཤད་སོང་།

སོག་པོའི་དགེ་ཚུལ་དང་དགེ་སློང་ཆང་ས་རྒྱག་སྲོལ་འདི་ནི་གང་ལྟར་ཡང་བཻ་ཀལ་ཕྱོགས་སུ་ཁས་ལེན་བྱེད་ཀྱི་མེད་པ་དང་། ཕལ་ཆེར་ཁལ་མུག་ནང་ལའང་ཁས་ལེན་བྱེད་ཀྱི་མེད་སྲིད། བྷུརྱ་ཏི་རྣམས་དེང་སང་གི་དུས་སུ་དགེ་སློང་དང་དགེ་ཚུལ་ཆགས་མེད། གང་ཡིན་ཞེ་ན། ཁོང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་རྗེས་སུ་ཤུགས་ཆེ་བ་འབྲངས་པ་དང་གྲྭ་པ་ཚོ་ངེས་པར་དུ་ཚངས་སྤྱོད་དུ་གནས་དགོས་པ་ཚོར་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་རྡོ་རྗེས་རྡ་སར་དགེ་ཚུལ་གྱི་སྡོམ་པ་མ་ཞུས་བར་སོག་ཡུལ་ནས་དགེ་ཚུལ་གྱི་སྡོམ་པ་བླངས་པ་དེ་ཧ་ཅང་ཉེན་ཁ་ཅན་ཡིན་པ་རེད། དེའི་རྒྱུ་མཚན་ནི་ཁོང་གྲྭ་པ་ཆང་ས་རྒྱག་ཆོག་པའི་ལུགས་སྲོལ་གྱི་རྗེས་སུ་འབྲང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་གོར་མ་ཆག་པ་རེད། 

གྲྭ་ཚང་ནང་ཆོས་ཕྱོགས་ཀྱི་ཉམས་ལེན།

གྲྭ་ཚང་གསུམ་གྱི་ནང་ནས་ཨི་ཝོལ་གིནྶ་ཀི་གཅིག་པུའི་ནང་བླ་མ་ཚོས་ཉིན་རེའི་ཞལ་འདོན་སྨོན་ལམ་གྱི་ཆོས་ཐུན་འཚོག་གི་ཡོད། ཞོགས་པ་རེ་རེ་བཞིན་ཚོགས་ཆེན་ནང་ཁོང་ཚོས་ཤེས་རབ་སྙིང་པོ་དང་། སྒྲོལ་མ་ཉེར་གཅིག་མ། གདུགས་དཀར་དང་དེ་བཞིན་བཟང་སྤྱོད་སྨོན་ལམ་སོགས་སྨོན་ལམ་སྣ་ཚོགས་པ་འདོན་གྱི་ཡོད། སྐབས་རེར་ཁོང་ཚོས་འཇམ་དཔལ་མཚན་བརྗོད་ཀྱང་འདོན་གྱི་ཡོད། ཟླ་བ་རེ་རེའི་ཚེས་གཉིས་པའི་སྐབས་སུ་ཁོང་ཚོས་ལྷ་མོ་དང་འཇམ་སིང་གི་བསྐང་གསོ་འདོན་པ་དང་ཚེས་བརྒྱད་ཉིན་སངས་རྒྱས་སྨན་ལྷ་དང་། ཚེས་སུམ་ཅུའི་ཉིན་སྒྲོལ་མར་མཎྜལ་བཞི་འབུལ་སྲོལ་ཡོད། ལོ་རེ་རེའི་ནང་ཁོང་ཚོས་དུས་འཁོར་དང་། གཤིན་རྗེ་གཤེད་ལྷ་བཅུ་གསུམ། ལཱུ་ཡི་པའི་འཁོར་ལོ་སྡོམ་པ། གསང་བ་འདུས་པ་བཅས་ཀྱི་བདག་དབང་ (སོག་ཡུལ་ནས་ཀྱང་བསྡུས་པའི་ཚུལ་དུ་) ལེན་སྲོལ་ཡོད་པ་དང་། ད་དུང་དྲུག་ཅུ་མའི་མཆོད་པའང་འབུལ་སྲོལ་ཡོད། གཤིན་རྗེ་གཤེད་མ་གཏོགས་གཞན་དེ་དག་གི་དབང་ཕལ་ཆེར་སུ་གཅིག་ལའང་མེད་པའམ། ཡང་ན་སུས་ཀྱང་རྟ་དབྱངས་འཐེན་སྟངས་ཤེས་ཀྱི་མེད། སྐབས་སྐབས་སུ་བླ་མ་མཆོད་པ་འདོན་གྱི་ཡོད། མགོན་ཁང་ནང་ཁོང་ཚོས་ཉིན་ལྟར་འཇམ་སིང་དང་ལྷ་མོའི་བསྐང་གསོ་འདོན་གྱི་ཡོད། 

གྲྭ་ཚང་གཞན་གཉིས་ཀྱི་ནང་ཁོང་ཚོར་ཉིན་རེའི་ཁ་ཏོན་སྨོན་ལམ་མེད་ནའང་། ཉིན་རེའི་སྲུང་མའི་གསོལ་ཁ་བྱེད་སྲོལ་ཡོད། ཨེ་གིནྶ་ཀིའི་ནང་ཁོང་ཚོས་འཇམ་སིང་གི་བསྐང་གསོ་ཉིན་ལྟར་འདོན་པ་དང་སྲུང་མའི་གསོལ་མཆོད་གཞན་རྣམས་འབོད་སྐུལ་ལྟར་འདོན་གྱི་ཡོད། ཁོང་ཚོས་བླ་མ་མཆོད་པ་ལོ་གཅིག་གི་ནང་ཐེངས་མ་ལྔ་དང་སྐབས་རེར་སངས་རྒྱས་སྨན་ལྷ་དང་སྒྲོལ་མའི་མཎྜལ་བཞི་བསྒྲུབ་ཀྱི་ཡོད། ལོ་གཅིག་གི་ནང་གཤིན་རྗེ་གཤེད་ལྷ་བཅུ་གསུམ་དང་དྲུག་ཅུ་མའི་མཆོད་པ་ཐེངས་གཅིག་བསྒྲུབ་ཀྱི་ཡོད། ཅུ་གུལ་སི་ཀིའི་ནང་ཁོང་ཚོས་གཤིན་རྗེ་བཤེད་ལྷ་བཅུ་གསུམ་དང་དྲུག་ཅུ་མའི་མཆོད་པ་ལོ་གཅིག་གི་ནང་ཐེངས་མ་འགའ་ཙམ་བསྒྲུབ་ཀྱི་ཡོད། 

བླ་མ་ཚང་མ་ཨུ་ལཱན་བྷཱ་ཏར་ལ་སློབ་གཉེར་ཆེད་དུ་དེར་ཡོད་དགའ་ལྡན་དགོན་པར་ལོ་ལྔའི་སྦྱོང་བརྡར་ལ་འགྲོ་གི་ཡོད། སྔོན་བྷུརྱ་ཏི་གཅིག་པུ་ཕྱིན་ཡོད། འདི་ལོའི་ནང་བྷུརྱ་ཏི་ ༢༥ སྟེང་ལ་ཁལ་མུག་པ་བདུན་ཀྱང་ཕྱིན་ཡོད་པ་རེད། ཐུ་ཝན་ཚོར་སྙན་ཞུ་འབུལ་མི་ཉི་ཤུ་ཡོད་ནའང་། ཁོང་ཚོས་ཀྱང་མི་བཅུ་གཏོང་འདོད་ཡོད། ཡིན་ནའང་། ཁོང་ཚོ་ལ་འགྲོ་ལུགས་འགྲོ་སྟངས་དང་རྒྱུད་རིམ་གྱི་སྐོར་གོ་རྟོགས་ལེགས་པོ་ཐོབ་མེད་པ་རེད། བསམ་བློའི་རྣམ་གཞག་ལྟར་བྱས་ན། ལོ་འདིའི་ནང་ཡུ་རོབ་རུ་སུའི་མི་རིགས་རྣམས་འཛུལ་བཞུགས་ཆོག་ནའང་། འོས་མི་ལྔ་ངོས་ལེན་བྱས་མེད་པ་རེད། འགའ་ཞིག་གིས་ཁོང་ཚོ་ངོས་ལེན་མ་བྱས་པ་དེ་ནི་ཁོང་ཚོས་སོག་སྐད་མི་ཤེས་པའི་རྒྱུ་མཚན་གྱིས་རེད་ཅེས་བསམ་གྱི་ཡོད་པ་དང་། གཞན་རྣམས་ཀྱིས་དེའི་རྒྱབ་ལ་ཀེ་ཇི་བྷི་ (KGB) ཆོས་དང་རིག་གཞུང་གི་ལས་དོན་ལ་སྟངས་འཛིན་བྱེད་པའི་ལྷན་ཚོགས་ཡོད་ཅེས་ཚོད་དཔག་བྱེད་ཀྱི་ཡོད། 

སོག་པོ་ཨུ་ལཱན་བྷཱ་ཏར་གྱི་ས་ཁུལ་གྱི་ཡུལ་སྐད་གཙོ་བོ་ཁལ་ཁ་ (Khalkha) དང་བྷུརྱ་ཏི་དང་ཁལ་མུག་གི་ཡུལ་སྐད་རྣམས་ཕན་ཚུན་གང་འཚམས་ཀྱི་གསལ་ལ་མི་གསལ་ལ་ཡིན་པ་དེ་ཤེས་དགོས། བྷུརྱ་ཏི་ནི་ཁལ་ཁ་ལ་ཁལ་མུག་ལས་ཐག་ཉེ་བ་ཡོད། ཡིན་ནའང་། ཡུལ་སྐད་དེ་དག་ཐམས་ཅད་བོད་ལྷ་ས་དང་། ཁམས། ཨ་མདོའི་ཡུལ་སྐད་ལས་ཐ་དད་ཡིན་པ་དང་། དེ་དག་ནི་རྒྱ་གར་གྱི་ཡུལ་སྐད་ནང་གི་ཧིནྡི་དང་པན་ཇབ་ཀྱི་སྐད་བར་གྱི་ཁྱད་པར་དང་འདྲ་ཆེ་བ་ཡོད། དེས་བྷུརྱ་ཏིའི་སྐད་བཤད་མཁན་ཚོ་ལ་ཆ་བཞག་ན་ཁལ་ཁའི་སྐད་དེ་གོ་ཐུབ་པར་ཟླ་བ་ཁ་ཤས་འགོར་གྱི་ཡོད། སོག་པོའི་ས་མཚམས་སུ་གནས་སྡོད་བྱེད་མཁན་ཐུ་ཝན་གྱི་སྐད་ངོ་མ་དེ་ཡུ་གུར་དང་འབྲེལ་བའི་ཏུར་ཀིའི་ཡུལ་སྐད་དེ་ཡིན་ནའང་། ཁོང་ཚོས་སྔོན་ཚུད་ནས་ཁལ་ཁའི་སྐད་ཤེས་ཀྱི་ཡོད། དེར་བརྟེན་བྷུརྱ་ཏིས་རུ་སུ་ཡོ་རུབ་པ་རྣམས་ལས་ལོགས་སུ་ཁོང་ཚོར་སློབ་འཁྲིད་ཀྱི་མཐུན་རྐྱེན་ཡོང་གི་རེད་ཅེས་དང་། དེ་དག་དང་མཉམ་བཞུགས་བྱེད་པར་ཁལ་མུག་དང་ཐུ་ཝན་རྣམས་ལ་ལས་སླ་པོ་ཞིག་ཡོང་གི་མ་རེད་ཅེས་ཨུ་ཚུགས་བྱེད་ཀྱི་ཡོད། དེ་ག་ནང་བཞིན་དེ་ནི་སོག་པོ་ནས་ཁོང་ཚོར་སྐད་ཡིག་བསླབ་པའི་ཆེད་ཁལ་ཁའི་སྐད་བཤད་མཁན་གྱི་བླ་མ་འགའ་ཞིག་ནང་འདྲེན་བྱེད་པའི་གནད་དོན་ལས་སླ་པོ་ཞིག་ཀྱང་ཆགས་ཀྱི་མ་རེད། 

ཕྱི་ལོ་ ༡༩༩༤ ལོའི་དུས་བསྟུན་ཁ་སྐོང་།

བྷུརྱ་ཏི་ལ་དེང་སང་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ནུས་པ་དང་ལྡན་པ་ཡོད་ནའང་། སོག་པོ་ལས་ཉུང་བ་ཡོད། སྐུ་ཞབས་སུན་ མི་ཡུང་ མཱུན་ (Rev. Sun Myung Moon) གྱི་ཚོགས་སྡེ་ནི་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་གོང་མ་ཚང་མར་ཡོད་པ་ནང་བཞིན་འདི་ལའང་ཡོད། ཡིན་ནའང་། ཁལ་མུག་ནང་བཞིན་ཤུགས་ཆེན་པོ་མེད། 

ད་ཆ་བྷུརྱ་ཏིའི་ནང་བྱེད་སྒོ་ཚང་བའི་དགོན་པ་བཅུ་གསུམ་ཡོད་པ་དང་དེ་དག་གི་ནང་གཤམ་གྱི་དགོན་ཁག་ཚུད་ཡོད་དེ།

༡༽ ཨིཝོལ་སི་ཀིའི་གྲྭ་ཚང་ (Ivolginsky) ནི་ཨུ་ལན་ཨུ་དེའི་ཕྱི་ལོགས་སུ་ཡོད། དེར་གྲྭ་ ༣༠ ཡོད་ནའང་། གྲྭ་པ་མང་པོ་ཞིག་ཆང་ས་རྒྱག་གི་ཡོད་པ་དང་ཆང་རག་འཐུང་གི་ཡོད་པའི་དཀའ་ངལ་ད་དུང་ཡང་ཡོད། དགོན་པའི་སློབ་གྲྭའི་ནང་རྒྱ་གར་ནས་ཡིན་པའི་བོད་ཀྱི་དགེ་རྒན་བཞི་ཡོད་པ་དང་དེ་དག་གི་འགོ་ཁྲིད་ནི་ཡེ་ཤེས་བློ་གྲོས་རིན་པོ་ཆེ་ཡིན་ཞིང་། ཁོང་གིས་ཁལ་ཁ་དང་བྷུརྱ་ཏའི་སོག་པོའི་སྐད་ཧ་ཅང་ཡག་པོ་བསྐྱོན་གྱི་ཡོད། ཁོང་དང་བོད་མི་གཞན་རྣམས་ཡང་ནས་ཡང་དུ་མི་རྣམས་ཀྱི་ཁྱིམ་དུ་ཆོ་གའི་ཆེད་དུ་གདན་འདྲེན་ཞུ་གི་ཡོད་པས། དེས་མི་སྐྱ་ཚོར་ཆོས་ཁྲིད་བྱ་རྒྱུའི་དུས་ཚོད་མང་པོ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད། སློབ་གྲྭའི་ནང་སློབ་ཕྲུག་ ༦༠ ནས་ ༧༠ བར་ཡོད་པ་དང་ཆོས་ཀྱི་འཛིན་གྲྭ་གསུམ་ཡོད་པའི་ནང་བོད་ཀྱི་སྐད་ཡིག་དང་གཞི་རྩའི་མཚན་ཉིད་སློབ་ཁྲིད་བྱེད་པ་དང་སྨན་གྱི་འཛིན་གྲྭ་གཅིག་ཡོད། སློབ་ཕྲུག་མང་ཆེ་བ་བྷུརྱ་ཏི་ནས་ཡིན་པ་དང་དེ་དག་ཀྱང་བྷུརྱ་ཏིའི་གྲྭ་ཚང་སྣ་ཚོགས་པ་ནས་ཡིན་ཞིང་། སློབ་ཁྲིད་ཀྱི་སྐད་ཡིག་ནི་བྷུརྱ་ཏིའམ་ཡང་ན་བོད་ཡིག་ཡིན་པ་རེད། དེར་རུ་སུའི་མི་རིགས་གཉིས་དང་ཐུ་ཝན་འགའ་ཤས་དེ་བཞིན་རིམ་པ་དང་པོའི་ནང་སོག་པོ་ཁ་ཤས་ཀྱང་ཡོད། དེ་ག་ནང་བཞིན་བྷུརྱ་ཏིའི་སྐད་དུ་ལམ་རིམ་སློབ་ཁྲིད་ཀྱང་ཡོད་པ་དང་ཨ་རིའི་མི་ཞིག་གིས་ཨིན་སྐད་ཀྱང་བསླབ་ཀྱི་འདུག

༢༽ གུ་སི་ནོ་ ཨོ་ཛེ་རོ་ (Gusino Ozero) ནི་བྷུརྱ་ཏིའི་ནང་བཞེངས་པའི་དགོན་པ་དང་པོ་དེ་ཡིན་པ་དང་ད་ལྟའི་ཆར་དེར་གྲྭ་པ་ལྔ་དང་སྔོན་ཚུད་དགེ་ཚུལ་བཅུ་ཐོག་ན་གཞོན་གསུམ་ཡོད། དེ་དག་ལས་བྷུརྱ་ཏི་གཅིག་དང་། རུ་སུ་གཅིག ཆང་ས་འདྲེས་མ་རྒྱག་པའི་གྲྭ་པ་གཅིག་བཅས་ཡོད། ཁོང་ཚོས་བོད་ཀྱི་སྐད་ཡིག་སྦྱོང་བ་དང་ཆོ་གའི་རིགས་བསྒྲུབ་ཀྱི་ཡོད། དེའི་མཁན་པོ་ནི་སྲོལ་རྒྱུན་གྱི་ཨེམ་ཆིའམ་སྨན་པ་ཡིན་པ་དང་ཡུལ་མི་བྷུརྱ་ཏི་དང་རུ་སུ་མང་པོ་ཁོང་གི་མདུན་དུ་སྨན་བཅོས་དང་ཆོས་ཕྱོགས་ཀྱི་ཆོ་གའི་ཆེད་དུ་བཅར་གྱི་ཡོད། 

༣༽ ཨེ་གིནྶ་ཀིའི་གྲྭ་ཚང་ (Aginsky) ལ་དགོན་པའི་སློབ་གྲྭ་གཅིག་ཡོད་པ་དང་དེའི་ནང་སློབ་ཕྲུག་ ༣༠ དང་རྒྱ་གར་ནས་བསླེབས་པའི་དགེ་རྒན་གཉིས་ཡོད། ཆོས་ཁྲིད་དང་སྨན་ཁྲིད་ཀྱི་འཛིན་གྲྭ་ཡོད།

༤༽ ཨི་གུ་ཏུའི་སི་ཀིའི་གྲྭ་ཚང་ (Egutuisky) ནི་ཨུ་ལཱན་ཨུ་དེའི་ལྷོ་ངོས་ཀྱི་སྤྱི་ལེ་ ༢༥༠ མཚམས་སུ་ཡོད་པ་དང་ད་ཆ་དེའི་ནང་ཙནྡན་ཇོ་བོའི་སྟོན་པའི་སྐུ་གསོག་འཇོག་བྱེད་ཀྱི་ཡོད། 

༥༽ ཀི་ཞིང་ག་ (Kizhinga) ལ་མཆོད་རྟེན་ཆེན་པོའི་འཛུགས་སྐྲུན་གྱི་ལས་གཞི་དེ་མ་དངུལ་མེད་པའི་རྐྱེན་གྱིས་མཚམས་འཇོག་བྱེད་དགོས་ཐུག་ཡོད་པ་བཅས་སོ།།

Top