ཕྱི་ལོ་ ༡༩༩༠ ལོར་ཁལ་མུག་ནང་གི་བོད་བརྒྱུད་ནང་བསྟན།

སྐད་ཡིག་གཞན།

ངོ་སྤྲོད།

ཁལ་མུག་ནི་ཝོལྒ་ཌོན་གྱི་ཆུ་བོའི་ལུང་གཞོང་ (Volga-Don river basin) འོག་མར་ཆགས་ཡོད་པ་དང་། དེ་ནི་ཁེསྤིཡེན་རྒྱ་མཚོའི་ (Caspian Sea) ནུབ་བྱང་ཕྱོགས་སུ་ཡོད། དེར་ཁལ་མུག་པ་འབུམ་གཅིག་དང་སྟོང་ཕྲག་བདུན་ཅུ་ ༡༧༠,༠༠༠ ཡོད་པ་དང་། དེའི་ནང་རྒྱལ་ས་ཨེ་ལིསྟའི་ (Elista) མི་འབོར་ཁྲི་དགུ་ ༩༠,༠༠༠ དང་དེའི་ཉེ་འཁོར་གྱི་གྲོང་རྡལ་ས་ཁུལ་གྱི་མི་འབོར་གཉིས་ཀའི་ཕལ་ཆེར་ཕྱེད་ཙམ་ཡོད་པ་རེད། སྲོལ་རྒྱུན་གྱི་རྒྱལ་ས་ཨསྟྲ་ཁན་ (Astrakhan) ནི་ཁལ་མུག་གི་ནང་དངོས་སུ་མེད་ནའང་། ད་དུང་ཡང་ཁལ་མུག་པ་ཁྲི་གཉིས་ ༢༠,༠༠༠ ཙམ་ཡོད། ཨ་རིའི་ནེའུ་འཇར་སི་ (New Jersey) དང་འཇར་མི་ནིའི་མུ་ནིག་ (Munich) ལའང་ཁལ་མུག་གི་སྤྱི་ཚོགས་མི་སྡེ་ཡོད་པ་རེད། ཤར་ཏུར་ཀིསྟཱན་ (དེང་སང་རྒྱ་ནག་གི་ཤིང་ཅང་ཞིང་ཆེན་) ལ་ཨོ་རོད་ (Qirats) མི་འབོར་ས་ཡ་ཕྱེད་ཙམ་ཡོད་པ་དེ་དག་ཁལ་མུག་དང་འབྲེལ་བ་ཆགས་ཡོད། 

ཨོ་རོད་ཀྱི་མི་དང་ཇུན་གར་གྱི་ལོ་རྒྱུས་སྙིང་བསྡུས།

ཨོ་རོད་རྣམས་ནི་ཐག་རིང་གི་ནུབ་ཕྱོགས་ཀྱི་སོག་པོའི་སྡེ་ཁག་ཡིན་པ་དང་། ཁོང་ཚོ་སོག་པོ་ཡོན་རྒྱལ་རྒྱུད་ (༡༢༧༡-༡༣༦༨) ཀྱིས་དབང་སྒྱུར་འོག་ཏུ་ཡོད་ནའང་། དེ་ཉམས་པའི་རྗེས་སུ་ཁོང་ཚོ་རང་དབང་ཆེ་བ་ཆགས་པ་རེད། ཁོང་ཚོའི་ས་ཁུལ་ལ་ཇུན་ག་རི་ཡ་ཞེས་སུ་གྲགས་པ་དང་དེའི་ནང་བྱང་ཤར་ཏུར་ཀིསྟཱན་གྱི་ཇུན་གར་ས་ཁུལ་དང་ ཤར་ཏུར་ཀིསྟཱན་གྱི་ཤར་དང་བྱང་དེ་བཞིན་ཤར་ཀ་ཛག་སྟཱན་ (Kazakhstan) གྱི་སུའུ་ལེན་དང་སོག་པོ་ཨ་ཏའི་རི་བོའི་ས་ཁུལ་རྣམས་ཡོད་པ་མ་ཟད། བྱང་ཤར་ཏུར་ཀིསྟཱན་གྱི་ནུབ་ཕྱོགས་ཨལ་མ་ཨ་ཏའི་ (Alma Ata) མཚོ་བྷལ་ཁ་ཤའི་ (Lake Balkhash) ས་ཁུལ་རྣམས་ཀྱང་ཚུད་ཡོད། དུས་སྐབས་ཤིག་ལ་དེ་ནི་ཨུ་རུམ་ཆི་ (Urumqi) དང་ཐུར་ཧྥན་ (Turfan) བར་དུ་ཐག་རིང་པོར་རྒྱ་སྐྱེད་ཕྱིན་ཡོད། དུས་རབས་ ༡༥ པའི་མཇུག་ནས་ཁོང་ཚོས་སོག་པོའི་ས་ཁུལ་ལྷག་མ་རྣམས་དབང་སྒྱུར་བྱས་ཀྱང་། མཐར་ཁོང་ཚོའི་མངའ་སྡེ་ཁ་ཐོར་ནས་ལྷན་ཚོགས་ཤིག་གི་ནང་ཁོང་ཚོས་སོག་པོ་གཞན་དག་དང་མཉམ་དུ་ཐེ་བྱུས་མི་བྱེད་པ་དང་ནུབ་ཀྱི་ཕྱོགས་སུ་གནས་སྤོ་རྒྱུའི་མོས་མཐུན་བྱུང་ཡོད། དེར་བརྟེན་ཕྱི་ལོ་ ༡༦༠༩ ལོར་ཨོ་རོད་དང་པོ་ཚོས་ཨལ་ཏའི་ས་ཁུལ་ནས་བརྒྱུད་དེ་ལྷོ་ནུབ་ས་ཡེ་བྷེ་རི་ཡའི་ཐང་ཆེན་དུ་ཕྱིན་པ་རེད། ཨུ་རུ་སུར་གནས་སྤོ་མཁན་དེ་དག་ལ་ཁལ་མུག་ཅེས་སུ་གྲགས་པ་རེད། 

ཨོ་རོད་རྣམས་རུ་སུར་གནས་མ་སྤོས་གོང་ཁོང་ཚོས་སོག་ཡུལ་དུ་དར་བའི་དགེ་ལུགས་པའི་བོད་ཀྱི་ཆོས་བརྒྱུད་དེ་ངོས་ལེན་བྱས་ཟིན་པ་དང་གཏན་འཇགས་ཀྱི་དགོན་པ་ཞིག་བཞེངས་པ་དེ་ལ་ཨོ་རོད་སྐད་དུ་ཁུ་རུལ་ (Khurul) ཞེས་སུ་གྲགས་པ་རེད། དེ་ལྟ་ནའང་། ཁོང་ཚོ་མང་ཆེ་བར་འགྲུལ་སྐྱོད་ཀྱི་ཁུ་རུལ་ཀི་བིཏ་ཀ་ (Kibitka) ཟེར་བ་དེ་ཡོད་པ་དང་། དེ་ནི་འདྲེན་འཁོར་གྱི་སྟེང་དུ་བཙུགས་པའི་གུར་སྒོར་སྒོར་ཞིག་ཡིན་པ་དང་ཕར་ཚུར་འགྲུལ་སྐྱོད་སྐབས་སུ་དེ་ནི་ལྷ་ཁང་ལྟར་བེད་སྤྱོད་བྱེད་ཆོག་པ་མ་ཟད། གལ་ཏེ་ས་ཆ་གཅིག་ལ་ཡུན་རིང་སྡོད་འཆར་ཡོད་ན། སའི་སྟེང་དུ་དེ་གཙུགས་ནས་བཞག་ཆོག

ཨོ་རོད་ཉིས་འབུམ་ལྔ་ཁྲིའམ་ ༢༥༠,༠༠༠ ཡང་ན་མི་འབོར་ཁྱོན་བསྡོམས་ཀྱི་ནང་ནས་ལྔ་ཆ་གཅིག་ཁོ་ན་ནུབ་ཀྱི་ཕྱོགས་སུ་ལྷག་ཡོད། དེའི་ལྷག་མ་ས་ཡ་གཅིག་ཙམ་ནི་ཇུན་གར་ལ་གནས་ཀྱི་ཡོད། ཁོང་ཚོས་ཕྱིས་སུ་ཤར་ཀ་ཛག་སྟཱན་དང་ཤར་ཏུར་ཀིསྟཱན་ལ་དགོན་པ་བཅོ་ལྔ་ཙམ་བཞེངས་ཡོད་པ་དང་། དེའི་ནང་ནས་གཅིག་ཨུ་རུམ་ཆིའི་ནང་དུ་ཡོད་པ་དེ་རིག་གནས་གསར་བརྗེའི་ (༡༩༦༦-༡༩༧༦) སྐབས། གཏོར་བཅོམ་བྱས་པ་རེད། ཤར་ཏུར་ཀིའི་ཨོ་རོད་ཚོས་རང་གིས་རང་ལ་ཤིང་ཅང་ཁལ་མུག་ཅེས་བརྗོད་ཀྱི་ཡོད། 

རུ་སུའི་ཐང་ཆེན་ཕ་རོལ་ཏུ་གནས་ཡུལ་སྤོ་ཤུད་དེ་ཕྱི་ལོ་ ༡༦༠༩ ནས་ ༡༦༣༢ བར་གནས་པ་རེད། ཁོང་ཚོ་ཝོལ་གྷ་ (Volga) དང་ཌོན་ཆུ་བོའི་ (Don River) བར་ལ་གཞིས་ཆགས་ནས་ཨསྟྲ་ཁན་བཟོས་པ་རེད། དེ་ནི་ཁོང་ཚོའི་རྒྱལ་ས་ཁེས྄་པི་ཡེན་རྒྱ་མཚོའི་སྟེང་གི་ཝོལ་གྷའི་སྒོ་ཁར་ཡོད། ཁོང་ཚོ་ནི་ཕལ་ཆེར་རང་དབང་ཅན་ཡིན་པ་དང་རུ་སུ་དང་མཉམ་དུ་འབྲེལ་བ་ཡག་པོ་ཡོད། ཁོང་ཚོས་སྔ་ཤོས་ལ་ཕྱི་ལོ་ ༡༦༡༦ ལོར་ཁུ་རུལ་གསར་འཛུགས་བྱས་ཡོད་པ་དང་བརྒྱུད་པའི་ཁུངས་གཙོ་བོ་ནི་ཛ་ཡ་པནྜི་ཏ་ (Zaya Pandita – 1599-1662) ཞེས་བྱ་བ་བོད་ནས་སློབ་སྦྱོང་བྱས་མྱོང་བའི་ཨོ་རོད་ནང་པའི་མཁས་པ་དང་ཆོས་བྱེད་ལས་སྣེ་ཞིག་ཡིན་པ་རེད། 

ཕྱི་ལོ་ ༡༧༧༡ ལོར་རུ་སུ་རྒྱ་སྐྱེད་དང་ཡེ་ཤུ་རྣམ་དག་ཆོས་ལུགས་སུ་སྒྱུར་བའི་གནོན་ཤུགས་ལ་བརྟེན་ནས་ཁལ་མུག་འབུམ་གཉིས་ ༢༠༠,༠༠༠ ཙམ་ཇུན་གར་ལ་རང་འཇགས་བྲོས་ཕྱིན་པ་དང་ཁྲི་ལྔ་ ༥༠,༠༠༠ ཙམ་རང་འཇགས་བསྡད་པ་རེད། དེང་དུས་ཀྱི་ཁལ་མུག་པ་རྣམས་ནི་ཁྲི་ལྔ་དེ་དག་གི་རྒྱུད་པ་ལས་བྱུང་བ་ཞིག་རེད། རུ་སུ་ཚོས་བྲོས་འགྲོ་མཁན་གྱི་ཁལ་མུག་ཚོ་འགོག་ཐབས་ཆེད་ཀ་ཛཁ་རྣམས་རག་པར་བྱས་ཤིང་། དེ་དག་ལས་ཕྱེད་ཙམ་ཇུན་གར་ལ་མ་བསླེབ་གོང་ནས་བསད་པ་རེད། དེའི་སྐབས་སུ་ཁལ་མུག་ཚུར་མ་བསླེབས་གོང་ལ་ཇུན་གར་རང་ལ་གནས་པའི་ཨོ་རོད་ས་ཡ་ཙམ་མན་ཇུས་མི་འབོར་བཅུ་ཆ་སྡེབ་གསོད་བྱས་པ་རེད། དེ་དག་ནི་ཕྱི་ལོ་ ༡༧༤༠ ཡས་མས་སུ་མན་ཇུའི་དབང་སྒྱུར་ལ་ཁ་གཏད་དུ་ངོ་རྒོལ་བྱེད་པའི་རྐྱེན་གྱིས་ཁོང་ཚོར་སྡེབ་གསོད་བྱས་པ་རྣམས་རེད། དེ་དག་ལས་འབུམ་གཅིག་ལས་ལྷག་མེད། ཚུར་རག་པའི་ཁལ་མུག་འབུམ་གཅིག་གིས་ཁོང་ཚོ་དང་མཉམ་དུ་ཕན་ཚུན་ནང་ཁུལ་གཉེན་སྒྲིག་བྱས་པ་དང་ཨོ་རོད་འབུམ་ལྔ་དེང་སང་ཤར་ཏུར་ཀིསྟཱན་ལ་གནས་སྡོད་བྱེད་བཞིན་པ་རྣམས་ནི་ཁོང་ཚོའི་མི་རྒྱུད་ནས་བྱུང་བ་རེད། 

ཁལ་མུག་པ་དང་ནང་ཆོས།

ཁལ་མུག་ཚོས་ནང་ཆོས་དེ་ཀི་བིཏ་ཀ་འགྲུལ་སྐྱོད་དགོན་པ་ཁག་ལ་བརྟེན་ནས་ཁོང་ཚོས་གདན་དྲངས་བ་དང་ཁོང་ཚོས་ཁལ་མུག་ལ་གཏན་འཇགས་དགོན་པ་ཁུ་རུལ་བཞེངས་པ་ནང་བཞིན་ཇུན་གར་ལ་དགོན་པ་གསར་པ་བཞེངས་ཡོད། ཀི་བིཏ་ཀ་ (Kibitka) དང་གཏན་འཇགས་ཁུ་རུལ་གྱི་ཟུང་འབྲེལ་འདི་དེང་སང་ཡང་ཨོ་རོད་ཚོའི་ཁྲོད་དུ་ཡུན་དུ་གནས་ཐུབ་པ་བྱུང་ཡོད། འོན་ཀྱང་། དེའི་སྐབས་ཤར་ཏུར་ཀིའི་ནང་རྒྱ་ནག་གི་མི་འབོར་ཕོན་ཆེན་པོ་སྤོ་བཞུད་བྱེད་པ་ལ་བརྟེན་ནས་ཨོ་རོད་ཚོ་མི་མེད་ལུང་སྟོང་གི་རི་རྒྱུད་ས་ཁུལ་དུ་བཙན་གྱིས་སྤོ་དགོས་བྱུང་བ་དང་ཁོང་ཚོས་ཀི་བིཏ་ཀ་དང་ཁུ་རུལ་རྣམས་མཉམ་དུ་ཁྱེར་གྱི་ཡོད། 

ཕྱི་ལོ་ ༡༩༡༧ ལོར་ཁལ་མུག་རང་གི་ནང་ཁུ་རུལ་བརྒྱ་དང་ལྔའི་ ༡༠༥ ནང་ལ་གྲྭ་པ་ལྔ་སྟོང་ཉིས་བརྒྱ་བདུན་ཅུ་ ༥༢༧༠ ཡོད། འོན་ཀྱང་། དེ་དག་མང་པོ་ཞིག་ནི་བྷུརྱ་ཏིའི་གྲྭ་ཚང་ལས་ཆུང་བ་ཡོད། དགོན་པ་གཙོ་བོ་ནི་ཁུ་ཤུད་ཁུ་རུལ་ (Khushud Khuruls) ཡིན་པ་དང་དེ་ནི་ཨསྟྲ་ཁན་ (Astrakhan) གྱི་བྱང་ཕྱོགས་སྤྱི་ལེ་ ༧༠ མཚམས་སུ་ཆགས་ཡོད། དགོན་དེའི་མཁན་པོའི་མཚན་ལ་ཁལ་མུག་གི་བླ་མ་ཞེས་ཟེར་བ་དང་ཁོང་ནི་ཁལ་མུག་གི་འཛིན་སྐྱོང་དང་ཆོས་ཕྱོགས་གཉིས་ཀའི་འགོ་ཁྲིད་ཡིན་པ་རེད། ཇི་ལྟར་བྷུརྱ་ཏིའི་པནྜི་ཏ་མཁན་པོ་བླ་མ་ནང་བཞིན་ཁོང་ཡང་ཛཱར་གྱིས་བསྐོ་བཞག་གནང་གི་ཡོད། ཡིན་ནའང་། བྷུརྱ་ཏི་དང་མི་འདྲ་བར་ཏུ་ཝན་ཡང་ན་སོག་པོ་སུ་ལའང་བླ་མ་ཞེས་བརྗོད་ཀྱི་མེད། མཚན་ཉིད་གྲྭ་ཚང་ཉུང་ཤས་ལས་མེད་པ་དང་དེ་དག་གི་ནང་ཆོ་གའི་ཐད་ནན་བརྗོད་མང་བ་བྱེད་ཀྱི་ཡོད། ཡིག་ཆའི་རྗེས་སུ་འབྲངས་པ་དེ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིན་པ་ལྟར་སྣང་། དུས་འཁོར་ནི་ས་ཆ་འགའ་ཞིག་ཁོ་ནར་ཉམས་ལེན་བྱེད་ཀྱི་ཡོད་པ་དང་དེ་ཡང་དུས་རབས་ཉི་ཤུ་པའི་འགོ་སྟོད་བར་དུ་བྱུང་མེད་སྲིད། སྨན་པ་གྲྭ་ཚང་གཅིག་རང་ཡོད་པ་དང་དེ་ལ་དགོན་པ་ཚང་མའི་ནང་ཡན་ལག་ཡོད། གྲྭ་པ་ཚོས་དགོན་པའི་ནང་བོད་ཀྱི་གྲྭ་ཆས་གྱོན་སྲོལ་ཡོད་ནའང་། གྲྭ་ཆས་ལ་ཕུ་ཐུང་རིང་པོ་ཡོད་པ་རེད། དགོན་པའི་ཕྱི་ལ་ཁོང་ཚོས་ཁལ་མུག་ལུགས་ཀྱི་ཕྱུ་པ་བེཥ་མེཏ་ (beshmet) ཟེར་བ་དེ་དང་གུ་ཐུང་གྱོན་སྲོལ་ཡོད། 

ཁལ་མུག་དང་བོད།

ཁལ་མུག་ནང་རྟག་ཏུ་ནང་ཆོས་དང་ཐད་ཀར་འབྲེལ་བ་དེ་བོད་དང་ཡིན་པ་ལས། སོག་ཡུལ་བརྒྱུད་ནས་མིན། དུས་རབས་ཉི་ཤུ་པའི་འགོ་སྟོད་ཙམ་ལ་གཞི་ནས་འབྲེལ་བ་དེ་ཨུརརྒའི་བོག་དོ་གེ་གན་རྗེ་བཙུན་དམ་པ་ཧུ་ཐུཁ་ཐུ་ (Bogdo Gegen Jabtzun-dampa Hutukhtu of Urga) དང་མཉམ་དུ་བཟོས་པ་དང་། དེ་ནི་ཁོང་ཚོ་བྷུརྱ་ཏི་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་རེད། ལྷ་སར་ཁོང་ཚོ་འགྲོ་སའི་གྲྭ་ཚང་ངེས་ཅན་དེ་འདྲ་མེད་ནའང་། ཁོང་ཚོས་དགེ་བཤེས་ཀྱི་ཕྱག་ཁྱེར་ཆེད་ལྷ་སར་སློབ་སྦྱོང་བྱས་ཡོད་པ་རེད། གང་ལྟར་ཡང་། ཁལ་མུག་གི་གནས་སྐོར་བ་རྣམས་བོད་དུ་ཕྱིན་པའི་སྐབས་དེར་ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ག་རེ་ཡིན་ནའང་སྦྱོང་ཐབས་བྱས་པ་རེད། དེ་ནི་ཁོང་ཚོ་བོད་དང་སོག་ཡུལ་གཉིས་ཀ་ལས་ཧ་ཅང་ཐག་རིང་པོ་ཡོད་ཙང་རེད། ཁོང་ཚོ་ནང་དུ་ལོག་པའི་སྐབས། དེ་དག་ཐམས་ཅད་མཉམ་དུ་བསྲེ་རེས་པ་རེད། དོན་ངོ་མར་དུས་རབས་ ༡༩ པའི་ནང་ཁལ་མུག་ཚོས་རང་གིས་རང་ལ་ཡང་ནས་ཡང་དུ་“དམར་སེར་དད་པ་ཅན་”ཞེས་བརྗོད་ཀྱི་ཡོད་པས། ཁོང་ཚོས་གཞི་རྩའི་དགེ་ལུགས་པའི་ཆོས་བརྒྱུད་དང་མཉམ་དུ་ས་སྐྱ་དང་བཀའ་བརྒྱུད་ཀྱི་ཆོས་བསྲེ་སྦྱོར་བྱས་ཡོད་པ་ལྟར་སྣང་།

འདི་ནི་བྷུརྱ་ཏི་དང་། ཏུ་ཝ། སོག་ཡུལ་བཅས་ཀྱི་ནང་གི་གནས་སྟངས་དང་གང་འཚམས་ཀྱི་མི་འདྲ་བ་རེད། བྷུརྱ་ཏིའི་མཁན་པོ་བླ་མ་ཨེར་ཌི་ནཱིཝ་ (Erdyneev) ལྟར་ན། དུས་རབས་ ༢༠ པའི་འགོ་སྟོད་ཙམ་ལ་བྷུརྱ་ཏི་ལ་ས་སྐྱ་དང་བཀའ་བརྒྱུད་པའི་ཚོགས་སྡེ་འགའ་ཞིག་ཡོད་པ་དང་། ཁོང་ཚོས་ཐ་ན་ལྷ་ཁང་ཆུང་ཆུང་རིགས་ཀྱང་བཞེངས་ཡོད། ཡིན་ནའང་། གཙོ་འགངས་ཆེ་བའི་དགེ་ལུགས་པས་ཆོ་ག་དེ་དག་ནམ་ཡང་ནང་འདྲེན་བྱས་མེད་ལ། རང་ལུགས་དང་མཉམ་བསྲེའང་བྱས་མེད། དེ་ལ་དམིགས་བསལ་ཞིག་ཡོད་པ་ནི་ཌེན་ཌ་རོན་ (Dandaron) གྱི་བྷ་ལ་ག་ཏའི་ (Balagata) ལས་འགུལ་དེ་རེད། སོག་ཡུལ་ནང་དུའང་མང་ཆེ་བ་དགེ་ལུགས་ཡིན་ནའང་། སྐབས་སྐབས་སུ་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་བཅས་ཀྱི་ལྷ་ཁང་ཆུང་ཆུང་ཡོད། ཡིན་ནའང་བསྲེ་སྦྱོར་བྱས་པ་ནི་མེད།

ཁལ་མུག་ཏུ་ནང་ཆོས་རྩ་གཏོར།

ཕྱི་ལོ་ ༡༩༣༠ ཡས་མས་སུ་སི་ཏ་ལིན་གྱིས་ཁལ་མུག་ནང་གི་ཁུ་རུལ་ཚང་མ་གཏོར་བཤིག་བཏང་ཡོད། དེ་དག་ལས་གཅིག་གི་ཕྱེད་ཀ་ཙམ་ལྷག་ཡོད་པ་ནི་ཁུ་ཤུད་ཁུ་རུལ་ (Khushud Khuruls) ཡིན་པ་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས། ཁལ་མུག་ཚང་མ་མིན་ནའང་མང་པོ་ཞིག་གིས་ཧིཊ་ལར་གྱི་ཕྱོགས་སུ་ལངས་ནས་སི་ཏ་ལིན་གྱི་ཁ་གཏད་དུ་འཐབ་པ་རེད། དེའི་འབྲས་བུར་ཕྱི་ལོ་ ༡༩༤༣ ལོའི་ཕྱི་ཟླ་ ༡༢ ནང་སི་ཏ་ལིན་གྱིས་ཁལ་མུག་ཚོ་ལ་ཧ་ཅང་ཚབས་ཆེན་གྱིས་ཉེས་ཆད་བཏང་ཞིང་། ཁལ་མུག་པ་ཚང་མ་སྐར་མ་ལྔའི་ནང་བརྡ་ཁྱབ་བཏང་སྟེ་ས་ཡེ་བྷེ་རི་ཡའི་ནང་རྒྱང་འབུད་བཏང་བ་རེད། ཁོང་ཚོ་ཕྱི་ལོ་ ༡༩༥༧ ལོ་ལ་མ་གཏོགས་ཚུར་ལོག་མི་ཆོག་པ་བཟོས་པ་རེད། འོན་ཀྱང་། ཁལ་མུག་པ་ཡོངས་སུ་རྫོགས་པ་མིན་པར། ཝོལ་གྷའི་ནུབ་ཕྱོགས་སུ་དེའི་ཆ་ཤས་ཆུང་ངུ་ཙམ་ཞིག་རེད། ད་ལྟའི་ཆར་ཨེ་ལིསྟ་ (Elista) ནི་ལྟེ་གནས་ཡིན་པ་ལས་ཨསྟྲ་ཁན་ (Astrakhan) མིན། 

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ལོ་ལྔའི་རིང་མུ་ནིག་ (Munich) ལའང་ཁལ་མུག་པ་མང་པོ་སྐྱབས་བཅོལ་བའི་སྡོད་སྒར་ནང་བསྡད་ཡོད། ཁོང་ཚོ་འཇར་མི་ནིར་འདིའི་སྔོན་དུ་ཡོད་དང་མེད་གསལ་པོ་མི་འདུག་ཀྱང་། ད་ལྟ་མུ་ནིག་ལ་ཁལ་མུག་གི་ལྷ་ཁང་ཞིག་ཡོད། ཡེ་ཤུའི་ལྷ་ཁང་འཛམ་གླིང་ཞབས་ཏོག་ (Church World Service) དང་ཊོལ་སི་ཊོཡེའི་ཐེབས་རྩའི་ (Tolstoy Fund) འབད་བརྩོན་ལ་བརྟེན་ནས་ཕྱི་ལོ་ ༡༩༥༡ ལོར་ཨ་རིའི་ནིའུ་ཇེར་སིའི་ཧྥི་རི་ཝཱུཌ་ཨེ་ཁརྶ་ལ་མི་གྲངས་བདུན་བརྒྱ་(༧༠༠)ཙམ་གཞིས་ཆགས་ཐུབ་པ་བྱུང་ཡོད། ཁོང་ཚོ་དི་ལོ་ཝ་ཧུ་ཐུཁ་ཏུས་ (Dilowa Hutukhtu) སྣེ་ཁྲིད་པ་དང་། དེ་ནས་ཁལ་མུག་ནས་ཡིན་པའི་དགེ་བཤེས་དབང་རྒྱལ་ལགས་ཀྱིས་སྣེ་ཁྲིད་ཡོད། འདི་ནི་ཨི་རིའི་ནང་བོད་ཀྱི་ནང་པའི་སྡེ་ཁག་དང་པོ་དེ་ཆགས་ཡོད་པ་དང་། ང་རང་གཙོས་པའི་རོ་བྷརྚ་ ཐར་མན་ (Robert Thurman) དང་། ཇཻ་ཧྥི་རི་ ཧོབ་ཀིནྶ་ (Jeffrey Hopkins) བཅས་ཨ་རིའི་མཁས་པ་མང་པོ་དགེ་བཤེས་དབང་རྒྱལ་ལགས་བརྒྱུད་ནས་བོད་བརྒྱུད་ནང་བསྟན་ལ་རྒྱུས་མངའ་ཆགས་པ་རེད། ད་ལྟའི་ཆར་ཁལ་མུག་ཚོ་ལ་ནིའུ་ཇར་སིར་ལྷ་ཁང་བཞི་ཡོད། 

ཕྱི་ལོ་ ༡༩༢༠ ཡས་མས་ནས་ཕྱི་ལོ་ ༡༩༥༠ ཡས་མས་བར་སུའུ་ལེན་གྱི་ཁལ་མུག་པ་དང་ཁོང་ཚོའི་སྤུན་ཉེ་ཤར་ཏུར་ཀིའི་ཨོ་རོད་ཚོའི་དབར་ལ་འབྲེལ་བ་གང་ཡང་མེད། ཕྱི་ལོ་ ༡༩༥༧ ལོར་ཁལ་མུག་པ་ཚོ་ས་ཡེ་བྷེ་རི་ཡའི་བཙན་བྱོལ་ནས་ཚུར་ལོག་པའི་རྗེས་སུ་འབྲེལ་བ་དེ་སླར་ཡང་འགོ་ཚུགས་པ་རེད། རིག་གནས་གསར་བརྗེའི་སྐབས་སུ་ཡང་བསྐྱར་འབྲེལ་བ་ཆད་པ་རེད། ཡིན་ནའང་། ཕྱི་ལོ་ ༡༩༨༠ འགོ་སྟོད་ཙམ་ནས་རིམ་པས་འབྲེལ་བ་འགོ་འཛུགས་བྱས་དང་བྱེད་མུས་རེད། འབྲེལ་བ་མང་ཆེ་བ་ནི་ཆོས་ལུགས་མིན་པའི་ཁྱབ་ཁོངས་ནང་ཡིན་པ་དང་ཇུན་གར་དཔའ་སྒྲུང་གི་མཁས་པའི་དཔྱད་ཞིབ་དང་། རྩོམ་པ་པོ་བརྗེ་ལེན། དེ་བཞིན་སྒེར་སོ་སོའི་འབྲེལ་བ་བཅས་ཡིན་པ་རེད། 

ད་ལྟའི་གནས་བབས།

ཁལ་མུག་གི་མི་རྣམས་ས་ཡེ་བྷེ་རི་ཡར་རྦད་དེ་མཐུད་མཚམས་ཁ་འཕྲལ་དུ་ཡོད་པའི་རྐྱེན་གྱིས་ཁོང་ཚོའི་ནང་པའི་རིག་གཞུང་ནི་རྦད་དེ་བརླགས་ཡོད། མི་རྣམས་ཀྱི་སོ་སོའི་ཁྱིམ་དུ་མཆོད་གཤོམ་མི་ཉར་བ་དང་། གྲྭ་པ་རྒན་པའི་རིགས་མེད་པ། ཁལ་མུག་མང་པོ་ཞིག་གིས་ཐ་ན་སོ་སོའི་སྐད་ཡིག་ཀྱང་ཤེས་ཀྱི་མེད། དེར་བརྟེན་ཁོང་ཚོ་ནི་བྷུརྱ་ཏིའམ་ཡང་ན་ཏུ་ཝན་གང་རུང་ལས་རྦད་དེ་རུ་སུར་བསྒྱུར་ཆེ་བ་ཡོད། ཐ་ན་འགའ་ཞིག་གི་ཉེ་ཆར་ཡེ་ཤུ་རྣམ་དག་ཆོས་ལུགས་སུ་བསྒྱུར་ཡོད་ནའང་། ཁལ་མུག་པ་ཕྱེད་ཙམ་གྱིས་རུ་སུའི་མིང་དང་ལེན་བྱས་ཡོད། གང་ལྟར་ཡང་། ཁྱོན་ཡོངས་ནས་བཤད་ན། ཁོང་ཚོས་ནང་ཆོས་སྐོར་ཅུང་ཟད་ཙམ་ལས་ཤེས་ཀྱི་མེད་ནའང་། མི་མང་ཆེ་བ་ནི་ནང་ཆོས་ལ་དད་པ་གཏིང་ཟབ་ཡོད་མཁན་ཡིན་པ་དང་སྲོལ་རྒྱུན་རྙིང་པ་དེ་སླར་ཡང་འགོ་འཛུགས་བྱེད་འདོད་ཆེན་པོ་ཡོད། 

ད་ལྟའི་ཆར་ཨེ་ལིསྟའི་ནང་ཡོད་པའི་ནང་པའི་སྡེ་ཁག་གཅིག་པུས་མཽསྐོ་ལ་ལམ་ལུགས་ལྟར་ནང་པའི་ལྷན་ཚོགས་ཀྱི་འོག་ཏུ་དེབ་སྐྱེལ་བྱས་ཡོད་པ་དང་དེ་ནི་ཕྱི་ལོ་ ༡༩༨༨ ལོར་ཡིན་པ་རེད། ད་དུང་ཡང་ཨསྟྲ་ཁན་ནང་ཁལ་མུག་པ་ཁྲི་གཉིས་ (༢༠,༠༠༠) ཙམ་ཡོད་པའི་ནང་ནས་སྡེ་ཁག་ཆིག་སྟོང་ (༡༠༠༠) གིས་དེབ་སྐྱེལ་བྱེད་འཆར་ཡོད། ཁོང་ཚོས་ཁུ་ཤུད་ཁུ་རུལ་ (Khushud Khurul) དེ་ལོ་རྒྱུས་ལྡན་པའི་དྲན་རྟེན་དང་འགྲེམས་སྟོན་ཞིག་ཏུ་སླར་གསོ་བྱེད་འདུན་ཡོད་ནའང་། ལྷ་ཁང་ནང་བཞིན་སླར་གསོ་བྱེད་འདུན་མེད། འོན་ཀྱང་། མི་མང་རྒན་པ་འགའ་ཞིག་གིས་དེ་ནི་སླར་ཡང་ལྷ་ཁང་ཞིག་ཏུ་འགྱུར་བར་འདོད་ཀྱི་ཡོད་པ་དང་དེ་ཡང་གཙོ་བོ་གནས་སྐོར་ས་ལྟ་བུར་འགྱུར་བའི་རེ་བ་བྱེད་ཀྱིན་ཡོད། དེ་ཡོད་སའི་གྲོང་རྡལ་རེཆ་ནོ་ཡེའི་ (Rechnoye) ནང་མང་ཆེ་བ་རུ་སུའི་མི་རིགས་གནས་སྡོད་བྱེད་ཀྱིན་ཡོད་པ་དང་ཁང་པ་གཙོ་བོ་དེ་གཅིག་པུ་གནས་ཡོད་ནའང་། དེའི་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད། ཀ་ཐིག་རུ་བསྟར་ཅན་ཁང་པ་དང་ཁང་པ་གཞན་དག་ཚང་མ་གཏོར་བཤིག་བཏང་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཁལ་མུག་གི་རྒྱ་ཁྱོན་ཉུང་དུ་ཕྱིན་ཡོད་པ་དང་ཨསྟྲ་ཁན་དང་ཁུ་ཤུད་ཁུ་རུལ་གཉིས་ཀ་ཁལ་མུག་གི་ཕྱི་ལོགས་སུ་ཡོད། ཁལ་མུག་པ་ཚོས་ཁལ་མུག་དེ་སྔོན་མ་ནང་བཞིན་སླར་གསོ་བྱེད་འདུན་ཡོད།

ཨེ་ལིསྟ་སྡེ་ཁག་གིས་ཁང་པ་ཞིག་ཉོས་ནས་དེ་གནས་སྐབས་རིང་གི་ལྷ་ཁང་དུ་བཟོས་པ་རེད། དེའི་སྐབས་སུ་བླ་མ་རྣམས་བྷུརྱ་ཏིའི་ཨི་ཝོལ་གིནྶ་ཀི་ནས་ཟླ་བ་གཉིས་ཀྱི་རིང་ཆོ་ག་བསྒྲུབ་ཕྱིར་བསླེབས་ཡོད། མཐུ་དབང་རྡོ་རྗེ་ཟེར་བ་ཨུ་ལན་བྷ་ཏོར་རམ་ཨུ་ལཱན་བྷཱ་ཏར་ནང་སློབ་སྦྱོང་བྱས་ཤིང་། ཨི་ཝོལ་གིནྶ་ཀི་ནས་ཡིན་པའི་བྷུརྱ་ཏིའི་མི་རིགས་ཡིན་པ་དེ་ལ་མཁན་པོར་བཞུགས་རོགས་ཞེས་ཞུས་ཡོད། དེ་ནས་བཟུང་སྟེ་ཁོང་ནི་ཁལ་མུག་རང་སྐྱོང་མི་སེར་རྒྱལ་ཁབ་ཀྱི་སུའུ་ལེན་གྱི་འཐུས་མིར་འོས་འདེམས་བྱས་པ་རེད། དེ་ལ་རོགས་བྱེད་མཁན་གྱི་བྷུརྱ་ཏིའི་བླ་མ་གཞན་གཉིས་ཡོད། ད་ལྟར་ཨུ་ལན་བྷ་ཏོར་ལ་བླ་མར་སྦྱོང་བརྡར་བྱས་པའི་ཁལ་མུག་པ་ན་གཞོན་བདུན་ཡོད་པ་རེད། ལེ་ནིན་གྲེཌ་ནས་ཡིན་པའི་ཡུ་རོབ་རུ་སུ་ཞིག་བོད་རིག་པར་སྦྱོང་བརྡར་བྱས་ཡོད་ནའང་། མཁས་པ་ཞིག་དང་ནང་ཆོས་ཀྱི་སློབ་སྦྱོང་ཡོད་མཁན་ཞིག་མིན། དེས་གྲྭ་ཆས་གྱོན་གྱི་ཡོད། ཡིན་ནའང་། གྲྭ་པ་མིན་པ་མཚན་ལ་རིན་ཆེན་རྡོ་རྗེའམ་ཝོ་ལོདྱ་ (Volodya) ཟེར་བ་དེའང་དེར་ཡོད་པ་རེད། ཁོང་ཆོ་གའི་རིག་ལ་མཉམ་བཞུགས་གནང་བ་དང་སྐབས་འགར་སྒྲིག་འཛུགས་ཀྱི་གནད་དོན་ཁག་ལ་རོགས་སྐྱོར་གནང་གི་ཡོད། ཉིན་རེ་བཞིན་ཁོང་ཚོས་སྒྲོལ་མ་ཉེར་གཅིག་དང་དཔལ་ལྡན་ལྷ་མོ་བསྒྲུབ་པ་དང་མང་ཆེ་བ་བུད་མེད་རྒས་འཁོགས་སྡེ་ཁག་ཅིག་མཉམ་བཞུགས་ཀྱིས་ཉན་གྱི་ཡོད། 

ཕྱི་ལོ་ ༡༩༨༩ ལོར་ལོ་ལྔ་བཅུ་ལས་མང་བའི་ནང་ཐོག་མར་ཕེབས་མཁན་གྱི་བླ་མ་ནི་བ་ཀུ་ལ་རིན་པོ་ཆེ་ཡིན་པ་རེད། ཁོང་གིས་རྗེ་ཙོང་ཁ་པའི་གསོལ་འདེབས་དམིགས་བརྩེ་མའི་ཚེ་དབང་དང་ལུང་ཞིག་གནང་བ་དང་ལས་རྒྱུ་འབྲས་ཀྱི་སྐོར་གསུང་ཆོས་གནང་ཡོད། ཁོང་ཚོར་ཨེ་ལིསྟའི་ཕྱི་ལོགས་མཚམས་སུ་ས་ཆ་ཞིག་རག་པ་དང་དེ་ནི་བ་ཀུ་ལ་རིན་པོ་ཆེས་འདེམ་སྒྲུག་གནང་བ་རེད། ཁོང་ཚོས་ཕྱི་ཟླ་བརྒྱད་པའི་ཇུན་གར་གྱི་དུས་ཆེན་རྗེས་ནས་འགོ་བཙུགས་ཏེ་ཁུ་རུལ་གྱི་ཁང་པ་གསར་པ་རྒྱག་འཆར་འདུག ཁོང་ཚོས་འཛམ་གླིང་གང་སར་ཡོད་པའི་ཁལ་མུག་པ་ཚོ་མགྲོན་འབོད་བྱེད་འཆར་དང་དེའི་ཆེད་དུ་མ་དངུལ་འདུ་འགོད་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་འདུག ཐོག་མར་ཁོང་ཚོས་སྲུང་མའི་ཉམས་ལེན་ཆེད་མགོན་ཁང་གསར་པ་ཞིག་རྒྱག་རྒྱུ་དང་དེ་ནས་ཚོགས་ཆེན་དང་། དེ་བཞིན་རྗེ་བཙུན་བྱམས་མགོན་ཉམས་ལེན་གྱི་ཆེད་དུ་ལྷ་ཁང་ཞིག་བཞེངས་རྒྱུ་རེད་འདུག དེ་ནི་ཁལ་མུག་པ་ཚོའི་ཁྲོད་དུ་ཧ་ཅང་ནན་བརྗོད་བྱས་ཡོད་པ་རེད། དེ་ལྟར་དཔེ་མཛོད་ཁང་དང་། འགྲེམས་སྟོན་ཁང་། གནས་ཁང་། སྐྱ་སེར་ཚང་མའི་ཆེད་དུ་མགྲོན་ཁང་བཅས་གསར་འཛུགས་བྱེད་འདོད་འདུག ཁོང་ཚོས་དེ་དག་ལ་ལོ་ཉི་ཤུ་འགོར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག ཁང་པའི་བཟོ་བཀོད་ཁལ་མུག་གི་སྲོལ་རྒྱུན་སེམས་ནང་བཞག་པའི་ཐོག་བཟོ་བཀོད་ཧ་ཅང་འདྲེས་མ་ཞིག་ཡིན་པ་རེད། ཁལ་མུག་པའི་ལྷ་ཁང་རྣམས་བོད་དང་སོག་པོའི་ལྷ་ཁང་གང་རུང་དང་མི་འདྲ་བ་རེད། 

ཁལ་མུག་པ་ཚོ་ནང་ཆོས་ལ་ཧ་ཅང་དོ་སྣང་ཆེན་པོ་ཡོད་པ་དང་ཁོ་ཚོ་བྷུརྱ་ཏི་དང་རུ་སུ་ལས་ཀྱང་རིག་གཞུང་གི་ཐད་ལ་གནས་ཚུལ་རྒྱུས་མངའ་སྐོམ་པ་ཆུ་འདོད་ལྟར་མང་བ་བྱེད་ཀྱི་ཡོད། སུའུ་ལེན་སྤྱི་ཚོགས་སྤྱི་མཐུན་གྱི་ཚན་རིག་སློབ་ཁང་གི་ཁལ་མུག་སྤྱི་ཚོགས་སློབ་གཉེར་ཁང་གི་འགན་འཛིན་ནི་འབུམ་རམས་པ་པཱི་ཊར་ བྷིཏ་ཀཱིཝ་ (Dr. Petr Bitkeev) ཡིན་པ་དང་མཁན་པོ་མཐུ་དབང་རྡོ་རྗེ་ནི་ཁལ་མུག་པ་དང་མཉམ་དུ་རྒྱུན་སྲོལ་ལམ་ལུགས་གང་འདྲ་ཞིག་གོ་སྒྲིག་བྱེད་པའི་གཞུང་འབྲེལ་གྱི་འབྲེལ་གཏུགས་བྱ་ཡུལ་ཡིན་པ་རེད། ཁོང་སྲོལ་རྒྱུན་རྙིང་པ་སླར་ཡང་རྩ་འཛུགས་བྱེད་པར་ཧ་ཅང་སྤྲོ་བ་ཆེན་པོ་ཡོད་པ་དང་བྷུརྱ་ཏི་ལས་ལྷག་པའི་སློབ་ཁང་གི་ཚན་རིག་མཁས་པ་དང་ནང་པ་ལ་མཐུན་འགྱུར་ཆེ་བ་ཡོད་པར་སྣང་། འདི་ནི་ནང་པ་ཚོ་རྩ་འཛུགས་རྩ་བ་ནས་བྱུང་མེད་པ་དང་སྲོལ་རྒྱུན་ལྷག་མེད་པའི་རྒྱུ་མཚན་གྱིས་ཡིན་པ་ཐེ་ཚོམ་མེད་པ་རེད།།

Top