ཕྱི་ལོ་ ༡༩༩༠ ལོར་ཏུ་ཝའི་ (Tuva) ནང་གི་བོད་བརྒྱུད་ནང་བསྟན།

སྐད་ཡིག་གཞན།

ཏུ་ཝ་ངོ་སྤྲོད།

ཕྱི་ལོ་ ༡༩༩༠ ལོའི་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ནས་བཅུ་དགུའི་བར། རུ་སུར་ནང་པའི་མཁས་པ་ཨེན་ཌྲི་ ཊེ་རེན་ཊིཝ་ (Andrey Terentyev) དང་མཉམ་དུ་ངོས་རང་ཏུ་ཝ་རང་སྐྱོང་མི་སེར་རྒྱལ་ཁབ་ཏུ་ཕྱིན་པ་ཡིན། ཏུ་ཝ་ནི་སོག་པོ་ནུབ་ཕྱོགས་ཀྱི་བྱང་ངོས་སུ་ཡོད་པ་དང་དེ་ནི་ནུབ་ཨལ་ཏའི་ས་ཁུལ་གྱི་ས་མཚམས་ཁེལ་གྱི་ཡོད། དེ་ཡང་ཡེ་ནི་སིའི་ཆུ་བོའི་ (Yenisei River) ཐག་རིང་ལྷོའི་ཕྱོགས་སུ་ཡོད་པ་རེད། ཏུ་ཝ་ལ་བོད་སྐད་ནང་ཐང་ནུ་ (Thangnu) ཞེས་སུ་གྲགས་པ་དང་དེའི་ནང་མི་འབོར་སུམ་འབུམ་ཆིག་ཁྲི་ ༣༡༠,༠༠༠ ཡོད་པ་ལས། བརྒྱ་ཆ་ ༦༠ རྣམས་ནི་ཏུ་ཝའི་མི་རིགས་ཡིན་པ་རེད། དེའི་རྒྱལ་ས་ནི་ཀི་ཛིལ་ (Kyzyl) ཡིན་པ་དང་དེ་ནི་ཡེ་ནི་སིའི་ཆུ་བོའི་འཁྲིས་སུ་ཆགས་ཡོད། དེའི་ནང་མི་གྲངས་བརྒྱད་ཁྲི་དྲུག་སྟོང་ ༨༦,༠༠༠ ཡོད་པ་ལས། བརྒྱ་ཆ་ ༣༠ ཐམ་པ་ནི་ཏུ་ཝའི་མི་རིགས་ཡིན་པ་རེད། སོག་ཡུལ་དུ་ས་ཆ་ཁག་ལྔའི་ནང་ཏུ་ཝན་གྱི་མི་སུམ་ཁྲི་ལྔ་སྟོང་ ༣༥,༠༠༠ གནས་སྡོད་ཀྱང་བྱེད་ཀྱི་ཡོད། དེ་ག་ནང་བཞིན་རྒྱ་ནག་གི་ཤིང་ཅང་ཡུ་གུར་རང་སྐྱོང་ས་ཁུལ་གྱི་རྫོང་ཁག་ལྔའི་ནང་མི་གྲངས་ཆིག་ཁྲི་ཉིས་སྟོང་ ༡༢,༠༠༠ ལས་ལྷག་གནས་སྡོད་བྱེད་ཀྱི་ཡོད། དེ་ལྟར་རོབ་རྩིས་བྱས་ན་ཁྱོན་བསྡོམས་པའི་ཏུ་ཝན་གྱི་མི་ཡིན་པ་ཆིག་འབུམ་བརྒྱད་ཁྲི་དྲུག་སྟོང་ ༡༨༦,༠༠༠ ཡོད་པ་དང་། དེ་ནི་ཁལ་མུག་དང་ཕལ་ཆེར་འདྲ་པོ་ཡོད་པ་དང་བྷུརྱ་ཏིའི་མི་འབོར་གྱི་གསུམ་ཆ་ལྔ་ཙམ་ཡོད་པ་རེད། ཏུ་ཝན་གྱི་སྐད་ཡིག་ནི་ཏུར་ཀིའི་སྐད་ཡིག་ཡིན་ཞིང་། དེའི་མིང་ཚིག་བརྒྱ་ཆ་ ༢༠ ནས་ ༣༠ བར་ནི་སོག་པོའི་གཡར་ཚིག་གམ་སོག་སྐད་སྒྲ་རང་སོར་བཞག་པ་ལས་བྱུང་བ་རེད། ཏུ་ཝན་གྱི་མི་རིགས་ནི་སོག་པོའི་མི་མིན་པར། ཏུར་ཀིའི་མི་རིགས་ཡིན་པ་རེད། དེར་བརྟེན་ཁོང་ཚོ་ཡུ་གུར་དང་ཁ་ཛཀ་མི་རིགས་དང་འབྲེལ་བ་ཆགས་ཀྱི་ཡོད། 

སོག་པོ་ནང་བཞིན་ཏུ་ཝ་དེའང་རྒྱ་ནག་མན་ཇུ་ཆིང་རྒྱལ་རྒྱུད་ཀྱི་མངའ་འོག་གནས་ཡོད། ཁོང་ཚོའི་ཆོས་བརྒྱུད་ནི་གཙོ་བོ་དགེ་ལུགས་ཡིན་པ་དང་ནང་པའི་སྲོལ་རྒྱུན་ལམ་ལུགས་དེ་ཐད་ཀར་སོག་ཡུལ་ནས་བསླེབ་ཀྱི་ཡོད། ཕྱི་ལོ་ ༡༩༡༩ ནས་ ༡༩༤༤ བར་ལ་ཏནྣུ་ཏུ་ཝ་ (Tannu Tuva) ཟེར་བའི་རྒྱལ་ཁབ་རང་བཙན་ལྡན་པ་ཞིག་ཡོད་ཀྱང་། ཕྱི་ལོ་ ༡༩༤༤ ལོར་དེ་ནི་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་སུ་གྱུར་བ་རེད། 

ཏུ་ཝའི་ནང་གི་ནང་ཆོས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཏུ་ཝའི་ནང་གཏན་འཇགས་དགོན་པ་དང་པོ་དེ་ནི་ཁུ་རེ་ (Khure) (སོག་སྐད་དུ་ཁུ་རེ་ཟེར་བ་ནི་བོད་སྐད་ནང་གི་གླིང་ཟེར་བའི་སྐད་དོད་ཡིན་པ་དང་ནམ་རྒྱུན་དེ་ལྡུམ་ར་དང་མཚོ་གླིང་ཞེས་བསྒྱུར་ཡོད་) ཟེར་བ་དེ་ཡིན་པ་དང་དེ་ནི་ཕྱི་ལོ་ ༡༧༧༠ ཡས་མས་སུ་བཞེངས་ཤིང་། སོག་ཡུལ་དུ་ཡོད་པའི་དགོན་པ་ལ་དཔེ་བྱས་ཡོད། དགོན་པ་གཙོ་བོ་ཁག་ནི་ཏུ་ཝའི་ནང་གི་དེང་དུས་ཆ་དན་ (Chadan) གྱི་ཉེ་འཁྲིས་སུ་ཡོད་པའི་ཝེར་ཁྣི་སྟོད་ (Verkhniy, Upper) དང་ནིཛ་ཉི་སྨད་ (Nizhnyi, Lower) ཡིན་པ་རེད། དེ་དག་རེ་རེའི་ནང་གྲྭ་པ་ལྔ་བརྒྱ་རེ་ཡོད། དེ་གཉིས་ཀ་ཟུང་སྦྲེལ་གྱི་མཁན་པོ་ལ་མཁན་པོ་བླ་མ་ཞེས་སུ་གྲགས་པ་དང་། ཁོང་ནི་ཏུ་ཝའི་སྲོལ་རྒྱུན་གྱི་འཛིན་སྐྱོང་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་རེད། དེ་བཞིན་ཁོང་ནི་ཐད་ཀར་ཨུར་གྷར་ཡོད་པའི་བོག་དོ་གེ་གན་རྗེ་བཙུན་དམ་པ་ཧུ་ཐུཁ་ཏུའི་དབང་འོག་ཏུ་ཡོད་པ་རེད། འདི་ནི་བྷུརྱ་ཏིའི་པནྜི་ཏ་མཁན་པོ་བླ་མ་དང་ཛཱར་གྱིས་དབང་སྒྱུར་བྱས་པའི་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ཁལ་མུག་ཚོའི་བླ་མ་འགོ་ཁྲིད་ཀྱི་གོ་གནས་ལས་གང་ཙམ་གྱི་མི་འདྲ་བ་ཡིན་པ་དང་བོག་དོ་གེ་གན་དག་དང་འབྲེལ་བ་མེད་པ་རེད། 

ཕྱི་ལོ་ ༡༩༡༤ ལོར་ཁུ་རེ་ ༢༨ ཡོད། གལ་ཏེ་ཆུང་བ་རྣམས་བརྩིས་ན། ཁྱོན་བསྡོམས་ནས་ཁུ་རེ་ ༤༤ ཡོད་པ་དང་དེ་དག་གི་ནང་བླ་མ་དང་ཁུ་རེའི་སློབ་ཕྲུག་ (ཁུ་རེའི་ནང་སྡོད་པ་དང་གྲྭ་ཆས་གྱོན་མཁན་གྱི་དགེ་ཕྲུག) བཞི་སྟོང་ཙམ་ཡོད་པ་རེད། ཁུ་རེའི་སློབ་ཕྲུག་ནང་གི་ཕྱེད་ཀ་ཙམ་ནི་གྲྭ་པ་མིན་པར་གྲོང་རྡལ་ཁག་གི་ནང་དུ་གནས་པའི་མི་སྐྱ་རྣམས་ཡིན་པ་རེད། ཁོང་ཚོ་ཁུ་རེའི་ནང་གྲྭ་པ་ཚོ་དང་མཉམ་དུ་ཆོ་ག་དང་དུས་ཆེན་སྐབས་སུ་མཉམ་བཞུགས་བྱེད་ཀྱི་ཡོད། ཁུ་རེ་དེ་དག་ཐམས་ཅད་ནི་དགེ་ལུགས་ཡིན་པ་རེད། གྲྭ་པ་ཚོས་ཆོ་གའི་སྐབས་སུ་བོད་ཀྱི་གྲྭ་ཆས་གྱོན་པ་དང་ཕྱི་ལོགས་སུ་སོག་པོའི་ལུགས་ཀྱི་དིལ་ཟེར་བའི་ཕྱུ་པ་དེ་གྱོན་སྲོལ་ཡོད། དགེ་བསྙེན་དང་། དགེ་ཚུལ། དགེ་སློང་རྣམས་ནི་ཆང་ས་རྒྱག་ཟིན་པ་རེད། འགའ་ཞིག་ནི་དགེ་སློང་ཆགས་ཟིན་པའི་རྗེས་སུའང་ཆང་ས་རྒྱག་གི་ཡོད། 

ཆ་དནྶ་ཀིའི་ཁུ་རེ་ (Chadansky Khure) གཉིས་ཁོ་ནའི་ནང་ཤེས་ཡོན་ཚད་ལྡན་གྱི་གྲྭ་པ་རྣམས་ཡོད་པ་དང་དེ་དག་ལས་ཡག་ཤོས་རྣམས་སོག་ཡུལ་དང་བོད་དུ་མུ་མཐུད་ནས་སློབ་གཉེར་སྦྱོང་བརྡར་ཆེད་ཕྱིན་ཡོད། རྟགས་གསལ་རྩོད་གླེང་ཆེད་དུ་མཚན་ཉིད་གྲྭ་ཚང་ཞིག་ཡོད་པ་དང་སྨན་གྱི་ཆེད་དུ་སྨན་པ་ཞིག་ཀྱང་ཡོད། དེ་བཞིན་ཆ་དནྶ་ཀིའི་སྟོད་ལ་དུས་འཁོར་གྲྭ་ཚང་ཞིག་ཀྱང་ཡོད་པ་རེད། དུས་འཁོར་བརྒྱུད་པ་ནི་སོག་ཡུལ་ནས་དར་བ་དང་དེར་བོད་ཀྱི་པོ་ཏཱ་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་ནས་དར་བ་ཞིག་རེད། ཧ་ཅང་ཚད་མཐོའི་སློབ་སྦྱོང་དང་ལྡན་པའི་བླ་མ་ཚོས་ཀྱང་ཐད་ཀར་བོད་ནས་ཕེབས་ཏེ་དུས་འཁོར་གྱི་ཁུ་རེ་རྩ་འཛུགས་ལ་རོགས་སྐྱོར་བྱེད་ཀྱི་ཡོད། སྐར་རྩིས་རིག་པའང་སློབ་སྦྱོང་བྱེད་སྲོལ་ཡོད། ཇི་ལྟར་སྒོ་མང་དང་། བླ་བྲང་བཀྲ་ཤིས་འཁྱིལ། ཁལ་མུག དེ་བཞིན་སོག་ཡུལ་དང་བྷུརྱ་ཏིའི་ཆ་ཤས་ཕལ་ཆེ་བའི་ནང་བེད་སྤྱོད་བྱེད་པ་ནང་བཞིན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆའི་རྗེས་སུ་འབྲང་གི་ཡོད། ཡིག་ཆ་དེ་དག་ཆ་དནྶ་ཀིའི་ཁུ་རེ་སྟོད་སྨད་གཉིས་ཀ་ནས་པར་སྐྲུན་ཞུས་ཡོད་པ་དང་ཤོག་གྲངས་རྣམས་ནམ་རྒྱུན་རྒྱ་ནག་སྐད་དུ་ཡོད་པ་རེད། དེས་ཡིག་ཆ་དེ་དག་ཕལ་ཆེར་སོག་ཡུལ་ཡང་ན་རྒྱ་ནག་ཏུ་པར་ཤིང་རྣམས་དཔར་དུ་བཏབ་ཡོད་པ་སྟོན་གྱི་ཡོད། ཇི་ལྟར་སོག་ཡུལ་དང་། བཻ་ཀལ་མཚོའི་ཕར་ཕྱོགས། ཁལ་མུག་བཅས་ནང་བཞིན་ཏུ་ཝའི་ནང་བཙུན་མའི་ལམ་ལུགས་དེ་མེད། 

ཆིང་རྒྱལ་རྒྱུད་ཉམས་པ་དང་ཏནྣུ་ཏུ་ཝ་རྩ་འཛུགས།

ཕྱི་ལོ་ ༡༩༡༡ ལོར་མན་ཇུ་ཆིང་རྒྱལ་རྒྱུད་ཉམས་པའི་རྗེས་དང་ཕྱི་ལོ་ ༡༩༡༩ ནས་ ༡༩༤༤ བར་ཏུ་ཝ་རང་བཙན་རྒྱལ་ཁབ་ཆགས་ནས་ཏནྣུ་ཏུ་ཝ་ཞེས་སུ་གྲགས་པའི་སྐབས། དེ་ཏོ་ཀ་ (Toka) ཟེར་བའི་སི་ཏ་ལིན་དང་འདྲ་བའི་སྲིད་དབང་སྒེར་འཛིན་པ་ཞིག་གིས་དབང་སྒྱུར་བྱས། དོན་ངོ་མར་སོག་ཡུལ་ནང་བཞིན་ཏནྣུ་ཏུ་ཝ་དེའང་མང་ཆེ་བ་ནི་རུ་སུ་དང་སི་ཏ་ལིན་གྱི་དབང་འོག་ཏུ་ཡོད་པ་རེད། རང་བཙན་གྱི་དུས་སྐབས་དེའི་རིང་ནང་ཆོས་ནི་ཏུ་ཝའི་སྤྱི་ཚོགས་ནང་ལོགས་སུ་འགལ་ཟླའི་ཤོག་ཁག་ཚོས་རྦད་དེ་གཏོར་བཤིག་བཏང་ཡོད། ཕྱི་ལོ་ ༡༩༣༨ ལོར་དགོན་པ་རྣམས་གཏོར་བཤིག་བཏང་བ་དང་བླ་མ་ཚང་མ་ས་ཡེ་བྷེ་ཡིའི་ནང་བཙོན་པའི་གསོག་སྒར་དུ་བཏང་བ་རེད། དེ་ནས་བཟུང་སྟེ་མི་རྣམས་ཧ་ཅང་འཇིགས་སྣང་གི་ནང་གནས་པ་དང་ནང་པའི་དཔེ་ཆ་མང་པོ་ཞིག་ད་དུང་ཡང་རི་བོར་སྦས་ཡོད་པ་རེད། 

ཕྱི་ལོ་ ༡༩༤༤ ལོར་ཏནྣུ་ཏུ་ཝ་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱི་ནང་ཟླ་སྒྲིལ་བཏང་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འགྲུལ་སྐྱོད་ཀྱི་ཀི་བིཏ་ཀའི་རིགས་ཀྱི་ཁུ་རེ་ (Kibitka-type khure) གཅིག་ཡོད་པ་དང་དེའི་འགོ་ཁྲིད་ནི་དགའ་ལྡན་ཚེ་རིང་ཡིན་པ་རེད། དགའ་ལྡན་ཚེ་རིང་ནི་མཁན་པོ་བླ་མ་མཐའ་མ་ཆ་དནྶ་ཀིའི་སྨད་ནས་ཡིན་པ་བློ་བཟང་ཆོས་མཛེས་ཀྱི་སློབ་མ་ཡིན་པ་རེད། བློ་བཟང་ཆན་མཛེས་བོད་དུ་སློབ་སྦྱོང་བྱེད་བཞིན་པའི་སྐབས། རྙིང་མའི་རྫོགས་ཆེན་ལ་སྒེར་གྱི་ངོས་ནས་དོ་སྣང་བྱུང་བ་དང་ཁོང་ཕྱི་ལོགས་དང་གཞུང་འབྲེལ་ཐོག་ནས་དགེ་ལུགས་ཡིན་ནའང་། ཁོང་གིས་དགའ་ལྡན་ཚེ་རིང་ལ་ཁེ་གཙང་ཐོག་རྫོགས་ཆེན་གྱི་ཆོས་ཁྲིད་གནང་ཡོད། ཕྱི་ལོ་ ༡༩༦༠ འགོ་སྟོད་ཙམ་ལ་ཀིབིཏ་ཀའི་དགོན་པ་འདི་ཁ་འཐོར་དུ་བཏང་བ་དང་དེའི་ནང་གི་དཔེ་ཆ་རྣམས་ཀི་ཛིལ་ནང་ཡོད་པའི་འགྲེམས་སྟོན་ཁང་ཞིག་ཏུ་བཅུག་ཅིང་། དགའ་ལྡན་ཚེ་རིང་ཨི་ཝོལ་གིནྶ་ཀི་ལ་སྡོད་དུ་ཕྱིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཀི་ཛིལ་གྱི་ས་གནས་སུ་ཡོད་པའི་འགྲེམས་སྟོན་ཁང་གི་ནང་བོད་ཡིག་ནང་གུ་རུ་རིན་པོ་ཆེ་དང་འབྲེལ་བའི་ཆོ་གའི་དཔེ་ཆ་ཕྱོགས་བསྡུས་ཧ་ཅང་མང་པོ་ཡོད་པ་རེད། དེ་ནི་ཏུ་ཝན་གྱི་ཁུ་རེའི་ནང་རྙིང་མའི་བརྒྱུད་པ་ཉམས་ལེན་བྱས་པའི་དོན་མིན། ཕྱི་ལོ་ ༡༩༨༥ ལོར་ཨི་ཝོལ་གིནྶ་ཀི་ལ་མི་སྨྱོན་པ་ཞིག་གིས་དགའ་ལྡན་ཚེ་རིང་ལ་མེ་མདའ་རྒྱག་ནས་བསད་པ་རེད། 

ཆ་དནྶ་ཀི་སྟོད་དང་སྨད།

ད་ལྟ་ཆ་དནྶ་ཀི་སྨད་ནི་དངོས་གནས་ཆ་དན་གྱི་གྲོང་སྡེའི་ནང་དུ་ཡོད་པ་དང་དེ་ནི་རྦད་དེ་རྩ་གཏོར་བཏང་ཡོད། གྲོང་སྡེའི་ཆ་ཤས་ནི་དེའི་སྟེང་དུ་བཞེངས་ཡོད། ཆ་དནྶ་ཀི་སྟོད་ནི་གྲོང་སྡེའི་ཕྱི་ལོགས་ནས་སྤྱི་ལེ་བཞི་ཙམ་ལ་ཡོད་པ་དང་དེར་རྩིག་པ་གཅིག་ལས་ལྷག་མེད། དེ་དག་ནི་སྔོན་ཏུ་ཝའི་ནང་ནང་ཆོས་དར་ཁྱབ་བྱུང་བའི་རྗེས་ཤུལ་ཁོ་ན་ཡིན་པ་རེད། 

ངོས་རང་ཆ་དན་གྱི་ཉེ་འཁྲིས་སུ་ཡོད་པའི་གེ་གན་བྷ་རག་ (Gegenbarak) ཅེས་པའི་གྲོང་རྡལ་དེར་ཏུ་ཝན་གྱི་གྲྭ་པ་མཐའ་མ་ཤིན་བྷ་ཡོལ་ (Shinbayol) མཇལ་དུ་ཕྱིན་པ་ཡིན། ཁོང་དགུང་ལོ་ ༩༣ ཡིན་པ་དང་ཆ་དནྶ་ཀི་སྟོད་ནས་རེད་འདུག  ད་དུང་དགུང་ལོ་ ༨༤ སོན་པའི་གྲྭ་པ་བགྲེས་པོ་ཞིག་ཀྱང་བཞུགས་འདུག་ཀྱང་། ཁོང་ནི་ཕྱིར་སྐྱོད་མི་ཐུབ་པར་ཉལ་ཁྲིའི་སྟེང་དུ་ལྷག་མཁན་དང་འོན་པ་ཞིག་ཀྱང་ཡིན་པ་རེད། ཆུ་རུད་དང་འདམ་རྙོག་གིས་རྐྱེན་པས་ང་རང་དངོས་སུ་ཆ་དནྶ་ཀི་སྟོད་ཀྱི་རྗེས་ཤུལ་ལ་བསླེབས་ཐུབ་མ་སོང་། ཤིན་བྷ་ཡོལ་ (Shinbayol) གྱིས་ཨལ་ཏའི་རྫོང་དུ་ཁུ་རེའི་སྐོར་ཐོས་མྱོང་ཡོད་ནའང་། ཁོང་རང་དངོས་སུ་ནམ་ཡང་ཕེབས་མྱོང་མི་འདུག འདི་ནི་ཨལ་ཏའི་ཉམས་ཞིབ་ཁང་དང་ས་ཡེ་བྷེ་རི་ཡའི་ཨལ་ཏའི་མི་སེར་རྒྱལ་ཁབ་ཀྱི་རྒྱལ་ས་གྷོར་ནོ་ཨལ་ཏའིསྐའི་ནང་ (Gorno-Altaisk) ཡོད་པའི་ཉམས་ཞིབ་འགྲེམས་སྟོན་ཁང་དུ་ཞིབ་འཇུག་བྱེད་དགོས་ངེས་ཤིག་རེད། ཁོང་གིས་ཏུ་ཝའི་ནང་དགེ་ལུགས་མིན་པའི་ཆོས་བརྒྱུད་གཞན་རྩ་ནས་ཐོས་མྱོང་མི་འདུག ཁོང་གིས་བོད་སྐད་ནང་ཞལ་འདོན་ཁ་ཤས་ང་ལ་བཏོན་གནང་སོང་བས། སྒྲ་གདངས་དེ་ངས་སོག་པོ་དང་། བྷུརྱ་ཏི། ཡང་ན་ཁལ་མུག་གི་སྐད་ནང་གང་ཐོས་པ་ལྟར་བྱས་ན། བོད་སྐད་དང་ཐག་ཉེ་བ་འདུག

ཤིན་བྷ་ཡོལ་གྱིས་ཏུ་ཝ་ལ་ལྷ་འདྲེ་གསོལ་མཆོད་ཀྱི་ཤ་མན་རིང་ལུགས་མང་པོ་ཡོད་ནའང་། མི་མང་དཀྱུས་མ་རྣམས་ནི་ཤ་མན་དང་བླ་མ་གཉིས་ཀའི་ཆོ་གའི་རིགས་ལ་ཕྱིན་ཡོད། དེ་ལྟ་ནའང་། དགོན་པའི་ནང་ཤ་མན་ཉམས་ལེན་བྱེད་སྲོལ་མེད་ཅེས་བཤད་སོང་། ཡང་ཁོང་ཚོས་སོག་པོའི་རྩི་ཤིང་བརྗེ་ཚབ་ཀྱི་རྣམ་པ་མི་འདྲ་བ་དང་སོག་པོའི་སྐུ་མཉེ་ཁོངས་སུ་བརྩི་བའི་རྗེས་སུ་འབྲངས་ཡོད་ནའང་། ཤ་མན་གྱི་སྨན་ནི་བོད་སོག་སྨན་པ་ཁུ་རེ་ནས་སྨན་གྱི་ཉམས་ལེན་དང་མཉམ་བསྲེས་བཏང་མེད་ཅེས་གྲྭ་པ་རྒན་པ་ཞིག་གིས་ང་ལ་ངེས་བརྟན་ཐོག་ནས་བཤད་སོང་། ཏུ་ཝན་རང་སྐྱོང་མི་སེར་རྒྱལ་ཁབ་ཀྱི་ཡུལ་དེའི་འགྲེམས་སྟོན་ཁང་ཉམས་ཞིབ་ལས་མི་ལོ་ན་མཐོ་པོ་ཡིན་པ་སྐུ་ཞབས་མོན་གྷུཤ་ཀེ་ནིན་བློ་བཟང་ལགས་ང་རང་ཐུག་སོང་། ཁོང་ལ་དཔའ་བོ་དྲུག་ཅུའི་རྗེས་སུ་མིང་བཏགས་ཡོད་པ་དང་ཤ་མན་ཡིན་ཞིང་། ཁོང་གི་ཨ་ཕ་དེའང་ཤ་མན་གྱི་སྨན་པ་ཞིག་རེད། ཁོང་གིས་ང་ལ་འགྲེལ་བརྗོད་ཧ་ཅང་མང་པོ་གནང་སོང་། དེ་དག་སྙན་ཐོ་འདིའི་ནང་གི་“ལོ་རྒྱུས་ཀྱི་ཁ་སྐོང་”ནང་གསལ་ཡོད། 

ད་ལྟའི་གནས་བབས།

ཕྱི་ལོ་ ༡༩༩༠ ལོའི་ཕྱི་ཟླ་ ༢ པའི་ནང་ཀི་ཛིལ་གྱི་ནང་པའི་སྤྱི་ཚོགས་དེ་གཞུང་འབྲེལ་གྱི་ཐོག་ནས་དེབ་སྐྱེལ་བྱས་པ་རེད། དེར་ཚོགས་མི་ ༢༥ ཡོད་པ་དང་ཁོང་ཚོས་ཀི་ཛིལ་ནང་གི་ཏུ་ཝན་མང་ཆེ་བས་ཁོང་ཚོར་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་ཚོར་གྱི་ཡོད། གལ་ཏེ་ཀི་ཛིལ་ལ་གནས་སྡོད་བྱེད་མཁན་ཡིན་ན། ཚོགས་མི་ཆགས་ཐུབ་པ་དང་མཐའ་མཚམས་ཀྱི་ས་ཁུལ་རེ་རེ་དང་གྲོང་ཁྱེར་ལ་རང་སོ་སོའི་སྤྱི་ཚོགས་ལོགས་སུ་ཡོད། ཁལ་མུག་ནང་མི་རྣམས་ལ་དོན་ངོ་མར་ནང་ཆོས་ཀྱི་སྐོར་རྒྱུས་མངའ་གང་ཡང་མེད། ཡིན་ནའང་། ཁོང་ཚོའི་སྲོལ་རྒྱུན་དང་རྒྱལ་ཁབ་ཀྱི་ངོ་བོའི་ཆ་ཤས་ལྟ་བུར་དེ་ལ་ཡིད་ཆེས་བརྟན་པོ་ཡོད་པ་རེད། 

ཏུ་ཝ་ནི་ཐབས་ཚུལ་མང་པོའི་སྒོ་ནས་ད་དུང་ཡང་ལོ་མང་གི་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱི་རྒྱབ་ཏུ་རྗེས་ལུས་ཐེབས་ཡོད་པ་དང་། དེ་ཡང་གྷི་ལཱས྄་ནོསྚ་ (glasnost) དང་པེ་རེས྄་ཊྲོ་ཡི་ཀ་ (perestroika) གཉིས་ནི་དེ་དག་གི་རྗེས་སུ་སྙེག་འགོ་ཚུགས་པ་ཙམ་རེད། ཊེ་རེནྟ་ཡེཝ་ (Terentyev) ངེད་གཉིས་འགྲོ་རྒྱུར་གྲ་སྒྲིག་བྱས་པའི་ས་ཆ་ནི་ཏུ་ཝ་ཁོ་ན་ཡིན་པ་དང་། ངེད་གཉིས་ཀེ་ཇི་བྷི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ལྷན་ཚོགས་ཀྱི་སྐུ་ཚབ་ཏུ་ཝན་གྱི་མི་རིགས་ཡིན་པ་དམ་ཌིན་ སན་ཆེ་ཝིག་ ཀཱུ་ལར་ (Damdyn Samchaevich Kuular) གྱིས་རྟག་ཏུ་གྲོགས་བྱས་སོང་། 

ཀཱུ་ལར་ནི་དངོས་གནས་གང་འཚམས་ཀྱི་མཉམ་རུབ་བྱེད་མཁན་དང་ཕན་ཐོགས་ཅན་ཞིག་ཡོད། ང་ཚོས་ཆ་དན་གྱི་འགྲམ་དུ་ཤིན་བྷ་ཡོལ་ཐུག་པའི་སྐབས། གྲོང་རྡལ་གྱི་དམར་ཤོག་ཚོགས་པའི་མི་སྡེའི་འགོ་ཁྲིད་ཚོས་ང་ཚོར་འཚམ་འདྲི་བྱས་པ་དང་གྲོགས་བྱས་པ་དེ་བཞིན་ཉིན་གུང་ཁ་ལག་ཀྱང་གྲ་སྒྲིག་བྱས་འདུག ཀཱུ་ལར་ཡོད་པའི་སྐབས་སུ་ཚང་མས་ཁོང་ཚོ་དཀོན་མཆོག་ཁས་མི་ལེན་མཁན་ཡིན་ཞེས་ཨུ་ཚུགས་བྱས་སོང་། ཡིན་ནའང་། དོན་ངོ་མར་ཀཱུ་ལར་ཁོང་ཉིད་ཀྱིས་གྲྭ་པ་རྣམས་ལ་སྨོན་ལམ་འདོན་རོགས་ཞེས་འབོད་སྐུལ་ཞུས་ཡོད། དེའི་རྗེས་སུ་མི་རྣམས་ཀྱིས་ཊེ་རེནྟ་ཡེཝ་ལ་ཟུར་དུ་ཁོང་ཚོ་ཚང་མས་ས་ཁུལ་དེར་ནང་ཆོས་དང་ཆ་དནྶ་ཀིའི་ཁུ་རེ་སླར་ཡང་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་ངེས་རེད་ཅེས་བཤད་སོང་། གྲོང་གསེབ་ཀྱི་ལུགས་སྲོལ་རྣམས་ནི་བོད་དང་ཧ་ཅང་འདྲ་པོ་འདུག ང་ཚོ་གྲོང་གསེབ་ཀྱི་ལ་ཁར་ཐུག་འཕྲད་བྱུང་། ཁོང་ཚོས་ཞོ་ཕོར་པ་འདྲེན་པ་དང་བཅས་སྣེ་ལེན་བྱེད་པ་དང་དེ་ནས་ཐོན་པའི་སྐབས་སུའང་ལ་ཁར་སྐྱེལ་མ་བྱས་སོང་། ཁོང་ཚོས་མར་ཇ་ (བོད་ཇ་) འཐུང་སྲོལ་ཡོད་པ་དེ་ནི་སོག་པོ་དང་། ཨ་མདོ། ཁམས་པའི་བོད་ཇ་དང་འདྲ་པོ་འདུག དེའི་ནང་བོད་དབུས་ཀྱི་རྣམ་པ་སྣ་ཚོགས་པ་ནང་བཞིན་མར་མང་པོ་མེད་པ་དང་དེ་ནི་འོ་མ་བསྲུབས་ནས་བཟོས་པ་ཞིག་མིན། ཁ་ལག་ཀྱང་བོད་ལུགས་ལྟར་ཡིན་པ་དང་མོག་མོག་དང་ཤ་ཆེན་པོ་རྡོག་བཙོས་རྒྱག་ནས་གྲིས་གཏུབས་ཏེ་བཟའ་སྲོལ་ཡོད་པ་རེད། 

ང་དང་ཀཱུ་ལར་དེ་བཞིན་ཏུ་ཝའི་སུའུ་ལེན་རྒྱལ་ཁབ་ཀྱི་སྐུ་ཚབ་གཅིག་དང་མཉམ་དུ་ནང་པའི་སྤྱི་ཚོགས་དང་ཐུག་འཕྲད་བྱུང་། དེ་ནི་གྷི་ལཱས྄་ནོསྚ་ (glasnost) ཡི་ཉམས་མྱོང་ངོ་མ་ཞིག་ཡིན་པ་དང་གཞུང་གི་སྲིད་བྱུས་ཐད་ལ་དྭོགས་འདྲི་དང་ཐད་ཀར་སྐྱོན་བརྗོད་མང་པོ་འདུག གཞི་རྐང་ནས་ནང་པ་ཚོར་ཁོང་ཚོས་དངོས་གནས་གང་བྱེད་ཐུབ་པའམ་ཡང་ན་གོ་སྒྲིག་ཇི་ལྟར་བྱེད་པའི་ཐད་གང་ཡང་ཤེས་ཀྱི་མེད། ས་གནས་དེའི་གསར་འགྱུར་ཚག་ཤོག་གིས་སྤྱི་ཚོགས་ཁྱབ་བསྒྲགས་བྱེད་དུ་བཅུག་གི་མེད་པས། ཐ་ན་ཏུ་ཝན་མང་པོ་ཞིག་གིས་དེའི་སྐོར་ཤེས་ཀྱི་མེད། གཞུང་གི་སྐུ་ཚབ་ཀྱིས་འདི་ནི་འགྱུར་བ་འགྲོ་ངེས་རེད་ཅེས་བཤད་སོང་། ཁོང་ཚོར་ཆེས་ཐོག་མ་ཉིད་ནས་རོགས་སྐྱོར་དགོས་ཀྱི་ཡོད། ཁོང་ཚོའི་དམིགས་ཡུལ་དང་པོ་དེ་ནི་མི་བཅུ་ཨུ་ལཱན་བྷཱ་ཏར་ལ་བཏང་ནས་བླ་མའི་སྦྱོང་བརྡར་བྱ་རྒྱུ་དང་། སོག་སྐད་རྒྱག་མཁན་ཏུ་ཝན་གྱི་མི་རིགས་ཉི་ཤུ་ཙམ་གྱིས་འགྲོ་འདོད་ཡོད་ཅེས་བརྗོད་ཡོད། ཨེར་དེམ་བླ་མ་ (Erdem Lama) དང་ཀེ་ཇི་བྷི་ཆོས་ཕྱོགས་ལྷན་ཚོགས་ཀྱིས། ཁོང་ཚོས་རོགས་སྐྱོར་བྱེད་ངེས་རེད་ཅེས་བརྗོད་ཡོད་ནའང་། དོན་ངོ་མར་གང་ཡང་བྱུང་མེད། 

གཉིས་ཐད་ནས་གལ་ཏེ་གྲོང་ཁྱེར་གྱི་ལྷན་ཚོགས་ཀྱིས་ཁོང་ཚོར་གཡར་ཁང་ཞིག་སྤྲད་ན། ཁོང་ཚོས་ཨི་ཝོལ་གིནྶ་ཀི་ནས་བྷུརྱ་ཏིའི་བླ་མ་རྣམས་ལམ་སེང་གདན་དྲངས་ཏེ། ཁོང་ཚོའི་བླ་མ་རྣམས་སྦྱོང་བརྡར་མ་ཚར་གྱི་བར་དུ་ཇི་ལྟར་ཨེ་ལིསྟ་ལ་བྱས་པ་ནང་བཞིན་ཆོ་གའི་རིགས་བསྒྲུབ་འགོ་བཙུག་ངེས་རེད། འོན་ཀྱང་། ད་ལྟ་གྲོང་ཁྱེར་ལྷན་ཚོགས་ལ་གང་ཡང་མཁོ་སྤྲོད་བྱ་རྒྱུ་མེད་པ་དང་ནང་པ་ཚོ་ལ་ནི་དངུལ་མེད་པ་རེད། དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་གྱི་ཐོབ་ཐང་ནང་གི་གཅིག་ནི་ཁོང་ཚོར་ཁང་པ་རྒྱག་པར་གཞུང་ནས་ས་ཆ་ཐོབ་དབང་ཡོད་ནའང་། ད་བར་ཁོང་ཚོར་ཅི་གང་སྤྲད་མེད། མཐར་ས་ཆ་དེ་ཀི་ཛིལ་ནས་ནི་ཡེན་སེའི་ཆུ་བོའི་ཕ་རོལ་ཏུ་ཆགས་རྒྱུ་རེད། ཡིན་ནའང་། བ་ཀུ་ལ་རིན་པོ་ཆེས་ཨེ་ལིསྟ་ལ་གནང་བ་ལྟར། ཁོང་ཚོས་ས་ཆ་འདེམ་སྒྲུག་ཆེད་བླ་མ་ཆེན་པོ་ཞིག་ལ་ཞུ་དགོས་ཀྱི་ཡོད། ཐོག་མར་ཁོང་ཚོས་གནས་སྐབས་རིང་གི་ཁང་པའི་སྒྲོམ་གཞི་ཞིག་བཞེངས་ནས་དེ་ནས་གཏན་འཇགས་ཁུ་རེ་བཞེངས་ཀྱི་ཡོད། སོག་ཡུལ་དུ་བྱེད་སྲོལ་ལྟར་ངས་ཁོང་ཚོའི་གནས་སྐབས་རིང་གི་ཁང་པའི་སྒྲོམ་གཞིའི་ཆེད་དུ་གུར་ཁང་སྒོར་སྒོར་ཞིག་བཙུགས་ན་ཞེས་བསམ་ཚུལ་ཞུས་ཡིན། འོན་ཀྱང་། ཁོང་ཚོས་དེ་ལྟར་བྱ་རྒྱུ་ཡིན་མིན་ནི་ཐེ་ཚོམ་རེད། མི་མང་ཆེ་བ་ད་དུང་ཡང་གུར་ཁང་སྒོར་སྒོར་དེའི་ནང་གནས་སྡོད་བྱེད་པའི་སོག་ཡུལ་དང་མི་འདྲ་བར། ཏུ་ཝའི་ནང་ཐ་ན་གྲོང་གསེབ་ཀྱི་ནང་དུའང་དེ་ནི་གང་འཚམས་ཀྱི་དཀོན་པོ་རེད། ཁལ་མུག་བཻ་ཀལ་མཚོའི་ཕ་རོལ་ཏུ་ཕལ་ཆེར་གཅིག་ཀྱང་མེད་པ་རེད། 

ཏུ་ཝན་གྱི་མི་རིགས་ཚོས་ཏུ་ཝ་ལ་སྲོལ་རྒྱུན་གྱི་ལུགས་སུ་རྒྱུན་ལྡན་གྱི་ཁུ་རེ་བཞི་རྩ་འཛུགས་བྱེད་འཆར་འདུག དེ་དག་ནི་ཁང་པའི་བཟོ་བཀོད་སྒྱུ་རྩལ་གྱི་ཞིབ་ཕྲའི་འཆར་གཞི་སྔོན་ཚུད་ནས་རི་མོར་བཀོད་ཟིན་པ་རེད། འདི་ནི་ཀི་ཛིལ་གྱི་སྟེང་དུ་ཆ་དནྶ་ཀིའི་སྟོད་དེ་བསྐྱར་བཞེངས་བྱེད་ངེས་དང་། དེ་ནས་ཀི་ཛིལ་གྱི་ནུབ་ཕྱོགས་ཆ་དན་དུ་འགྲོ་ལམ་ཕྱེད་ཀ་ཙམ་གྱི་ཤ་གྷོ་ནར་ (Shagonar) གྱི་ཉེ་འགྲམ་ཨུ་ལུག་ཁེམ་ (Ulug-Khem) རྫོང་ནང་གི་ཧ་ཡི་ར་ཀན་ (Hayirakan) གྲོང་རྡལ། དེ་བཞིན་སོག་ཡུལ་གྱི་ས་མཚམས་དང་ཉེ་བའི་ལྷོ་ཕྱོགས་སམ་གྷལ་ཏའི་ (Samgaltai) བཅས་ཀྱི་ནང་གསར་པ་རྩ་འཛུགས་བྱེད་ངེས་རེད། དེ་ག་ནང་བཞིན་ཏུ་ཝའི་ཆར་གཏོགས་པ་ཐག་རིང་ནུབ་ཀྱི་ཕྱོགས་སུ་བཻ་ཏའི་གྷ་ (Baitaiga) ལ་སྡེ་ཁག་ཅིག་ཡོད་ནའང་། དེ་ནི་རྒྱུན་སྲོལ་གྱི་ཁུ་རེ་དེ་མིན། སྡེ་ཁག་གཞན་དེ་དག་གཅིག་གིས་ཀྱང་ད་བར་དུ་དེབ་སྐྱེལ་བྱས་མེད་པ་དང་། ཁོང་ཚོས་སུའུ་ལེན་སྤྱི་ཚོགས་རིང་ལུགས་ཀྱི་མི་སེར་རྒྱལ་ཁབ་མཐུན་ཚོགས་ (USSR) ཀྱི་ཆོས་ཕྱོགས་ཀྱི་ཁྲིམས་ལུགས་ནང་འགྱུར་ལྡོག་འགྲོ་རྒྱུར་སྒུག་བཞིན་ཡོད། དེ་ནི་གང་མྱུར་འབྱུང་རྒྱུ་ངེས་པ་རེད། 

ང་ལ་མཽསྐོ་ནས་ཡིན་པའི་ཁང་བཟོ་འཆར་འགོད་པ་ཞིག་ཐུག་སོང་། ཁོང་གི་མཚན་ལ་འབུམ་རམས་པ་ཧས྄་ལཝ་སྐཻ་ཡ་ (Dr. Haslavskaiya) ཟེར་ཞིང་། ཁོང་གིས་ཆ་དནྶ་ཀི་སྟོད་བསྐྱར་བཞེངས་ཆེད་འཆར་འགོད་རྣམས་རི་མོར་བཀོད་པ་རེད། འདི་ནི་རིག་གཞུང་ལྷན་ཁང་གིས་སྦྱིན་བདག་བྱས་ཡོད་ནའང་། ཁོང་ཚོའི་རྒྱབ་སྐྱོར་བྱས་ཐུབ་མེད་པ་ལྟར་སྣང་། ཁོང་གིས་ཡུལ་མི་ཚོ་ད་དུང་ཡང་ཁུ་རེ་བསྐྱར་བཞེངས་ཐད་ལ་སྐད་ཆ་ཤོད་རྒྱུར་ཧ་ཅང་འཇིགས་སྣང་བྱེད་ཀྱི་ཡོད་ཅེས་བཤད་ཀྱི་འདུག ཁོང་གིས་ད་དུང་ཤར་ཏུར་ཀིའི་དབུས་ཀྱི་ས་མཚམས་སུ་ཐིའན་ཤན་ (Tian Shan) རི་བོར་ཡོད་པའི་པྲ་ཛེ་ཝལ་སི་ཀའི་ (Przhevalsk) གྲོང་ཁྱེར་ཉེ་འཁྲིས་ཀྱི་ཀིར་གྷི་ཛི་ཡའི་ (Kirghizia) ནང་ཁུ་རེ་འདྲ་མཚུངས་ཀྱི་ཤུལ་མང་པོ་ཡོད་ཅེས་བརྗོད་ཀྱི་འདུག 

ས་ཁུལ་འདིའི་ནང་བོད་ཀྱི་དགོན་པ་ཡོད་པའི་གནས་ཚུལ་ངས་གོ་ཐོས་བྱུང་མ་སོང་། དེར་བརྟེན་འདིའི་སྐོར་དཔྱད་ཞིབ་བྱ་རྒྱུ་ནི་དོ་སྣང་བྱ་འོས་པ་ཞིག་རེད། འདི་ནི་ཇུན་གར་གྱི་ཐག་རིང་ལྷོ་ཕྱོགས་སུ་ཡོད་པ་སོང་ཙང་། དེ་ནི་ཨོ་རོད་ཚོས་བཞེངས་ཡོད་སྲིད་པ་རེད།

ངས་ཏུ་ཝའི་སྐད་ཡིག་དང་། རྩོམ་རིག ལོ་རྒྱུས་བཅས་ཀྱི་ཉམས་ཞིབ་སློབ་གཉེར་ཁང་དུ་མི་གྲངས་ཕལ་ཆེ་བཞི་བཅུ་ཙམ་ཞིག་ལ་ནང་ཆོས་ཀྱི་ལོ་རྒྱུས་དང་གཞི་རྩའི་རྣམ་གཞག་སྐོར་ལ་གཏམ་བཤད་བྱས་པ་ཡིན། དེང་གི་དུས་སུ་ས་ཁུལ་དེར་ནང་པའི་དགེ་བའི་བཤེས་གཉེན་ནམ་བླ་མ་སུ་གཅིག་ཀྱང་ཕེབས་མྱོང་མི་འདུག དེར་ཡོད་པའི་མི་རྣམས་ནི་ཧ་ཅང་སྤྲོ་སེམས་ཅན་རེད་འདུག །།

Top